བཙན་བྱོལ་གྱི་གཞུང་དམངས་གཉིས་ཅུང་ཟད་དལ་དྲགས་འདུག

ཕྲན་ཆུང་གཅིག་པོ་ཁང་ཆུང་ཞིག་ཏུ་འཛུལ་ནས་དབུགས་རིང་རེ་རེ་འབྱིན་བའི་ལྷན་དུ་ཀྭི་སྒྲ་འདྲ་ཞིག་རྒྱག་འདོད་ངང་གིས་སྐྱེས་ཡོང་གི་འདུག །འོན་ཀྱང་རང་ལུས་མེར་སྲེག་བའི་སྙིང་སྟོབས་ནི་བདག་ལ་མི་འདུག །ཅིའི་ཕྱིར་ཞེས་ན། འདི་ནས་ཡར་འདེད་ན་ལོ་བཅུ་ཕྲག་གཅིག་གི་གོང་རོལ་དུ། བཙན་བྱོལ་བོད་གཞུང་གི་ལས་ཁུངས་ཤིག་གི་ལས་བྱེད་ཕོ་མོ་ཚོ་ལ་གསོལ་ཇ་འདེགས་མཁན་རང་ལོ་དྲུག་བཅུར་སོན་པ་ཞིག་གིས་རྒྱལ་ས་ལྡིལ་ལ་བོད་ཀྱི་རང་དབང་སླར་གསོའི་ཆེད་དུ་རང་ལུས་རིན་ཆེན་རྩྭ་ཕུང་ལ་མེ་ལྕེ་སྦར་བ་བཞིན་དུ་མེར་བསྲེགས་བཏང་བ་རེད། དཔའ་བོ་དམ་པ་ཁོང་གི་མཚན་ལ་ཐུབ་བསྟན་དངོས་གྲུབ་ཟེར། ད་ལྟའི་ཆར་བསྟོད་དབྱངས་དང་བསྔགས་བརྗོད་བྱ་ཡུལ་ཙམ་དང་། སྐུ་པར་སློང་རྒྱུ་ཙམ་དུ་གྱུར་ཟིན། དེའི་རྗེས་སུ་དཔའ་བོ་ལྷག་པ་ཚེ་རིང་ལགས་ཀྱིས་རང་ལུས་རིན་ཆེན་ཤོག་བུ་བཞིན་དུ་བོད་ཀྱི་རང་དབང་སླར་གསོའི་ཆེད་དུ་མེར་བསྲེགས་ཏེ་ད་ལྟའི་ཆར་ཁོང་གི་སྐུ་བཟུགས་བེད་མེད་དུ་གྱུར་ཟིན། དེ་ཡང་ལོ་རྒྱུས་ཀྱི་སྣང་བརྙན་གོག་པོ་ཞིག་ཏུ་གྱུར་ཟིན་འདུག །ཉིས་སྟོང་བརྒྱད་ཀྱི་མཇུག་ཏུ་བོད་མདོ་སྨད་ཁུལ་དུ་དཔའ་བོ་དམ་བཀྲ་བྷེ་མཆོག་གིས་བོད་ཀྱི་ཉག་ཕྲ་བའི་བསྟན་སྲིད་གཉིས་ཀྱི་སླད་དུ་སྐུ་ལུས་མེར་བསྲེགས་བཏང་བ་རེད། དེའང་བཙན་བྱོལ་བ་རྣམས་ཀྱི་ཡིད་ངོགས་སུ་ལོ་རྒྱུས་ཀྱི་གླེགས་བམ་ཟད་པོ་ཞིག་ཏུ་གྱུར་འདུག །འདས་ཟིན་མ་ཐག་གི་ལོ་སྟེ། ཉིས་སྟོང་༡༡ནང་དུ་གཙོ་བོ་བོད་མདོ་སྨད། དཀར་མཛེས། ཆབ་མདོ། དེ་བཞིན་རྒྱ་གར་བཅས་སུ་དཔའ་བོ་དཔའ་མོ་ཇི་ཙམ་གྱིས་བོད་ཀྱི་ཉག་ཕྲ་བའི་བསྟན་སྲིད་གཉིས་ཀྱི་སླད་དུ་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མེ་ལ་བསྲེགས་ཡོད་པ་ནི་མཁྱེན་གསལ་ཡིན་མོད། བཙན་བྱོལ་བ་རྣམས་ཀྱི་ཡིད་ངོགས་སུ་ལོ་བཅུ་ཕྲག་འགའ་འདས་ཟིན་པའི་ལོ་རྒྱུས་ཀྱི་མཁར་རྙིང་ཧྲལ་ཧྲུལ་ཞིག་ཏུ་གྱུར་ཟིན། དེ་བཞིན་འགོ་བཙུགས་མ་ཐག་གི་ལོ་གསར་པ་འདིར། བོད་མདོ་སྨད་ཡུལ་ནས་དཔའ་བོ་སེར་སྐྱ་བཞིས་བོད་ཀྱི་ཉག་ཕྲ་བའི་བསྟན་སྲིད་གཉིས་ཀྱི་སླད་དུ་སྐུ་ལུས་མེར་བསྲེགས་ཏེ་དུ་སྤྲིན་ཡལ་རྒྱུར་བསྡད་མོད། བཙན་བྱོལ་མི་མང་ཚོའི་ངོ་གདོང་གི་མཛུམས་མདངས་ཡལ་ཐུབ་མེད། ད་ལྟོས་དང་། ད་རིང་བོད་དཀར་མཛེས་ཁུལ་དུ་བོད་མི་ཁྲི་ལ་ཉེར་བ་ཞིག་འདུ་འཛོམས་བྱས་ཏེ་རྒྱ་དམར་གྱི་མེ་མདའི་ཁ་གཏད་དུ་མངོན་སུམ་འཛེམ་མེད་ཀྱིས་གདོང་མཆོང་བྱེད་བཞིན་པ་དང་། རྒྱ་མིས་མེ་མདས་བོད་མི་གསོད་བཞིན་པའི་སྐོར་ཐོན་འདུག །དེ་དང་དུས་མཚུངས་སུ་བོད་མདོ་སྨད་ཁུལ་དུའང་བོད་མི་ཕོན་ཆེན་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ཁ་གཏད་དུ་ལོང་བཞིན་ཡོད་པའི་གསར་འགྱུར་ཐོན་འདུག །ད་ང་ཚོ་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་ག་རེ་བྱ་བརྩིས་ཡོད་དམ། ངོ་མ། བཙན་བྱོལ་གཞུང་མང་གཉིས་ཅུང་ཟད་དལ་དྲགས་འདུག །ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་གནས་ཡུལ་རྒྱལ་ཁབ་ཁག་གི་ཁྲིམས་སྒྲིག་ལ་བརྩི་མེད་བྱས་དགོས་ནའང་བྱས་ཏེ་རྒྱ་གཞུང་ལ་ངོ་རྒོལ་མཚམས་མེད་བྱེད་དགོས། ཕྲན་ཆུང་གིས་བཙན་བྱོལ་གཞུང་དམངས་ཚང་མས་རང་ལུས་མེར་སྲེག་དགོས་ཟེར་གྱི་མེད། གནས་ཡུལ་རྒྱལ་ཁབ་ཁག་གི་ཁྲིམས་སྒྲིག་ཅུང་ཟད་རེ་འགལ་སོང་ཟེར་ཏེ་མེ་མདའ་ནམ་ཡང་རྒྱག་གིན་མ་རེད། དེ་བཞིན་བཙོན་འཇུག་དུས་བཀག་ནམ་ཡང་བྱེད་ཡོང་གིན་མ་རེད། དེ་བཞིན་དབང་པོ་སྐྱོན་ཅན་དང་གཟུགས་གཞི་བེད་མེད་དུ་གྱུར་བའི་རྡུང་འདེད་གཏོང་ཡོང་གིན་མ་རེད། དཔལ་ལྡན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་སྐབས་དང་དུས་ཤིག་ཤར་ཡོང་གིན་རེད། དེ་དུས་ཏག་ཏག་འཇུས་ཐུབ་དགོས་ཞེས་བཀའ་སློབ་མང་པོ་ནང་གསུངས་ཡོད། ད་རིང་ཁ་རྩང་གཙོ་བོ་བོད་ནང་དུ་ཡར་ལང་ཛ་དྲག་པོ་དང་གཞི་རྒྱ་ཆེན་པོ། ཆེས་མཐོ་རླབས་ཅན་དུ་གྱུར་བ་དེ་བཀའ་ཁྲིས་གསུངས་བའི་སྐབས་དང་དུས་དེ་ཤར་བ་ཡིན་ངེས། དེ་ལས་དུས་དང་སྐབས་ཤར་རྒྱུར་ཆེས་དབེན་པས་ན་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་བརླགས་འཇུག་མི་རུང་། རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་ཚོས་བསྟོད་དབྱངས་དང་བསྔགས་བརྗོད། ལོ་རྒྱུས་དང་མཚན་སྙན་སོགས་ཀྱི་ཆེད་དུ་ལུས་སྲོག་བློས་བཏང་བ་མིན། བོད་མི་རིགས་ཀྱིས་བདེན་པའི་འཐབ་རྩོད་དམ་བདག་དབང་འཐབ་རྩོད་དེ་བསལ་བའི་ཆེད་དུ་ཡིན་པར་ཤེས་དགོས།


བརྗོད་གཞི་གཞན་ཁག་ལ་གཟིགས།