|
༼གྲོགས་འཆམ་ར་བས་ཁ་འབོད་ཡང་ཡང་བྱས་པར་བརྟེན་སྔོན་ནས་བྲིས་པའི་རྩོམ་ཡིག་གཅིག་འདིར་འཇོག་པ་ཡིན།༽
འབའ་ཐང་ཞེས་པའི་མིང་འཇུག་སྟངས་ཐད་འབའ་ཐང་གི་ལོ་རྒྱུས་གསར་རྙིང་ཁག་ན་འཕགས་པ་མ་ འགག་པ་མི་ཡི་རྣམ་པར་རོལ་ནས་ས་དེ་གར་ཕེབས་སྐབས་སྲིད་པའི་ལྷ་ལུག་དཀར་པོས་འབལ་ཞེས་པའི་སྒྲ་སྒྲོག་པར་བརྟེན་འབལ་ཞེས་མིང་ཐོགས་པ་དང་།
ཕྱིས་སུ་འབའ་ཞེས་སྒྲ་ ཟུར་ཆགས་པ་ཡིན་ཚུལ་བཤད་འདུག ཡང་རྒྱ་ཡིག་ཐོག་ཡོད་པའི་འབའ་ཐང་གི་ལོ་རྒྱུས་ཁག་ན་སྔོན་ས་གནས་དེ་འབྲོག་པའི་ ས་ཆ་ཞིག་ཡིན་པ་དང་ས་གནས་དེར་འབྲོག་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡོད།
ཉིན་ཞིག་ཆུ་ལོག་གིས་འཇིགས་པ་བྱུང་ནས་འབྲོག་ལུག་རེ་རེ་བཞིན་འབའ་འབའ་ཞེས་ སྒྲོག་ནས་ཆུ་ནང་ཐིམ་སོང་པ་དང་།འབྲོག་པའི་ཕ་རྒན་གྱིས་རང་བུ་ཡི་མིང་ནས་ ཐང་(བུ་དེའི་མིང་ལ་ཐང་ཟེར་)ཞེས་ཡང་ཡང་བོས་པར་བརྟེན་འབའ་ཐང་ཞེས་པའི་མིང་ ཐོགས་རབས་བཤད་སྲོལ་འདུག
འབའ་ཐང་ཞེས་པའི་མིང་དེ་ལུག་གི་འབའ་སྒྲ་སྒྲོག་པའི་ཐང་ཡིན་པས་འབའ་ཐང་ཞེས་ ཐོགས་པར་བཤད་ན་ཡང་ཅུང་ཟད་འགྲིག་ཁག་སྟེ།ས་གནས་དེ་གའི་གནམ་གཤིས་ལ་བལྟས་ན་ལུག་འཚོ་སའི་གནས་གཏན་ནས་མིན།
གཡག་དང་ལུག་སོགས་འཚོ་སའི་གནས་དག་ནི་ངེས་པར་དུ་གནམ་ གཤིས་ཅུང་གྲང་སའི་ས་ཆ་ཡིན་དགོས།གལ་ཏེ་གཡག་དང་ལུག་སོགས་འབའ་མཐིལ་དུ་ཉིན་གྲངས་བཅུ་ཕྲག་འགའ་འཚོ་སྐྱོང་བྱས་ཚེ་ལམ་སེང་ཚད་པ་ཡིས་རྐྱེན་པས་ཤི་སྐྱོན་འགྲོ་བར་མིག་མཐོང་ལག་ཟིན་རེད།འོན་ཀྱང་བོད་་བོད་གངས་ཅན་པའི་ཡུལ་ལུང་གཞན་ལྟར་འབའ་ཐང་གི་ཡུལ་ལུང་འདི་ཡང་དང་པོ་འབྲོག་པ་ནས་རིམ་བཞིན་ཞིང་པ་ཆགས་པར་ཡིན་པའང་གདོན་མི་ཟ་བས་དང་ཐོག་ས་གནས་དེ་དག་ནི་འབྲོག་པ་ཞེ་གཅིག་གིས་ཁེངས་ཡོད་ངེས་རེད་ལ། དེ་དག་གི་འཚོ་སྐྱོང་བྱ་རྒྱུ་ཡང་ས་གཤིས་ཀྱི་བབ་ལ་བལྟས་ན་མཛོ་དང་མཛོ་མོ་ར་ སོགས་ཡིན་ངེས་རེད། དེས་ན་ལོ་རྒྱུས་ཁག་ན་འབའ་ཞེས་པ་དེ་གཡང་དཀར་ལུག་དང་སྲིད་པའི་ལྷ་ལུག་སོགས་ཀྱི་འབའ་སྒྲ་ཡིན་རབས་ཇི་ལྟར་གླེང་ན་ཡང་ས་གཤིས་ཀྱི་བབ་དང་ར་ཡིས་ཀྱང་འབའ་སྒྲ་སྒྲོག་ཤེས་པར་བརྟེན་འབའ་ཞེས་པའི་འབའ་སྒྲ་དེ་ར་ཡི་འབའ་སྒྲ་ཡིན་པར་ངེས།
བོད་ཀྱི་ལུགས་སྲོལ་ལ་གཡང་དཀར་ལུག་ཞེས་གཡང་ཆགས་པའི་རྟེན་དུ་བརྩི་བ་དང་དམིགས་བསལ་ཁ་མདོག་དཀར་པོ་ཡིན་པས་ཁ་དཀར་ཟེར་ནས་བཀྲིས་པའི་རྫས་སུ་བརྩི་བ་སོགས་དང་། ར་ནི་ཁ་དོག་ནག་པོ་དང་སྲོལ་རྒྱུན་གྱི་ཕྱག་ལེན་ནང་རྟེན་འབྲེལ་གྱི་རྫས་སུ་མི་ རུང་བ་སོགས་ལ་བརྟེན་ནས་འབའ་ཐང་གི་སྒྲ་བཤད་དུས་སྲིད་པའི་ལྷ་ལུག་གིས་་འབའ་ སྒྲ་སྒྲོག་ལུགས་སོགས་ལྷ་སྒྲུང་རིང་པོ་དེ་བཤད་པ་རེད་སྙམ།
འབའ་ ཐང་ཞེས་པའི་མིང་དེ་དྲུག་པ་ཚངས་དབྱངས་སྐབས་ནས་ཡོད་པར་ཚངས་དབྱངས་ཀྱི་རྣམ་ཐར་ ལས་ཀྱང་གསལ་ལ།མི་མང་པོ་ཞིག་གིས་འབའ་ཐང་ཞེས་གོ་དུས་ཐང་ཆེན་པོ་ཞིག་ཡོད་སྙམ་ཤར་པ་དང་དངོས་སུ་བསླེབས་དུས་དེ་འདྲའི་ཐང་ཆེན་པོ་མེད་པར་བརྟེན་ཐང་ཞེས་པའི་ དེ་དགོད་ཁ་སློང་མཁན་འདྲ་བྱུང་གི་ཡོད་ན་ཡང་། ཐང་ཟེར་བ་དེ་ལུང་པ་སོ་སོའི་བབ་ལ་ བལྟས་ནས་ངོས་འཛིན་དང་མིང་ཐོབ་དགོས་པ་ལས་ཐང་ཆེན་པོ་རྟ་ཡི་མིག་རྒྱང་ཆད་པ་ཞིག་ ཡིན་མི་དགོས།དཔེར་ན་འབའ་མཐིལ་དང་ཉེ་བའི་ནོར་བུ་ཐང་ཟེར་བ་ཞིག་ཡོད་ན་ཡང་དོན་ དངོས་ཐོག་ཞིང་ཁ་ཤས་གཤོངས་པའི་ས་ཆ་ཞིག་ལས་ཐང་ཆེན་པོ་དེ་འདྲ་གང་ཡང་མིན།
དེས་ ན་དེང་སང་འབའ་ཆོས་སྡེ་དགོན་པ་ཆགས་ས་དང་རྫོང་གྲོང་ཁྱེར་ཆགས་སའི་ས་ཆ་དེ་དག་ གནའ་དུས་སུ་མཛོ་དང་མཛོ་མོ་ར་སོགས་འཚོ་སྐྱོང་བྱ་སའི་ཐང་སྟོང་ཞིག་ཡིན་ངེས་ རེད། ར་ཁྱུ་ཡིས་འབའ་ཞེས་པའི་སྒྲ་མང་པོར་སྒྲོག་པར་བརྟེན་མིང་འབའ་ཐང་ཞེས་པའི་མིང་ དེ་ཐོགས་སྲིད་པ་ཡིན་ནོ།
སྔོན་དུས་རྒྱ་ནག་གི་ལོ་རྒྱུས་ནང་འབའ་ཐང་གི་མིང་ལ་巴安འབོད་པ་དང་དེའི་དོན་འབའ་ཞེས་པའི་སྒྲ་དེ་བོད་གདངས་སོ་བཞག་དང་།安ནི་བདེ་མོ་ཡི་དོན་ཡིན་པས་ཐང་ཞེས་པ་དེ་སྤངས་བདེ་མོ་ཞིག་གི་དོན་ཡིན་པའི་རྟགས་ རེད།ལྷག་པར་དུ་ཡོངས་གྲགས་སུ་འབའ་སྡེ་མངའ་རིས་ཞིང་ཁམས་ཞེས་གྲགས་པ་དེ་ཡང་མི་ མང་པོས་འབའ་སྡེ་བས་དབང་བསྒྱུར་བྱེད་པའི་སྐབས་ཀྱི་ཐ་སྙད་ཅིག་ལ་ངོས་འཛིན་གྱི་ དེང་སང་འབའ་སྡེ་ཞེས་ཡོངས་གྲགས་ལྟ་བུ་བྲིས་འདུག་ན་ཡང་། ཁོ་བོས་བསམ་ཚུལ་ལྟར་ན་འབའ་ཐང་ཞེས་པའི་མིང་བྱུང་དུས་ནས་འབའ་བདེ་ཞེས་པའི་མིང་དེ་བྱུང་ཚར་པ་འདོད།
གང་ཡིན་ཟེར་ན་ཐང་བདེ་མོ་ཡིན་པས་བདེ་ཞེས་བྲིས་དགོས་པ་འདྲ་ སྟེ་དེ་ལྟར་མིན་ན་རྒྱ་ཡིག་དང་རྒྱ་སྐད་བྱང་ཆུབ་པའི་མི་ཡིས་ཁེངས་པའི་ལུང་དེར་ དེརང་ཡུལ་གྱི་་མིང་ལ་རྒྱ་སྐད་ཐོག་ཐོགས་巴安ཐོགས་པར་དོན་མེད་ལ་མིང་དོན་བསྒྱུར་སྟངས་ནོར་ཡང་མི་སྲིད་དོ།
བརྗོད་གཞིའི་རིགས་བཀར་བ།:
|