འུ་ཐུག་པའི་བོད་མི་ཞིག་གི་རེ་འབོད

ཤ་ཁྲག་གཅིག་པའི་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་ལ་རེ་བསྐུལ་ཞུ་རྒྱུ་ནི། ང་ཚོ་ལ་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་ཡོད་མ་རེད་ཟེར་བའི་ཚིགས་དེ་ཡང་བསྐྱར་བཤད་དགོས་པ་མི་འདུག། ད་ང་རང་ཚོ་དངོས་གནས་རྡོག་རྩ་ཆིག་བསྒྲིལ་དང་ནུས་ཤུགས་གང་ཡོད་འདོན་པའི་དུས་ལ་བབས་འདུག་ཆེ་ན་རང་སྲོག་དང་ཆུང་ན་དཔལ་འབྱོར་ཡོད་ཚད་ནས་ཡོད་ཚད་གཏོང་བའི་དུས་ལ་བབས་འདུག་ཁ་ཙམ་ཚིགས་ཙམ་མིན་པ་བོད་ལ་ཕན་པའི་ཞབས་ཕྱི་ཞུ་བའི་དུས་ལ་སླེབས་ཚར་འདུག་། ལྷག་པར་དུ་རང་དབང་ལུང་པ་ལ་ཡོད་པའི་བོད་པ་གཞིས་ཆགས་ཡིན་ན་ཡང་འདྲ་གསར་འབྱོར་ཡིན་ན་ཡང་འདྲ་བོད་པ་ཞིག་ཡིན་ནས་བཟུང་སྟེ་ལས་འགུལ་སྤེལ་བ་དང་སྐད་འབོད་རྒྱབ་རྒྱུ་དང་ཐ་ན་རང་མེད་བྱེད་དགོས་ཐུབ་ན་ཡང་འཆི་ལ་ཉེར་བའི་ང་ཚོའི་སྤུན་ཟླ་མཚོན་ཆའི་ཁ་ལ་འཚོ་བསྡོད་བྱེད་མཁན་འདི་ཚོ་སྐྱབས་ཐུབ་པ་བྱེད་དགོས་རེད། ཤ་མི་ཚ་མཁན་དང་སྙིང་མི་རྗེ་མཁན་ཞིག་ཡོད་ཚོད་མ་རེད་ཀྱང་གང་ལྟར་ང་རང་ཚོའི་ཆེད་དུ་ཉེན་ཁ་དང་འཇིགས་སྐྲག་དང་འུ་ཐུག་པའི་ངང་གནས་པའི་ང་རང་ཚོའི་སྤུན་ཟླ་ཚོ་སྐྱབས་དགོས་རེད། གཞིས་བསྡོད་བོད་མིའི་སྙིང་སྟོབས་དང་རེ་བསྒུགས་བྱེད་ས་དེ་ནི་ང་རང་ཚོ་རང་དབང་ལུང་པ་ལ་ཡོད་པ་འདིར་ཚོ་རེེད། ང་རང་ཚོ་རང་དབང་ལུང་པ་ལ་ཡོད་པ་ཚོར་ཆ་བཞགས་ན་གཞིས་བསྡོད་བོད་མིའི་ལ་རྒྱ་དང་སྙིང་སྟོབས་སུམ་ཆ་གཅིག་ཡང་ཡོད་མ་རེད། གལ་སྲིད་ང་ཚོ་རང་དབང་ལུང་པ་ལ་ཡོད་པའི་བོད་པ་ཚོས་གནས་སྟངས་གཞིས་བསྡོད་བོད་མི་ཚོའི་ཧ་གོ་ན་སེམས་པ་ཕམ་རྒྱུ་དང་བཙན་པོ་ཚོའི་བཟུང་བའི་ས་དང་བཙན་པོ་ཚོའི་བཞག་པའི་ཞལ་ཆེམ་དང་བཙན་པོ་ཚོའི་བཞག་པའི་རེ་བ་ཚང་མ་རླག་གི་རེད། ད་སྐུ་མཁྱེན་དཔལ་འབྱོར་དང་ཐོབ་ཐང་དང་མི་རིགས་ནང་ཁུལ་མི་མཐུན་པ་དེ་ཚོ་ཚང་མ་ཕར་བཞག་ནས་རྩ་དོན་ལ་རྡོག་རྩ་ཆིག་བསྒྲིལ་བྱེད་རོགས། དཔེར་ན་བལ་ཡུལ་ལྟར་བུ་ལ་ཆ་བཞག་ན་༢༠༠༨ ལོར་བོད་མི་ཡོད་དོ་ཅོག་སྐད་འབོད་ལ་ཞུགས་རྒྱུ་དང་སོར་སོའི་ལུང་པའི་ཆེད་དུ་མ་གྲོས་བློ་ཁ་གཅིག་མཐུན་ཡག་པོ་མཐོང་བྱུང་ཡིན་ན་ཡང་ད་ལྟར་སྐད་འབོད་སོང་ན་འཇིགས་སྣང་དངངས་སྐྲག་བྱེད་ནས་བསྡོད་པ་ནི་ཧ་ལས་པོ་སེམས་པ་སྐྱོ་དགོས་ཡས་ཞིག་དང་ངོ་ཚ་དགོས་ཡས་ཞིག་རེད། དཔེར་ན་གཞིས་ཆགས་ཚོའི་སོར་སོའི་དཔལ་འབྱོར་ལ་གྱོང་གུད་ཡོང་དོག་དང་གསར་འབྱོར་ཚོའི་ཕར་བོད་ལ་རྩིས་སྤྲོད་དོག་བྱས་ནས་བསྡད་ན་ཕན་ཐོག་ག་རེ་འདུག་། ད་ང་རང་ཚོའི་ལུང་པ་ང་རང་ཚོའི་མ་སྐྱབས་ན་སུས་སྐྱབས་གི་རེད། མཚོན་ཆའི་ཁ་ལ་འཚོ་གནས་བྱེད་མཁན་ང་རང་ཚོའི་སྤུན་ཟླ་ང་རང་ཚོའི་སྐྱབས་ཐུབ་པ་བྱེད་དགོས་རེད་དེ་མིན་སྟོབས་ཆེན་རྒྱལ་ཁབ་ཚོའི་ཁ་ལ་ཉན་ནས་སོང་ཉིན་གཅིག་རོགས་པ་བྱེད་ཆོག་གནང་ཉིན་རྒྱ་བོད་གྲོས་མོལ་བྱེད་རོགས་ཟེར་ཆོག་ཟེར་ནས་བསྒུགས་བསྡད་ན་མཚོན་ཆའི་ཁ་ལ་ཡོད་པའི་སྤུན་ཟླ་ཚོ་ལ་ཕན་པའི་ལས་ཀ་བྱེད་ཐུབ་གི་མ་རེད། ད་ང་རང་ཚོ་ལག་ལེན་ལ་འཇུག་པའི་དུས་རེད།  བོད་པ་ཚོ་ལོངས་ཤོག། ཁྱེད་ལ་བཅང་བའི་བརྩེ་སེམས་ནི་བཙན་པོ་ཚོའི་ཆུང་ཆུང་ཞིག་ག་ལ་ཡིན་། ཁྱེད་ལ་བཅོལ་བའི་རེ་བ་ནི་བཙན་པོ་ཚོའི་ཉུང་ཉུང་ཞིག་ག་ལ་ཡིན་། ཁྱེད་ལ་བཞག་པའི་ཞལ་ཆེམ་ནི་བཙན་པོ་ཚོའི་དམིགས་ཡུལ་ངོ་མ་དེ་ཅི་ལ་མིན། སྤུན་ཟླ་ཚོ་ལོངས་ཤོག་མཚོན་ཆའི་ཁ་ལ་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་ང་ཚོར་རེ་བ་བཅོལ་འདུག། ཚེ་སྲོག་ནི་རྩ་ཆེ་ཡང་རྒྱལ་ཁབ་ནི་དེ་བས་ཀྱང་རྩ་ཆེ། རྒྱུ་ནོར་ནི་དགོས་ཆེ་ཡང་སྤུན་ཟླ་ཚོ་ནི་དེ་བས་དགོས་ཆེ། ང་ཚོའི་ཚེ་སྲོག་གནང་མཁན་དེ་ཡང་བཙན་པོ་ཚོ་ཡིན་ལ་རྣམ་ཤེས་ཐིམ་ས་དེ་ཡང་བཙན་པོ་ཚོའི་པང་དུ་ལོས་ཡིན། སྤུན་ཟླ་ཚོ་ལོངས་ཤོག། བོད་རྒྱལ་ལོ། 
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བཀའ་ཁྲི་མཆོག་གི་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ།"



བརྗོད་གཞི་གཞན་ཁག་ལ་གཟིགས།