ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར།

ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག་གི་མཚམས་སྦྱོར། དེ་སྔ་ང་འབྲས་སྤུངས་སུ་ཡོད་སྐབས་ལྷ་ས་འཕྲུལ་སྣང་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལར་བོན་གྱི་སྐུ་བརྙན་དང་གསུང་རབ་ཉར་ཚགས་བྱས་ཡོད་པའི་གོ་ཐོས་ཙམ་ལས་དངོས་སུ་མཐོང་མ་བྱུང་། འོན་ཀྱང་སྤྱི་ལོ་༡༩༩༦ལོར་ང་པོ་ཏ་ལར་གནས་མཇལ་དུ་ཕྱིན་སྐབས་དེ་གར་བོད་ཀྱི་་རིག་གཞུང་འགྲེམ་སྟོན་ཞིག་བཤམས་འདུག དེའི་ནང་བོན་གྱི་དཔེ་རྙིང་གསེར་བྲིས་མ་པོ་ཏི་གསུམ་ཡོད་པ་དང་པོ་ཏི་གཅིག་གི་ཁ་ཤོག་གསེར་བྲིས་མ་དེ་སྒོ་ཕྱེད་ནས་སྟོན་འདུག༏ དེའི་ངོས་ལ་ཡིག་འཕྲེང་གསུམ་ཡོད་པ་འདི་ལྟར་འདུག། ༼གཏོ་གཤེན་འབྲང་སྐུ་ལ་ཕྱག་འཚལ་ལོ། བོན་འཕྲུལ་ངག་བདེན་པ་འདི་ནི། སྙིང་ཏིག་གཏོ་སྐྱ་སིལ་མ་ཞེས་བྱ་བ། སྲིད་པ་ཡབ་ལྷ་གདལ་དྲུག་གི། ལྷ་མཁར་སྲིད་མཁར་ཕྱ་མཁར་གསུམ་ཡོ་བ་བཅོས་པའི་གཏོར་སྐུ་ལ་འཚལ་ལོ། ཡབ་ལྷ་གདལ་དྲུག་གི་ཚངས་་་་་་་༽བོན་དཔེ་གསེར་བྲིས་མ་འདི་ཚོ་གངས་ལྗོངས་གནས་མཆོག་ཕོ་བྲང་པོ་ཏ་ལ་ཞེས་པའི་དེབ་ཀྲུང་གོ་ཡུལ་སྐོར་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༦ ལོར་དཔར་སྐྲུན་བྱས་པའི་ལྡེབ་༡༧༥ ལ་གསལ། ད་ལམ་འདིར་པོ་ཏ་ལར་བཞུགས་པའི་བོན་དཔེ་རྙིང་པའི་དཀར་ཆག་བསྒྲིགས་པ་མཐོང་ཐུབ་པ་ནི་བོད་ཀྱི་རིག་གཞུང་གི་རྩ་བ་གང་ལ་ཐུག་ཡོད་པ་ཤེས་ཆེད་ལ་ཧ་ཅང་གི་གནད་འགག་ཆེན་པོ་རེད༏ དེར་བརྟེན་བོན་གྱི་གཞུང་དུ་འབྱུང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་འདུ་ཤེས་དཔེར་ན་དགྲ་ཆོས་དང་ཞལ་བསྒྱུར། ཁྲམ་དང་མདོས། བླ་བསླུ། སེལ་གྱི་གཏོ་དང་གླུད་ཀྱི་གཏོ། ཀླུ་བཅོས་དང་གཉན་བཅོས། ཕྱ་གཡང་དང་ཚེ་སྒྲུབ་ཀྱི་གཏོ། ཚེ་དབང་བོད་ཡུལ་མའི་ཆ་ལག་གཅིག། བོན་སྒོ་གསལ་བྱེད་དང་ཞང་ཞུང་སྙན་བརྒྱུད་ཀྱི་བོན་སྐོར་ལྟ་བུས་མཚོན་བོན་དཔེ་བརྒྱ་དང་ལྔའི་མཚན་དང་དེ་དག་གི་ཤོག་གྲངས་ཡིག་འཕྲེང་པར་གཞི་དང་ཆ་ཚང་མིན་དང་རལ་སྐྱོན་བཅས་ཕྲ་ཞིང་ཕྲ་བའི་སྒོ་ནས་འགྲེལ་བཤད་གནང་འདུག༏ འདི་དག་ནི་མ་འོངས་པར་བོད་རིག་པའི་ཞིབ་འཇུག་ལ་འཁོ་བའི་རྒྱུ་རྐྱེན་ཡང་དག་པ་ཞིག་ཡིན་པར་མ་ཟད་བོད་རང་གི་མནའ་བོའི་ཤེས་རིག་ནི་རྒྱ་དཀར་ནག་ལས་བྱུང་བ་མ་ཡིན་པར་བོད་རང་དུ་ས་སྐྱེས་རྡོ་སྐྱེས་ལྟ་བུ་ཡིན་པ་བོན་གཞུང་རྙིང་པ་ཁོ་ན་ལས་ཤེས་ནུས་པ་ཡིན། ཡ་མཚན་པ་ཞིག་ལ་གོང་སྨོས་བོན་དཔེ་པོ་ཏི་གསེར་བྲིས་ཅན་དེ་ཚོ་དཀར་ཆག་འདིའི་ནང་དུ་འཁོད་མི་འདུག། དཀར་ཆག་འདི་ད་དུང་དཔར་སྐྲུན་བྱས་མི་འདུག ཕོ་བྲང་ཆེན་པོ་རྩེ་པོ་ཏ་ལར་ཉར་བའི་བོན་དཔེ་རྙིང་པའི་དཀར་ཆག དཀར་ཆགས་རྣམས་འོག་ངོས་སུ་གསལ་ཡང་PDF བཟོས་འདུག་བཀོད་ཐུབ་ཀྱི་མི་འདུག གལ་ཏེ་གཟིགས་དགོས་ན་དྲ་ངོས་འདིའི་ནང་ཆ་ཚང་གསལ་འདུག http://www.himalayabon.com/article/book/books/20121222922.html
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "འབོ་ར་དགོན་པའི་དགེ་འདུན་པ་ལྔ་འཛིན་བཟུང་བྱས་ཡོད་འདུག "



བརྗོད་གཞི་གཞན་ཁག་ལ་གཟིགས།