ཆབ་སྲིད་ལམ་ཕྱོགས་འགྱུར་བ་གཏོང་དགོས་ཞེས་པའི་རྩོམ་ཡིག་བཀླགས་པའི་བསམ་ཚུལ་རགས་ཙམ།

སྐུ་ཞབས་ཅོ་རི་ཉི་མ་ལགས་ཁོང་རིགས་ཕྲན་ཆུང་གིས་མིག་སྔོན་པོས་མཇལ་མྱོང་མེད་ལ་ས་གནས་གང་དུ་འཚོ་བཞུགས་གནང་གིན་ཡོད་པའང་ཤེས་རྟོགས་རྩ་ནས་མེད། དེ་ལྟར་དགོས་པའང་གང་ཡང་མ་མཆིས། བདག་གིས་ཤེས་ཚོར་ཕྲན་བུ་ཞིག་ཡོད་པ་ནི། སྐུ་ཞབས་ཅོ་རི་ཉི་མ་ལགས་ཀྱིས་ཤམ་བྷ་ལའི་ཕོ་ཉ་དང་བོད་ཀྱི་དུས་བབ་སོགས་ཀྱི་དྲ་རྒྱ་ཁག་ཏུ་ལྗགས་རྩོམ་དང་དགོངས་ཚུལ་སོགས་དུ་མ་སྤེལ་དང་སྤེལ་བཞིན་མཆིས་པ་དག་རེད། སྐྱེ་བོ་མང་དག་ཞིག་གིས་ཅོ་རི་ཉི་མ་ལགས་ཀྱི་ལྗགས་རྩོམ་རྣམས་ལ་དམིགས་བསལ་གྱི་རོ་བཅུད་ལྡན་རབས་ཀྱང་བརྗོད་མྱོང་། ད་རིང་གུས་པས་ཅོ་རི་ཉི་མ་ལགས་ཀྱི་བརྩམས་ཆོས་ ''ཆབ་སྲིད་ལམ་ཕྱོགས་ལ་འགྱུར་བ་གཏོང་དགོས'' ཞེས་པའི་ཆབ་སྲིད་རྩོམ་ཡིག་དེ་ཚར་གཅིག་བཀླགས་པའི་བསམ་ཚུལ་ཕྲན་བུ་ཞིག་འོག་ཏུ་མཆན་བུའི་ཚུལ་དུ་དགོད་འདོད་བྱུང་། སྐུ་ཞབས་ཅོ་རི་ཉི་མ་ལགས་ཀྱི་རྩོམ་ཡིག་དེ་རིམ་བཞིན་ཀློག་ཡོང་དུས། '' འཚེ་མེད་ཞི་བདེའི་ལྟ་གྲུབ་ལ་གཞིར་བཅོལ་བའི་སྒྲུབ་བྱེད་དབུ་མའི་ལམ་གྱིས་སྒྲུབ་བྱ་ངོ་མ་བོད་དོན་བདེན་མཐའ་བསལ་རྒྱུ་འདིར་རེད '' ཅེས་བཀོད་འདུག་པ་མཐོང་མ་ཐག་ཏུ་ཕྲན་ཆུང་གི་བློ་ངོགས་སུ་དོགས་པ་རི་རབ་ཙམ་ཞིག་ལངས་བའི་ལྷན་དུ་ཅོ་རིའི་བརྩམས་ཆོས་ལ་དམིགས་བསལ་རོ་བཅུད་ལྡན་རབས་གོ་ཐོས་མཆིས་པ་དག་ཀྱང་ཁོ་བོའི་སེམས་པའི་མཁའ་དབྱིངས་ནས་རིམ་བཞིན་ཡལ་འགྲོ་གིན་འདུག ཕྲན་ཆུང་གིས་བལྟས་ན་སྒྲུབ་བྱེད་འཚེ་བ་མེད་པའི་ཐབས་ལམ་དང་། བསྒྲུབ་བྱ་དབུ་མའི་ལམ་མམ་ཆོལ་གསུམ་གཅིག་ཏུ་འདུས་པའི་ནང་རང་སྐྱོང་དེ་ཡིན་པར་འཁུམས། ཁ་གསལ་པོ་ཞུ་ན་བདག་གིས་ནི་ལམ་དབུ་མ་དང་ནང་རང་སྲིད་རང་སྐྱོང་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་དོ། དེ་ནི་བདག་གིས་རྟོག་བཟོས་དང་ཤེས་རློམ་མིན་ཏེ། ཉིས་སྟོང་བརྒྱད་ལོར་རྡ་སྟེང་བུ་ཁྱིམ་དུ་གཞུང་མང་ཚོགས་ཆེན་འཚོགས་བཞིན་པའི་དུས་སྐབས་དེར་གོང་ས་མཆོག་གིས་བཀའ་སློབ་གནང་བ་དེ་དུས་བབ་ཚགས་པར་ཐོག་ཏུ་བཀོད་འདུག་པ་དེ་ལས་གསལ་རྟོགས་ཐུབ་ངེས། དེ་བཞིན་གོང་ས་མཆོག་དང་ཁྲི་ཟུར་ཟམ་གདོང་བློ་བཟང་བསྟན་འཛིན་རྣམ་གཉིས་གཙོས་པའི་མཁས་པ་དུ་མས་དབུ་མའི་ལམ་གྱི་ཐོག་ཏུ་མི་མང་ལ་གོ་རྟོགས་འཕེལ་ཆེད་བཀའ་སློབ་དུ་མ་གསུངས་པ་རྣམས་སུ་འགྲེལ་བཤད་འདི་འདྲ་རྒྱབ་ཡོད་ དབུ་མའི་ལམ་ནི་བོད་དེ་ད་ལྟར་རྒྱ་གཞུང་གིས་དབང་སྒྱུར་བཞིན་པ་འདི་དང་མི་འདྲ་བར་བོད་ནང་དུ་བོད་མི་རང་གིས་དབང་བསྒྱུར་ཆོག་པ། དེ་བཞིན་རྦད་དེ་རྒྱ་ནག་ལས་ཁ་བྲལ་ཡང་མིན་པར་ཕྱི་སྲིད་དང་དཔལ་འབྱོར་འཕེལ་རྒྱས་སོགས་སུ་རྒྱ་ཡིས་འགན་འཁུར་རྒྱུ་བཅས་རེད། དེ་ལ་ཆོས་གཞུང་ནང་གི་མཐའ་གཉིས་སུ་མ་ལྷུང་བའི་དབུ་ཞེས་པ་དེ་དང་འདྲ་བའི་ཆ་ཞིག་ཡོད་དེ། མཐའ་གཅིག་ནི་རྒྱ་ནག་རྒྱལ་ཁབ་ལའང་ས་སྡེ་མི་གསུམ་ཆུང་དུ་མི་འགྲོ་རྒྱུའི་ཁེ་ཕན་ཡོད། བོད་ལའང་རིག་གཞུང་དང་ཡུལ་གཤིས་གོམས་སྲོལ་སོགས་མི་རིགས་ཀྱི་ངོ་བོ་མཚོན་བྱེད་རྣམས་གཏན་བརླགས་མི་འགྲོ་བ་དང་དེ་བཞིན་དཔལ་འབྱོར་ལའང་རྒྱ་ནག་ནས་ཁེ་ཕན་ཞིག་ཐོབ་ཐུབ་བསམ་ཡོད་པ་བཅས་རེད། ཡང་ཀྲུང་ཧྭ་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཟེར་བ་དེའང་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་ཁག་ལ་སོ་སོའི་ཕ་མེས་ཀྱི་སྐད་ཡིག་སྲུང་སྐྱོབ་དང་བེད་སྤྱོད་ཆོག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཀའ་ཁྲོལ་བྱུང་རྗེས་ས་གནས་སྤྱི་བདེའི་དམག་དཔུང་འཛུགས་ཆོག་པ། ཁྲིམས་སྲོལ་གཏན་འབེབས་བྱེད་ཆོག ཁོར་ཡུག་སྲུང་འདོམས་བྱེད་ཆོག་པ། ཆོས་སྡེ་རང་དབང། དཔལ་འབྱོར་རང་དབང་སོགས་ཚད་མཐོན་པོ་ཞིག་སྤྲད་ཡོད་པས་རེད། མདོར་བསྡུས་ནས་བརྗོད་ན། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ནང་དུ་གྲངས་ཉུང་མི་རིགས་ཁག་ལ་སྤྲད་པའི་ཐོབ་ཐང་དེ་ཚོ་ལག་ལེན་ནང་དུ་སྤྲད་དགོས་ཟེར་རྒྱུ་དེ་རེད། དེ་འདྲའི་ལམ་དབུ་མའི་ལམ་དེ་བསྒྲུབ་བྱ་ཡིན་ཏེ། ད་ལྟའི་ཆར་བོད་ནང་དུ་གནས་བབ་དེ་ཕྱོགས་ཙམ་ཡང་མེད་པའི་ཕྱིར། ཆོལ་གསུམ་དུམ་བུར་བགོས་ཟིན་པའི་ཕྱིར། བོད་ནང་དུ་རྒྱ་མིས་མེ་མདའ་སོགས་གོ་མཚོན་གཅིག་ལས་གཅིག་རྔམ་བརྗིད་ཅན་གྱིས་དྲག་གནོན་བྱེད་བཞིན་པའི་ཕྱིར། སྒྲུབ་བྱེད་འཚེ་བ་མེད་པ་ཉིད་ཡིན་ཏེ། གྷན་དྷེའི་འཚེ་མེད་ཞི་བའི་ཐབས་ལམ་ལ་གཞིར་བཅོལ་ཡོད་པའི་ཕྱིར་རོ། གལ་ཏེ་མ་འོངས་པར་དབུ་མའི་ལམ་གྱི་གནས་བབ་དེ་ང་ཚོ་ལ་ཐོབ་སོང་པའི་ཉིན་མོ་དེ་ནས་ང་ཚོའི་ནང་སྲིད་སྐྱོང་བྱེད་ཀྱི་སྲིད་ཇུས་སམ་ཐབས་རེད་ཟེར་ན་ཏག་ཏག་འགྲིགས་སྙམས། བདག་གིས་ཇི་ལྟར་བསམས་ཀྱང་སྐུ་ཞབས་ཅོ་རི་ཉི་མ་ལགས་ཀྱིས་གོང་ས་མཆོག་གི་དགོངས་པ་རྦད་དེ་མགོ་རྟིང་བསྒྱུར་འདུག་སྙམས། ཕྲན་ཆུང་གི་བསམ་ཚུལ་འདི་སྐུ་ཞབས་ཅོ་རི་ཉི་མ་གཅིག་པོ་ལ་མིན་པར་སྒྲུབ་བྱེད་དབུ་མའི་ལམ་འདོད་མཁན་འགའ་ཤས་ཡོད་པ་ཚང་མ་ལ་ཡིན་པ་ཤེས་དགོས། དཔེ་མཚོན་ཙམ་དུ་མགོ་བྱང་དང་དཀྱིལ་གྱི་ཡིག་ཕྲེང་གཅིག་ནང་གི་དག་སྡེབ་ཀྱི་སྐོར་ལ་ཕྲན་བུ་ཞུ་ན། རྩོམ་བྱང་དུ་ཆབ་སྲིད་ལམ་ཕྱོགས་ཞེས་པ་དེ་ལ་ལམ་ཕྱོགས་ལས་ལངས་ཕྱོགས་བྲིས་ན་ལེགས་སྙམས། སྒྲུབ་བྱེད་དང་སྒྲུབ་བྱ་གཉིས་ཀར་ད་ལྟ་བ་བྲིས་འདུག་པ་ལས་བསྒྲུབ་བྱ་ཞེས་མ་འོངས་པ་བྲིས་ན་ལེགས་སྙམས། ཡང་བདེན་པའི་མཐའ་བསལ་རྒྱུ་འདིར་རེད་ཅེས་བྲིས་འདུག་པ་དེ་གོ་རྒྱུ་ཡོད་པ་ཞིག་བྲིས་ན་བདེན་པའི་མཐའ་བསལ་རྒྱུ་དེ་རེད་ཅེས་བྲིས་ན་ལེགས་སྙམས། བཀྲིས་བདེ་ལེགས། གལ་ཏེ་ཕྲན་ཆུང་གི་བསམ་ཚུལ་ཕྲན་བུ་འདིའི་ཐོག་ཏུ་ལུང་རིག་དང་རྣམ་དཔྱོད་ཀྱི་རྩལ་མངའ་ཞིང་བློ་གཟུ་བོ་ཅན་དག་གིས་དོགས་སློང་དང་དགག་བྱ་གནང་ན་ཕྲན་ཆུང་གིས་མགོ་བོ་གཏུད་དེ་བཀྲིས་བདེ་ལེགས་དང་ཕེབས་བསུ་ཞུ་རྒྱུ་ཡིན། དེ་མིན་དཔུང་ཤེད་ལག་ཤེད་དང་། སྡེགས་བསྐུལ་མཚང་འབྱིན་སོགས་ལས་མི་ཤེས་མཁན་རྣམས་ནི་འདིར་མ་ཕེབས་རོགས། ཁྱེད་དག་གིས་ཕྲན་ཆུང་གི་བསམ་ཚུལ་འདི་གསང་ཤོག་ལྟ་བུ་བརྩི་ན་འགྲིགས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ཆབ་སྲིད་ལམ་ཕྱོགས་འགྱུར་བ་གཏོང་དགོས།"



བརྗོད་གཞི་གཞན་ཁག་ལ་གཟིགས།