འཁོར་བ་དུག་གི་རྒྱ་མཚོ་གྱེར་བཞིན་དུ།། འཁོར་བའི་ཕུན་ཚོགས་སེམས་ཀྱི་གཏད་སོ་བྱས།། ཁ་བཤད་ལག་ལེན་བྱེས་པའི་ཧྲག་བར་ན།། གསེར་སྐུར་ཟངས་མདོག་དམར་པོ་དབང་མེད་ཤོར།། ཁྲག་དང་རྔུལ་ཆུས་བསྐྲུན་པའི་བདོག་པ་རྣམས།། ཁ་བཏགས་གླུ་དབྱངས་སྙན་པོས་རྔམས་འཐུང་བྱས།། གངས་རི་ཕ་རོལ་འདབས་ཀྱི་བྱེི་ཐང་སྟེང༌། ཤ་འོད་མིག་ཡོད་ཀུན་ལ་ངོམས་སོ་བྱས།། གཏམ་དང་བྱ་བ་ཅི་འདྲ་བརྩམས་ཀྱང་རུང༌། གཞན་མགོ་རྐང་འོག་གནོན་པའི་བྱ་ཐབས་ཉིད།། བསམ་དང་གཞིགས་པ་ཅི་འདྲ་སྤྱད་ཀྱང་རུང༌།། རྒྱལ་ཁ་རང་ལ་བདག་པའི་རྨི་ལམ་ཉིད།། རླུང་བུའི་ཆོ་འཕྲུལ་རྒོད་པོ་འཁྲབ་སྟངས་ལས།། གངས་དཀར་ཕྲག་པ་ལན་གཅིག་གདན་དུ་བསྟིམས།། དྲི་མེད་གངས་སེང་དཀར་མོའི་གཟུགས་རྫུས་ནས།། ཉམ་ཆུང་རི་དྭགས་ཡོད་ཚད་མཐར་སྤྲོད་བཏང༌།། དྲག་ཆས་གོ་ཚོན་འཕེན་པའི་དམག་འཐབ་ཁྲོད།། ཤི་རྫུན་ནད་རྫུན་བཏབ་ཏེ་འཇུག་སྐྱེལ་ཀྱང༌།། མེ་ཏོག་ཁྲ་ཆིལ་བཞད་པའི་སྤང་ལྗོངས་སྟེང༌།། ལྔ་བསད་བཅུ་སྒྲིལ་བྱས་པའི་དཔའ་གཏམ་བསྒྲགས།། རིན་ཆེན་གཡུ་ལོས་བཀོད་པའི་ཞིང་ཁམས་སུ།། མཐེ་བོང་ཉིན་མཚན་སྒྲེང་པའི་ངལ་བ་ཡིས།། རིན་ཆེན་རྐྱལ་གང་བསགས་པའི་སྒྱེལ་མོ་དེ།། རང་གི་ཕྱི་རྟིང་བཏེགས་པའི་ཐེམ་པ་བྱས།། དབང་དང་རྒྱུ་ནོར་ཅན་གྱི་མི་བུ་དག། ཁྱེད་ཀྱི་མཇམ་པོས་མིག་གིས་ས་བལྟས་ས་ཡིན།། དབུལ་ཞིང་ཉམ་ཐག་མགོན་མེད་སྐྱབས་མེད་རྣམས།། ཁྱེད་ཀྱི་མཆི་མའི་མདའ་མོ་འཕེན་ས་ཡིན།། གསེར་གྱི་ཤེལ་སྒྲོམ་གཅོག་པའི་བྱསས་ཉེས་ཀྱི།། རྡོ་རྗེ་སྡིག་འཛུབ་མགོ་བོ་ཐོག་ཏུ་ལྷུང༌།། ཆུ་ཕྲན་ལ་ལ་འཐེན་པའི་ཧམ་སེམས་ཀྱིས།། ལོ་ཟླ་ལྕགས་ཀྱིས་སྦྲེལ་པའི་སྐྱོ་གར་ཉོས།། མིག་དང་རྣ་བས་བརྟག་ཐབས་གང་སྤྱད་ཀྱང༌།། སོལ་བ་ལྡུམ་རོ་ཞིག་གི་ཞིག་རོ་རང༌།། ལག་པས་སོལ་བ་ཇི་ཙམ་སེལ་ན་ཡང༌།། ཐམས་ཅད་མཐོང་མི་འདོད་པའི་གཤེར་ཁུ་ཉིད།།
|
|||||||
| -

