ངའི་འཇིག་རྟེན། རྩོམ་པ་པོ། སྒོམ་སྐལ།
ངའི་འཇིག་རྟེན་ནི་ཚོར་སྣང་གི་འཇིག་རྟེན་ཏེ།
དགའ་སྐྱོ་རེས་མོས་དབྱངས་རྟ་རེ་ལ།
སྙན་ངག་ཐ་ཐོར་གྱི་རམ་འདེགས་སྒྲོན་ཏེ་ལྷད་མེད་དྭངས་གཙང་གི་སེམས་གཞས་ཆུང་ ཆུང་ཞིག་གླུ་རུ་བླངས།
ངའི་སེམས་གཞས་ཁྲ་མོ་ལ་སྙན་འཇེབ་ཀྱི་འགྱུར་ཁུགས་མེད་རུང་།
དུངས་ཞེན་གྱི་རང་མདངས་མངོན་ཡོད།
དུངས་ཞེན་གྱི་འཇིག་རྟེན་ནི་ངའི་འཇིག་རྟེན་ངོ་མ་བོ་སྟེ།
དུངས་ཞེན་གྱི་ཁ་ཕྱོགས་ནི་ཁ་བ་བོད་ཀྱི་ལས་དབང་ཡིན་ལ།
ལས་དབང་གི་འཁོར་བསྐྱོད་ཁྲོད་དུ།
གངས་དཀ ར་རི་བོ་ཆག་གྲུམ་ཤོར་ཞིང་གསེར་མདོག་ཉི་མ་ལྷོ་མཐར་བཞུད།
དེ་ནས་བཟུང། ངའི་འཇིག་རྟེན་ནི་མུན་ནག་གི་འཇིག་རྟེན་གཞན་ཞིག་ཏེ།
སྲིན་བྱ་སྟོང་གིས་ཧབ་ཆ་བསྒྲགས་ལ། ཤ་སྤྱང་ཁྲི་ཡིས་ངུ་ཟུག་ལྡང་།
དེ་ལས་གསོན་འདྲེ་འབུམ་གྱིས་མངོན་རྒྱུགས་བྱེད་ནས་ཁ་བའི་བླ་སྲོག་འཕྲོག་གྲབ་བྱེད།
ཨ་ཧུད། མ་ཡུམ་གངས་ལྗོངས་འཇིགས་སྣང་འཕེལ་ཏེ་དངངས་སྐྲག་སྟོང་གིས་དྲན་པ་རྒྱལ།
ཀྱེ་མ། གདོང་དམར་བུ་ཚ་གདུང་བས་བཟི་སྟེ་ངུ་ངག་འབུམ་གྱིས་རི་ལུང་ཁེངས་།
ད་དུང་། ན་ཟུག་ལྡང་བའི་འཁུན་སྒྲ་འདོན་དབང་མེད་ལ།
དྲན་པའི་ཆུ་ཐིགས་མིག་ནས་བཏོན་དབང་མེད།
གལ་ཏེ། འཁྲེང་བའི་སྨྲེ་ངག་ཁ་ནས་ཤོར་ཚེ་མནར་གཅོད་སྣ་ཚོགས་ལུས་ལ་འབབ།
མ་ཟད། གསོན་པོའི་ལུས་འདི་རྩེད་ཆས་བསྒྱུར་བཞིན་ཕྱི་མའི་གྲོང་དུ་རྒྱང་འཕུད་གཏོང་།
ངོ་མ་ཅི་འདྲའི་གདུག་རྩུབ་ཀྱི་འཇིག་རྟེན་ཏེ་མི་ཡུལ་གྱི་དམྱལ་བའོ།
དམྱལ་བའི་ལས་མཁན་འདི་ན་ཡོད་ལ། གསོན་རྗེ་སྡིག་རྒྱལ་འདི་ན་ཡོད།
གནས་འདིར་ཁྲིམས་གཅོད་རྣམ་གྲངས་དམྱལ་བའི་གྲོང་ལས་བརྒྱ་འགྱུར་མང་ལ།
གནས་འདིར་དམར་ཤོག་སྐྱོང་མཁན་ནགས་ཕྱོགས་བདུད་ལས་ལྡབ་གྲངས་ལགས།
བསམ་ན་སྙིང་གི་གོང་བུ་ཕྱེ་མར་ཤག་ལ། དྲན་ན་མིག་ཆུའི་མཚོ་མོས་རི་ཀླུང་འགེམ།
ང་ཡི་འཇིག་རྟེན་ནི་ཞེ་འཁོན་གྱི་འཇིག་རྟེན་ཏེ།
ཞེ་འཁོན་གྱི་སྨྱུག་སོ་རེ་རེས
དགྲ་བོ་ཡི་གདོན་གཟུགས་བྲིས་ཏེ་སྙིང་སྲུབ་ཀྱི་མཐུ་རྭར་སྦས་ནས་ཐར་མེད་ཀྱི་ངན་སྔགས་བཟླས་ཡོད།
མ་ཟད། ཞེ་འཁོན་གྱི་སྡང་མིག་རེ་ལ་དགྲ་བོ་ཡི་ཤ་ཚུགས་དོད་ཡོད།
སྐབས་རེ། ཞེ་འཁོན་འཇགས་པའི་ཐབས་ལམ་བཙལ་ཞིང་ལྷིང་འཇགས་འཚོ་བའི་བདེ་བ་རོལ་དུས།
ལན་རེ། ཡབ་མེས་ཀྱི་རིག་གཞུང་རིན་ཐང་རྟོགས་ཤིང་ཞི་བདེ་ཡི་འབྱུང་ཁུངས་དམ་ཆོས་ཡིན་པར་ཤེས།
དེར་བརྟེན་ངའི་འཇིག་རྟེན་ལ་འགྱུར་བ་སོང་ཤིང་། ངའི་བློ་ཁ་ལ་སེམས་ངོ་བྱུང་།
སེམས་ཅན་ཐམས་ཅད་ཕ་མ་ཡིན་པའི་ཡིད་ཆེས་རྙེད་ལ་འགྲོ་བ་རིགས་དྲུག་འཁྲུལ་བ་ཡིན་པ་ ཐག་ཆོད་བྱུང་།
དེས་ན། ཡོད་ཚད་འཇའ་མཚོན་ལྟར་ཡལ་ཟིན་དུས།
ངས་གཞི་ནས་ངའི་འཇིག་རྟེན་ད་དུང་མཐོང་མེད་པར་ཤེས་སོང་།
|
|||||||
| -

