སྲོང་བཙན་སྒམ་པོ་ལགས

ཀ་ལས་རྒྱབ་པའི་གཞོན་ནུ་ཚོགས་པར། ཁ་དྲོ་ལོ་བརྒྱའི་བསྟོད་པ་མེད་པ། ག་སོང་གར་བསྡོད་ངན་བྱས་ངན་སྨྲས། ང་ཚོར་བོད་མི་ཁ་ཤས་ལས་འགན། ཅ་ཅོ་སྨྲ་ནས་ལས་མེད་སྐྱོན་སྒྲུབ། ཆ་ཁ་དཔུང་གདང་མཉམ་གཤིབས་མེད་པར། ཇ་ལན་ཆུ་འཇལ་གཞོན་ནུའི་ཚོགས་པར། ཉ་གྲོ་ཏ་བཞིན་ངན་སྨྲས་ཇེ་ཆེ། ཏ་ཐའི་བསྟན་ལ་ཕན་པའི་གཞོན་ནུར། ཐ་ཤལ་ཡིན་དོན་རང་བཙན་བརྩོད་ཟེར། ད་ཁྲི་བཙན་པོས་བཞག་པའི་རང་བཙན། ན་གཞོན་བོད་པས་འཐབ་བརྩོད་ངོ་མ། པ་ཏུའི་འདབ་བཞིན་དགོས་ངེས་བོད་དོན། ཕ་རོལ་དགྲ་བོས་ཁ་བཏད་ལངས་ནས། བ་འོ་ལྟར་བུའི་ལྷག་བསམ་འཆང་མཁན། མ་རབས་ངན་དགུའི་བཀུར་འདེབས་ངོ་ཚ། ཙ་བ་རང་བཙན་ཆེད་དུ་གཙུག་པའི། ཚ་གྲང་ལ་སོགས་དཀའ་སྡུག་མྱོང་ཡང། ཛ་དྲག་ཆེ་བའི་བོད་མིའིསྐྱབས་གནས། ཝ་ཏིའི་ལྷ་དམག་ཁྱེད་མིན་གཞན་སུ། ཞ་གི་ཞི་གི་བོད་མིའི་ཁང་གཞིས། ཟ་བསྙད་བྱེད་པའི་མཐའ་མི་དམར་པོས། འ་ཆད་འུ་ཐུག་བཟོས་པའི་བོད་མིར། ཡ་བྱེད་ལ་རྒྱ་ལྡན་པའི་གཞོན་ནུ། ར་གན་གསེར་དུ་བརྫུས་པའི་རྒྱ་དཔོན། ལ་ཁའི་ཉི་མ་བཞིན་དུ་ཡོལ་རན། ཤ་ཁྲག་མཆོད་མེར་ཕུལ་བའི་སྤུན་ཟླས། ས་སྟེང་ཁ་ཆེམས་འཇོག་ས་གཞོན་ནུ། ཧ་ཀྱང་ཐལ་བའི་སྐྱོན་བརྗོད་བྱས་ཀྱང། ཨ་ཀྲད་ཕྱི་ཤ་བཞིན་དུ་འཕེན་མཛོད། ད་དུང་ཞིབ་འཇུག་ཡག་པོ་བྱས་ནས་གཞོན་ནུ་ལ་སྐྱོན་བརྗོད་བྱེད་ཞོར་ཇ་མངར་མོ་ཕོར་པ་གང་གཏུང་ནས་ད་གཟོད་ལས་མེད་དེ་ཚོ་དང་མཉམ་དུ་གཞོན་ནུས་སྐྱོན་ཚོལ་དང་སྐྱོན་ཏིག་ཙམ་ཏིག་ཙམ་བརྙེད་ངེས། གང་ཡིན་ཟེར་ན་་སྐྱོན་གྱིས་མ་གོས་སྐུ་མདོག་དཀར་བའི་མི་ཞིག་ནི་ཡོད་མི་སྲིད་པ་ཡིན་ཙམ་སྐྱོན་བརྗོད་བྱེད་ས་གཏན་གཏན་བརྙེད་སྲིད་ངེས་ལགས། སྤྱིར་གཏང་བྱས་ན་ང་ཚོ་དཔུང་གདང་སྒྲིག་ནས་རང་ནུས་གང་ལྕོག་གིས་སོར་སོའི་སྒེར་དོན་ཟེར་ན་འདྲ་བོད་པའི་སྤྱི་དོན་ཟེར་ན་འདྲ་ལས་འགུལ་འདྲ་མིན་སྤེལ་ཕྱོགས་ཐད་ལ་བསམ་འཆར་བསྡུ་ལེན་དང་མ་ཤེས་གསལ་སྟོན་བྱེད་པའི་དུས་ཡིན་པ་ལས། ཚོགས་པ་ཞིག་དང་མི་ཞིག་ཆེད་དུ་བཏད་ནས་སྐྱོན་འཚོལ་སྒྲུབ་བྱེད་པའི་དུས་ཞིག་མིན་པ་ཁྱེད་གྱིས་ཡང་མཁྱེན་ངེས་ལ་ང་ཚོས་ཡང་ཧ་གོ་གི་འདུག། དེ་བས་དཔུང་གདང་སྒྲིག་ནས་རང་དབང་རང་བཙན་གིས་ཆེད་དུ་གོམ་པ་མཉམ་སྤོ་བྱས་ན་ག་འདྲ་འདུག།


བརྗོད་གཞི་གཞན་ཁག་ལ་གཟིགས།