ག་བར་སོང་ན་གྲི་རྐྱང་རྐྱང་འཛུགས་ནས་འགྲོ་བསྡད་རྒྱུ་དེ་ལན་ལོང་ཤོར་བ་ཡིན་རྒྱུ་རེད།་བོད་ནས་ཁྱིམ་འཚེས་ཤིག་ལ་གྲི་བཙུགས་ཏེ་བསད་ནས་བྲོས་ཡོང་བ་རེད་ཟེར་།

དར་རྒྱས་ལགས་ད་ལྟ་ས་གནས་ཀཱ་ཅཱ་རཱེ་བཙོན་ཁང་དུ་བཀག་བསྐྱིལ་བྱས་འདུག དེ་རིང་གསར་འགོད་པ་ཆེད་དུ་ངྷ་སའི་ཉེ་འདབས་སུ་ཡོད་པའི་རྫོང་བཙོན་ཁང་ (District Jail, Dharamsala) དུ་ཕྱིན་ཏེ། དར་རྒྱས་དང་ཐུག་འཕྲད་ཀྱིས་ཉེ་ཆར་ངྷ་ས་བདེ་སྲུང་ཡན་ལག་ལས་ཁུངས་མདུན་དུ་རྒྱ་གར་ཉེན་རྟོག་པར་གྲི་བརྒྱབ་པ་དང་། དེ་རྗེས་ཁོས་རང་ཉིད་ལ་གྲི་བཙུགས་པའི་དོན་རྐྱེན་སྐོར་ལ་རྒྱུས་ལོན་བྱས་ཡོད། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་ངྷ་སའི་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་མདུན་དུ་རང་ལོ་ ༣༢ ཡིན་པའི་བོད་མི་དར་རྒྱས་ཞུ་བ་ཞིག་གིས། རྒྱ་གར་ཉེན་རྟོག་པ་རཱ་ཇེན་ཌར་ཀཱུ་མར་ (Rajender Kumar) ཞེས་པ་ཞིག་ལ་གྲིས་བསྣུན་ཡོད་པ་དང་། དེའི་རྗེས་ཁོ་རང་ཉིད་ལའང་གྲི་ཐེངས་ ༩ ཙམ་བཙུགས་ཏེ་ཕྱོགས་གཉིས་ཀར་རྨས་ཕོག་རྗེས་ཀཱང་རཱ་སྨན་ཁང་དུ་ཁྲིད་དེ་མྱུར་སྐྱོབ་བྱས་ཡོད་ཅིང་། ཉེན་རྟོག་པར་གྲི་གཅིག་ལས་བརྒྱབ་མེད་སྟབས་དེ་ཙམ་རྨས་སྐྱོན་ཚབས་ཆེན་ཆགས་མེད་ཀྱང་། དར་རྒྱས་འཕྲལ་དུ་མྱུར་སྐྱོབ་གཤག་བཅོས་བྱས་རྗེས་ད་ཆར་ཁོང་གི་རྨས་སྐྱོན་དྲག་སྐྱེད་བྱུང་སྟེ་ཀཱ་ཅཱ་རཱེ་རྫོང་བཙོན་ཁང་དུ་བཅུགས་ཡོད་འདུག གསར་འགོད་པ་བཙོན་ཁང་དུ་ཕྱིན་ཏེ་ཁོང་ལ་ཉིན་དེའི་དོན་རྐྱེན་དེ་རྒྱུ་རྐྱེན་གང་འདྲ་ཞིག་གི་ཁྲོད་བྱུང་ཡོད་མེད་དྲིས་པར། ཁོས་ཐོག་མར་བོད་པའི་ཕོ་གསར་ཞིག་དང་འཁྲུག་རྩོད་ཏོག་ཙམ་ཤོར་ཡོད་པ་དང་། དེ་ནས་ཁོའི་སེམས་པར་ཕོ་གསར་དེ་བདེ་སྲུང་ཡན་ལག་ལས་ཁུངས་ནང་འཛུལ་སོང་བསམ་པ་ཞིག་སྐྱེས་པར་བརྟེན་ནང་དུ་ཕྱིན་ཏེ་སྐད་བརྒྱབ་པ་དང་རྡོ་གཞུས་པའི་གནས་ཚུལ་བྱུང་ཡོད་སྐོར་ལས། བདེ་སྲུང་ལས་ཁུངས་ལ་འཁོན་སེམས་ཡོད་པ་དེ་འདྲ་གང་ཡང་མིན་ཚུལ་སྐོར་བརྗོད་བྱུང་། གནས་བབ་གང་འདྲ་ཞིག་གི་འོག་རྒྱ་གར་ཉེན་རྟོག་པ་དེར་གྲི་བརྒྱབ་པ་ཡིན་སྐོར་དྲིས་པར། ཁོས་གཅིག་ནས་རང་ཉིད་ཁོང་ཁྲོའི་དབང་དུ་ཚུད་ཡོད་པ་དང་། གཉིས་ནས་ཉེན་རྟོག་པ་དེས་དམག་ཆས་གྱོན་མེད་པས་ཉེན་རྟོག་པ་ཞིག་ཡིན་མིན་ཤེས་མེད་པ་དང་། ཁོས་རྒྱ་གར་སྐད་ཀྱི་ཐོག་ནས་གཤེ་གཤེ་གཏོང་པ་དང་ཉེན་རྟོག་པར་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་པའི་སྐབས་སུ་གྲིས་རྒྱག་ཉེས་ཤོར་པའི་གནས་ཚུལ་བྱུང་ཡོད་ཚུལ་བརྗོད་བྱུང་། ཡང་སོ་སོར་རང་ཉིད་ལ་གྲི་ག་རེ་བྱས་ནས་བཙུགས་ཡོད་མེད་དྲིས་སྐབས་ཁོས་། “འདི་རེད་ཟེར་རྒྱུ་ཞིག་མིན་འདུག གཞན་ལ་གྲི་བཙུགས་སྟབས། གནོང་འགྱོད་དང་ཁོང་ཁྲོ། སོ་སོ་རང་ཉིད་ཐོག་ལ་ཁོང་ཁྲོ་ལངས་པ་སོགས་ཀྱི་གནས་བབ་འོག་སོ་སོར་གྲི་བཙུགས་འདུག སྐབས་དེའི་སེམས་ཚོར་ངོ་མ་ཞིག་ངས་ད་ལྟ་འགྲེལ་བཤད་རྒྱག་ཐུབ་ཀྱི་མི་འདུག” ཟེར་ལ། སྐབས་དེར་ཟུར་གཡས་གཡོན་དུ་མི་མང་པོ་ཞིག་ཡོད་པ་ཙམ་ཤེས་ཀྱི་ཡོད་པ་ལས་ཁོ་ཚོས་ག་རེ་བཤད་ཀྱི་ཡོད་མེད་དང་། རྒྱ་གར་ཡུལ་མི་ཚོས་རྡོ་དང་དབྱུག་པ་ཁྱེར་ཏེ་རྡུང་རྡེག་གཏོང་གི་ཡོང་ཡོད་པ་དེ་འདྲ་གང་ཡང་ཤེས་ཚོར་མེད་སྐོར་དང་། བོད་པའི་བུ་མོ་ཞིག་ཁོ་རང་གི་ཉེ་སར་བཅར་བཞིན་སེམས་གསོ་དང་གྲི་ཁོང་ལ་སྤྲོད་ཅེས་ཞུ་བ་བྱས་མཐར། གྲི་ཁོ་མོའི་ལག་ཏུ་ཕར་བཞག་པ་གསལ་བོ་དྲན་གྱི་ཡོད་སྐོར་དང་། སྐབས་དེར་རྨས་སྐྱོན་གྱི་དབང་གིས་ཡིན་ནམ་གང་ལྟར། དྲན་ཤེས་གསལ་བོ་མེད་པ་མ་ཟད་ན་ཟུག་ཡོད་པའི་ཚོར་སྣང་ཡང་གསལ་བོ་ཞིག་མེད་ཚུལ་བརྗོད་བྱུང་། ངྷ་ས་ས་གནས་མགོན་འཛིན་བསོན་ནམས་རྡོ་རྗེ་ལགས་ཀྱིས་གནས་ཚུལ་དེའི་བྱུང་རིམ་ངོ་སྤྲོད་བྱས་པ་ལྟར་ན། ཉེན་རྟོག་པ་རཱ་ཇེན་ཌར་ཀཱུ་མར་ཉིན་དེར་ཉེན་རྟོག་པའི་ལྭ་བ་མ་གྱོན་པར་དེའི་ཉེ་འདབས་ཀྱི་རྒྱ་གར་བའི་གཉེན་སྟོན་ཞིག་ཏུ་ཡོང་ཡོད་པར། བདེ་སྲུང་ཡན་ལག་ལས་ཁུངས་མདུན་དུ་རྙོག་གྲ་འབྱུང་བཞིན་ཡོད་པ་ཤེས་འཕྲལ་དེ་གར་ཡོང་སྟེ་གནས་ཚུལ་དེ་བྱུང་ཡོད་པ་དང་། དེ་མ་ཐག་ཉེ་འཁོར་གྱི་རྒྱ་གར་བ་ཚོས་ལག་ཏུ་རྡོ་དང་དབྱུག་པ་བཟུང་སྟེ་དར་རྒྱས་ལ་ཉེས་རྡུང་གཏོང་རྩིས་བྱས་པར། དར་རྒྱས་བདེ་སྲུང་ཡན་ལག་ལས་ཁུངས་ཀྱི་ཁང་སྟེང་དུ་འཛེགས་ཏེ་སོ་སོའི་ལུས་ལ་གྲི་བཙུགས་ཡོད་པ་དང་། སྐབས་དེར་བུ་མོ་ཞིག་གིས་མིག་ཆུ་གཏོང་བཞིན་རྒྱ་གར་བ་ཚོར་ཞུ་བ་འཐེན་ཏེ་འགོག་ཐབས་དང་། དར་རྒྱས་ལ་སེམས་གསོ་བྱས་མཐར་ལག་པ་ནས་གྲི་ལེན་ཐུབ་པ་བྱུང་ཡོད་འདུག་ལ། དོན་རྐྱེན་བྱུང་ཡུལ་དུ་ཡོད་པའི་བོད་པ་ཁག་ཅིག་གིས་བརྗོད་པ་ལྟར་ན་དར་རྒྱས་ཀྱི་རྒྱུ་མ་ཕྱི་རུ་ཐོན་ཡོད་པ་མཐོང་འདུག དར་རྒྱས་ལགས་སུ་ད་ཆར་གཟུགས་པོའི་གནས་སྟངས་དང་བཙོན་ཁང་གི་གནས་སྟངས་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས་རང་ཉིད་ཀྱི་གཟུགས་པོའི་གནང་སྟངས་ཡག་ཏུ་ཕྱིན་ཡོད་ཚུལ་དང་། བཙོན་ཁང་ནང་དམིགས་དཀའ་ངལ་ཆེན་པོ་མེད་སྐོར་དང་སྦྲགས། ནམ་རྒྱུན་རྒྱ་གར་བར་མ་དགའ་བ་དེ་འདྲ་མེད་སྐོར། རང་ཉིད་ཀྱིས་བཟོས་པའི་ནོར་འཆུག་ཐད་བོད་མི་ཚོར་དགོངས་དག་ཞུ་བཞིན་ཡོད་ལ། སྔོན་མ་རང་ཉིད་སློབ་སྦྱོང་ཡོད་མཁན་ཞིག་མིན་ཡང་སློབ་སྦྱོང་བྱ་རྒྱུའི་འདུན་པ་ཆེན་པོ་ཡོད་པ་མ་ཟད། རྗེས་ཕྱོགས་བོད་པའི་སྤྱི་ཚོགས་ནང་ལས་ཀ་བྱ་འདོད་ཆེན་པོ་ཡོད་སྐོར་བརྗོད་དེ། རྒྱ་གར་ནང་རང་ཉིད་ལ་ཕ་མ་སྤུན་མཆེད་སུ་ཡང་མེད་སྟབས། ཐེངས་འདིའི་དོན་རྐྱེན་དང་ཁྲིམས་བཤེར་སོགས་ཀྱི་ཐད་བོད་གཞུང་དང་བོད་མི་ཚོས་རོགས་རམ་ཞིག་གནང་སྐྱོང་ཡོང་པའི་རེ་སྐུལ་ཞུས་སོང་། ཟླ་འདིའི་ཕྱི་ཚེས་ ༡༨ ནས་ཁོང་ཁྲིམས་ཁང་ལ་རྩིས་སྤྲོད་ཀྱིས་ཉེས་དོན་ཞིབ་བཤེར་བྱ་རྒྱུ་ཡིན་འདུག་ལ། སྐབས་དེར་ཁོང་སྒེར་གྱི་ངོས་ནས་ཁྲིམས་རྩོད་པ་བཙལ་ཏེ་ཉེས་དོན་ཐག་གཅོད་དྲང་སྙོམས་ཡོང་ཐབས་བྱ་ཆོག་གི་ཡོད་འདུག་ལ། བདེ་སྲུང་དྲུང་ཆེ་ལགས་ཀྱིས་བརྗོད་པ་ལྟར་ན། དར་རྒྱས་ཀྱི་ཉེས་དོན་ཐད་གཞན་ལ་གྲི་བརྒྱབ་ཏེ་གསོད་རྩིས་བྱས་པ་དང་སོ་སོ་རང་ཤི་རྒྱག་རྩིས་བྱས་པའི་ཉེས་པ་གཉིས་རྩེག་ཕོག་ཉེན་ཡོད་སྐོར་བརྗོད་བྱུང་། གསར་འགོད་པ། བནྡེ་སྐྱབས།


བརྗོད་གཞི་གཞན་ཁག་ལ་གཟིགས།