འཛམ་གླིང་དམག་ཆེན་དང་པོའི་སྐབས་ནས་བཟུང་ལོ་རྒྱུས་སྟེང་རང་བཙན་རྩོད་མཁན་གྱི་རྒྱལ་ཁབ་མང་པོ་བྱུང་ཡོད་ལ་ད་དུང་དམངས་གཙོའི་ཐོབ་ཐང་དང་ཆབ་འབང་ཐོབ་ཐང༌། འགྲོ་བ་མིའི་ཐོབ་ཐང་སོགས་བརྩོན་ལེན་བྱེད་མཁན་མང་པོ་བྱུང་ཡོད། ལྷག་པར་དུ་ང་ཚོ་དང་འབྲེལ་འདྲིས་ཆེས་ཟབ་ཡོད་པའི་རྒྱ་གར་མི་རིགས་ལྟ་བུ་རང་བཙན་གྱི་ཆེད་དུ་མི་སེར་ཁྲི་ཕྲག་མང་པོ་ལྔ་ལམ་དུ་བརྫངས་མྱོང་མཁན་ཡང་མང་པོ་ཡོད་པ་རེད།
ང་ཚོས་འདས་བའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་གཞན་གྱི་ས་སྡེ་ཞིག་ནས་མར་མེ་ཁྲོམ་སྐོར་དང་སྐད་འབོད་ཐན་ཐུན་གྱིས་ཉི་མ་གཏོང་ཐུབ་བྱས་བ་རེད། བོད་དོན་ལ་ཤ་ཞེན་ཡོད་མཁན་ཚོ་དང་རིག་གནས་ཆེད་མཁས་བ་ཚོར་སྤྱི་ཚོགས་ཁྲོད་དུ་བོད་གཞུང་དང་ལངས་ཕྱོགས་ལ་བློ་དཀར་སེམས་དྲང་མིན་པའི་འགྲེལ་བཤད་རྒྱག་ཅི་ཐུབ་བྱས་ཏེ་སྐུ་དྲག་གི་བཙན་རྫོང་ནས་མཐར་སྐྲོད་བཏང་ཡོད། སྤྱི་ཚོགས་དང་ཆབ་སྲིད་ཀྱི་སྟེགས་བུར་འགྱིངས་བའི་བོད་ཀྱི་ཁྲི་འཕང་ལ་དགའ་བ་ཚོས་ཆོས་བཤད་ས་ནས་ཆབ་སྲིད་དང་དམངས་སྲོལ་བཤད་ས་ནས་ཆོས་ཀྱི་ལྟ་གྲུབ་གསུངས་ཀྱི་ཡོད་ལ།བོད་ཀྱི་སྤྱི་ཚོགས་ལ་མཁོ་བའི་རིག་གཞུང་དང་དམངས་སྲོལ་རིག་པ། དམག་དོན་དང་དཔལ་འབྱོར་རིག་པ། ཚོང་ལས་རིག་པ་དང༌། ཆབ་སྲིད་རིག་པ། འཕྲོད་རྟེན་དང༌། ལག་ཤེས་བཟོ་རྩལ་སོགས་བོད་དོན་འཐབ་རྩོད་ཀྱི་རྨང་གཞུའི་ལས་དོན་ཐད་ལ་དོ་སྣང་དང་བཀོད་སྒྲིགས་གང་ཡང་མེད་ལ་འདི་ལྟར་ལོ་ངོ་སུམ་ཅུ་ལྷག་འགོར་ཚེ་བོད་པའི་འཐབ་རྩོད་ནི་རྨང་ནས་འཇིག་ཚར་བ་རེད། གལ་སྲིད་ང་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཞིག་སྤེལ་དགོས་ན་མ་གཞི་བོད་ཀྱི་སློབ་གྲྭ་ཁག་དང་སློབ་གསོའི་འཁོར་ཡུག་རྒྱ་ཆེ་རུ་གཏོང་རྒྱུ་དང་བོད་ཀྱི་དབུ་ཁྲིད་ཚོ་ནས་འགོ་བརྩམས་ཏེ་བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲ་བརྟན་གྱི་ལས་འགུལ་སྤེལ་རྒྱུ་དང༌། བོད་ནང་གི་མི་མང་ཚོའི་བསམ་བློ་ཡར་རྒྱས་གཏོང་ཕྱོགས་ལ་ལས་འགུལ་ཤུགས་ཆེན་སྤེལ་དགོས་བ་རེད། ད་དུང་རྡ་སྟེང་སློབ་གྲྭ་ལྟ་བུའི་བོད་ཀྱི་རིག་གནས་དང་སྐད་ཡིག་ལ་དོ་སྣང་མེད་པའི་སློབ་གྲྭ་ཁག་ལས་ལོ་གཅུ་གཉིས་ཀྱི་འཛིན་རིམ་ཐོན་ཡང་ཐ་ན་བོད་ཡིག་ཐོག་འཕྲིན་ཡིག་ཙམ་ཡང་འབྲི་མི་ཐུབ་པ་དངོས་མཐོང་ཡིན་ལ་འདི་ལྟར་མུ་མཐུད་དུ་བསྐྱུར་ཚེ་ང་ཚོའི་འཐབ་རྩོད་ནི་ཚིག་སྐམ་ཙམ་ལས་འཆར་གཞི་དང་རྨང་གཞི་གང་ཡང་མེད་པའི་ལས་དོན་ཞིག་རེད། དེ་བས་བོད་ཀྱི་མ་འོང་བའི་མི་རབས་དང་བོད་དོན་ལས་འགུལ་དོན་ལྡན་ཞིག་སྤེལ་དགོས་ན། བོད་ཀྱི་རིག་གནས་དང་སྐད་ཡིག་ཆེད་སྦྱོང་བྱེད་སའི་འཁོར་ཡུག་ཅིག་བསྐྲུན་དགོས་རྒྱུ་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཟུང་འབྲེལ་བྱེད་ཐབས་ཀྱི་ལས་འགུལ་སྤེལ་དགོས། དེ་ནི་མི་སྒེར་བ་དང་ཚོགས་པ་ཆུང་ཆུང་ཙམ་གྱིས་ནུས་པ་ལ་བརྟེན་ནས་ཡོང་ཐབས་མེད་པ་ཞིག་ཡིན་པས། བོད་གཞུང་དབུ་ཁྲིད་ཚོས་ངེས་པར་རྒྱབ་སྐྱོར་དང་ཞིབ་འཇུག་གནང་དགོས། ཞིབ་ཏུ་བསམས་ན་བོད་དོན་འཐབ་རྩོད་ནི་རང་བཙན་དང་དབུ་མའི་ལམ་གྱི་སྐད་ཆ་གཅིག་པུ་མ་ཡིན་པར་གོང་གསལ་གྱི་གནད་དོན་ཁག་ལ་བསྐྱར་ཞིབ་བྱས་ཏེ་རིག་གནས་དང་ལག་ཤེས་སོགས་རྨང་གཞིའི་ལས་དོན་སྣ་ཚོགས་ཤིག་རྩོམ་དགོས་བའི་དུས་ལ་སླེབས་ཡོད།
|
|||||||

