སྐུག་འཛུགས།

སྦག་རྩེད་སོགས་ཀྱི་སྐབས་སུ་རྒྱལ་ཆེན་པོ་འཇོག་སྲོལ་དེ་བོད་མདོ་དབུས་ཁམས་གསུམ་དུ་དར་སྲོལ་ཤིན་ཏུ་ཆེན་པོ་རེད། ཁ་ཤས་ཀྱིས་ནང་ཆས་ཚང་མ་ཤོར་རབས་འདུག ཡང་རེ་གཉིས་ཀྱིས་སོ་སོའི་སྦག་སྦག་དང་སྣུམ་འཁོར་། གསེར་གྱི་མཛུབ་དཀྲིས་སོགས་ལུས་རྒྱན་རྣམས་ཀྱང་ཤོར་རབས་འདུག ཡང་འགའ་ཞིག་གིས་འཁྲུག་རྩོད་ཆེན་པོ་དེ་འདྲ་ཡང་རྒྱབ་རབས་འདུག ཡང་ཚོང་པ་མང་པོ་ཞིག་རྒྱ་ནག་ཁྲེ་འདུན་ཞིང་ཆེན་དུ་སོང་སྟེ་རྒྱ་མི་སྦྱིན་བདག་ཚོའི་མཉམ་དུ་རྒྱལ་འཛུགས་ཆེན་པོ་དེ་འདྲ་རྩེ་བཞིན་ཡོད་རེད། མང་ཆེ་བས་རྒྱལ་ཁ་ཤོར་ཏེ་སྤྲང་རྐྱང་གྱུར་བའི་ལོ་རྒྱུས་མང་པོ་འདུག དེ་ཚོའི་རིགས་ཀྱིས་ཤོར་བ་ནི་ཁྲི་བརྒྱ་ཕྲག་གི་སྐད་ཆ་རེད། དེ་བཞིན་ལྷ་སའི་གྲོང་འཁྱེར་ནང་དུའང་སོ་སོའི་ནང་དུ་སྐུག་ཁང་སྦྲགས་མ་བྱས་ཏེ་རྒྱལ་རྩེད་རྩེ་མཁན་གང་སྡོད་ཡོད་། སྐུག་ཁང་བཟུང་སྟེ་འཚོ་བ་སྐྱེལ་མཁན་ནི་གང་སྡོད་ཡོད། ད་རིང་ཁ་རྩང་དུ་མཱ་ཇུ་ཊི་ལཱ་དང་དྷ་རམ་ཤཱ་ལའང་མང་ཐག་ཆོད་ཡོད་ཚོད་འདུག་པ་མ་ཟད་སྐུག་ཁང་དེ་འདྲའང་འཛིན་མཁན་ཡོད་རབས་འདུག དེ་ཚོ་རིགས་ཀྱིས་ནི་བོད་སྤྱི་པའི་རྩ་དོན་ལ་གནོད་ཀྱི་རེད། སྒེར་གྱི་རྒྱུ་ནོར་ལའང་གནོད། ཤེས་བྱ་ཡོན་ཏན་སློབ་པར་གནོད། ཆོས་ཕྱོགས་ནས་བརྗོད་ན་མི་དགེ་ཁོ་ན་སྒྲུབ་ཀྱི་ཡོད་རེད། རང་གཞན་གཉིས་ཀར་གནོད་པའི་རྒྱུ་འབའ་ཞིག་ཏུ་སེམས། དེ་རིང་དྲ་རྒྱའི་བརྒྱུད་དེ་གོང་ས་མཆོག་གིས་སྦག་རྩེད་སོགས་ཀྱི་སྐོར་གསུང་བ་ཐོས་དུས་སེམས་པ་སྐྱིད་པོ་འདྲ་ཞིག་བྱུང་སོང། བཀྲིས་བདེ་ལེགས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་དོན་བདེན་མཐའ་སེལ་བར་གལ་ཆེ་ཤོས་ཤེས་ཡོན་རེད། "



བརྗོད་གཞི་གཞན་ཁག་ལ་གཟིགས།