ཞེན་ཡུལ་སུན་ཕྱུང་བ

ང་ཚོས་དུས་དང་རྣམ་པར་ཀུན་ཏུ་འཚེ་མེད་ཞི་བའི་ལྟ་གྲུབ་ཡིན་ཟེར་ནས་རྒྱ་གཞུང་གིས་དྲག་སྤྱོད་དང་མི་སྤྱོད་ལས་འདས་པའི་བྱ་ངན་སྤྱོད་ལུགས་ག་ཚད་བྱས་ཀྱང། ཡིད་གུས་པས་སྙིང་རྗེ་བསྒོམ་རྒྱུ་དང་ངག་གུས་པས་མ་ཎི་འདོན་རྒྱུ་དང་ལུས་གུས་པས་ཐལ་མོ་སྦྱར་ནས་ལུས་ངག་ཡིད་གསུམ་གྱིས་འཚེ་མེད་ཞི་བའི་ལྟ་གྲུབ་ཁོ་ནར་བཟུང་ནས་བསྡད་ཀྱང། རྒྱ་མི་དམར་པོ་དུད་འགྲོ་དེ་ཚོས་ང་ཚོའི་བཟང་སྤྱོད་གྱི་བྱ་བ་དེ་ཚོར་མཐོང་ཐོས་ཡོད་ཀྱང་དེ་ལ་དཔག་པའི་བཟང་ལེན་སྤྲད་རྒྱུ་ཕར་ཞོག། མུ་མཐུད་དྲག་སྤྱོད་དང་མནར་གཅོད་ཁོ་ནའི་དུས་འདའ་ཞིང་གནས་ཡོད། ང་ཚོས་ད་དུང་མུ་འཐུད་ནས་འཚེ་མེད་ཞི་བ་དེར་ལག་ལེན་བསྟར་ནས་བསྡད་ན་བོད་མི་རྩ་མེད་འགྲོ་ཚར་དུས་འཚེ་མེད་ཞི་བའི་ལམ་དེས་ད་གཟོད་གྲུབ་འབྲས་དོན་པ་འདོད། ད་ང་ཚོའི་ཐབས་ལམ་གསར་པ་ཞིག་བཙལ་དགོས་གི་འདུག། ཞི་བ་དགོས་སར་ཞི་རྒོལ་དང་དྲག་པོ་དགོས་སར་དྲག་རྒོལ་བྱེད་ཐབས་གྱི་ཐབས་ལམ་ཞིག་ཡོད་ན་ད་གཟོད་བོད་པ་ཟེར་མཁན་དེ་ལ་བྱམས་པོ་བྱས་ན་བཟང་ལན་སྤྲད་མཁན་ཞིག་དང་རྩུབ་པོ་བྱས་ན་ཁས་མི་ལེན་མཁན་ཞིག་ཡིན་པ་ཧ་གོ་བ་བྱེད་དགོས་འདུག། སྤྱིར་གཏང་ཐབས་ལམ་གསར་པ་ཞིག་བཙལ་ན་ཡང་རྒྱལ་བའི་དགོངས་གཞི་དང་འགལ་གི་མ་རེད་བས་ཟེར་ན་འགལ་གི་ཡོད་མ་རེད། གང་ཡིན་ཟེར་ན་ང་ཚོས་གཞུང་འདིར་དམངས་གཙོ་ཡིན་པ་དང་དམངས་གཙོ་ལ་དགོས་པའི་གཞུང་དེ་ནི་དམངས་གཙོ་གཙོ་བོ་འཛིན་མཁན་གྱིས་ཆབ་སྲིད་ལྟ་གྲུབ་འོག་གིས་བཀོད་འདོམ་ནུས་པ་ཞིག་དགོས་པ་གོར་མ་ཆག། དེ་ཡིན་དུས་སྐྱབས་མགོན་རིན་པོ་ཆེས་དུས་དང་རྣམ་པར་ཀུན་དུ་མི་མང་ལ་དབང་ཆ་ཡོད་རེད་ཅེས་གསུངས་རྒྱུ་དེ་ལ་དཔྱད་ན་དགོས་པ་དང་རྒྱུ་མཚན་དུ་མ་ཞིག་ཡོད་པ་སྣང་བ་མ་ཚད་བོད་ཀྱི་རྩ་དོན་ལ་ཕན་པའི་ལས་འགུལ་ག་འདྲ་ཞིག་སྤེལ་ཡང་རྒྱལ་བའི་བཀའ་དགོངས་དང་འགལ་གི་མེད་པར་མངོན། རྒྱུ་མཚན་ནི་མི་མང་ལ་དབང་ཆ་ཡོད་གསུངས་པ་དེ་ཡིན། གཞོན་ནུས་རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེག་པ་དང་རང་བཙན་བརྩོད་ལེན་བྱེད་རྒྱུ་དེ་ཡང་བཀའ་དགོངས་དང་འགལ་གི་རེད་ཟེར་ན་མི་འགྲིགས། རྒྱུ་མཚན་ནི་གཞོན་ནུ་ཡང་མི་མང་ལ་དབང་ཆ་ཡོད་གསུངས་པའི་མི་མང་དེའི་གྲལ་དུ་གཏོག་པ་ཡིན་པའི་ཕྱིར། ཡང་མི་ཁ་ཤས་གཞོན་ནུས་རྒྱ་ནག་གིས་རྒྱལ་དར་མེ་ལ་བསྲེག་སྐབས་སྙིང་ལ་ཚ་ཤར་རྒྱུག་མཁན་འདུག་བ། དེ་ཚོར་དངོས་གནས་བོད་ལ་ཤ་ཞེན་ཡོད་མཁན་དང་བོད་ཀྱི་རྩ་དོན་ལ་སེམས་འཁུར་ཡོད་མཁན་དང་བོད་མི་ག་ཚད་འདས་གྲོངས་སུ་ཕྱིན་ཀྱང་དེར་གདུང་སེམས་མཉམ་བསྐྱེད་བྱེད་མཁན་ཞིག་མིན་པ་གསལ་པོ་མངོན་གི་འདུག། དངོས་གནས་ཡ་མཚན་རེད་རྒྱ་ནག་གིས་རྒྱལ་དར་མེ་ལ་བསྲེག་ན་མི་འགྲིག་ཚུལ་དང་མ་ཚད་ཁོང་ཁྲོ་ཟ་བའི་རྣམ་པས་དྲ་ཚིགས་སུ་དངོས་སུ་གཞོན་ནུ་ལ་སྐྱོན་འདོན་དང་སྨད་ར་བྱེད་མཁན་གྱི་བོད་པ་དེ་འདྲ་འདུག་བ། དངོས་གནས་དྲང་གནས་ཁྱེད་ཚོས་སེམས་ལ་དངངས་སྐྲག་དང་གདོང་ལ་ལྤགས་པ་ཡོད་པའི་ཚོར་སྣང་སླེབས་གི་མི་འདུག་བས། མ་ཚད་སོར་སོའི་གདོང་པ་དེ་བོད་པ་ཞིག་ཡིན་པ་དྲན་པ་བརྗེད་ཚར་འདུག་བས། རྒྱ་ནག་གིས་རྒྱལ་དར་ལ་དེ་ཙམ་དགའ་ཞེན་ཡོད་ན་བོད་གཞུང་གིས་སྤྲད་པའི་མཐུན་རྐྱེན་ལ་འཚོ་བ་རོལ་དགོས་པའི་རྒྱུ་མཚན་ག་རེ་ཡིན། ཁ་ནས་ཡག་པོ་ཡིན་འདོག་རྒྱལ་དར་མེ་ལ་བསྲེགས་ན་རྒྱ་མི་སེར་ལ་ཕོག་ཐོག་འགྲོ་དོག་བཤད་གིས་འདུག། དངོས་གནས་རྒྱ་རིགས་བོད་པ་ལ་དགའ་མཁན་ཞིག་ཡོད་ན་རྒྱ་བོད་བར་ལ་འགལ་ཟླ་ཡོད་པ་དང་སྐྱབས་མགོན་རིན་པོ་ཆེ་བཞུགས་མ་བཅུག་ནས་རང་དབང་དང་ལྡན་པའི་རྒྱལ་ཁབ་ནང་ནས་ཁྲིམས་མཐུན་གིས་བོད་མིའི་རང་དབང་སླར་གསོ་ལ་འབད་བརྩོན་བྱེད་པ་ཡང་མཐོང་ཐུབ་ངེས། བྱས་ཙམ་རྒྱལ་དར་མེ་ལ་བསྲེག་ཆུ་ལ་བསྐུར་ག་རེ་བྱས་ཀྱང་རྒྱལ་སྤྱིའི་དོ་སྣང་གསར་པ་ཡོང་ཆེད་དང་ང་རང་ཚོས་རྒྱལ་དར་ནི་བསྲེག་བཞིན་པའི་རྒྱལ་དར་དམར་པོ་དེ་མིན་པ་དང་རྒྱལ་དར་དམར་པོ་དེའི་འོག་ཏུ་བསྡད་འདོད་མེད་པའི་རྣམ་འགྱུར་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱིར་གཏང་བྱས་ན་སྐར་མ་ལྔ་ཅན་རྒྱལ་དར་དེ་ལ་གོ་རྒྱུ་ཡོད་རེད། སྐར་མ་དྲུག་མ་བཞག་ནས་སྐར་མ་ལྔ་བཞག་དགོས་པའི་རྒྱུ་མཚན་ཡང་ཡོད་རེད། སྐར་མ་རེར་གོ་དོན་ཆ་ཚང་རེ་ཡོད་པ་ཧ་གོ་དགོས་རེད། རྒྱུ་མཚན་དེར་བརྟེན་ནས་ད་གཟོད་གཞོན་ནུས་རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེག་པ་ཞིག་རེད། 
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "༡༠༽ ཁམས་པའི་རྣམ་བཤད།"



བརྗོད་གཞི་གཞན་ཁག་ལ་གཟིགས།