སྙིང་གཟེར་ལས་བྱུང་བའི་འཁུན་སྒྲ།།

ཡུལ་དུས་འགྱུར་བ་དབྱར་གྱི་ནམ་ཟླ་དང་།། སེམས་ཀྱི་གཡོ་འགུལ་ལ་ཁའི་དར་ལྕོག་བཞིན།། སྐྲ་ལོ་རླུང་ལ་བསྐུར་བའི་ཁེར་རྐྱང་ངས།། ཐ་མག་ཧུབ་ཀྱིས་རྔུབ་བཞིན་འདི་ལྟར་དྲན།། གོང་གིས་བཀའ་བཀྱོན་ཆར་བ་ཕབ་ན་ཆོག ། འོག་ནས་ཁྲོ་བའི་སྡང་མིག་བསྟན་ཡང་རུང་།། རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།། ནམ་ཡང་བསུབ་མེད་ཤ་ཁྲག་ལུས་འདི་བཞག།། ང་འོ་སྙམ་པའི་དེང་རབས་གཞོན་སྐྱེས་འགས།། ཁ་ནས་ལ་རྒྱ་གླེང་དུས་སྐད་གཟེངས་མཐོ དོན་གྱི་ལག་ལེན་དབང་གཞུའི་ཚོས་ཁ་དངོས།། ཁ་དོན་མི་མཚུངས་དེང་དུས་བུ་མོ་འདྲ།། དཔོན་པོས་རང་ཁྱིམ་ཀ་བ་གསེར་གྱིས་བརྒྱན།། མཁས་པས་མཚང་བརྟོལ་མདུང་རྩེ་ནང་ལ་གཏད།། སྤྲང་པོས་ཨུ་ཚུགས་འཛུམ་མདངས་གདོང་ལ་བསྡུས།། འདི་གསུམ་སྤྱི་ཚོགས་ཡར་རྒྱས་བཀག་རྡོ་ཡིན།། གཞིས་ཆགས་རྣམས་ཀྱིས་གསར་འབྱོར་ལྐུགས་ཚུལ་གླེང་།། ཕྱིས་འབྱོར་དག་གིས་གཞིས་ཆགས་སྔང་མར་སེམས།། གསར་སྙིང་རྩོད་པའི་ཐ་སྙད་སྐྱུར་མོ་འདིས།། མི་དགོས་ཕྱོགས་ཞེན་ལྟ་བ་དང་དུ་ལན་དུ་བླངས་།། ད་དུང་བློ་མིག་ཁབ་ལས་ཕྲ་བ་འགས།། ངག་ལ་བྱང་བའི་རང་སྐད་དབྱངས་རྟ་ལྷོད།། མགྲིན་པ་གཤགས་ཏེ་གཞན་སྐད་བཙན་གྱིས་་བཙིར།། ཕ་སྐད་འོ་ཆུ་དཱངས་མོ་འདམ་གྱིས་སྦགས།། བོད་པའི་ཡ་རབས་གོམས་གཤིས་རིམ་གྱིས་ཉམས།། དེང་རབས་ནུབ་ཕྱོགས་ལྟ་བ་ཡུན་གྱིས་དར།། འགྱུར་ལྡོག་གློག་ལྟར་མྱུར་བའིདུས་སྐབས་འདིར།། མི་རིགས་སྲོལ་བཟང་བརླགས་པའི་ཉེན་ཁ་ཆེ།། དེའི་ཕྱིར་འཆད་རྩོད་རྩོམ་ལ་མངའ་བརྙེས་པའི། གངས་ལྗོངས་མཁས་པའི་དབང་བོ་ཐ་དག་གིས།། མ་འོངས་སོན་རྩར་གྱུར་པའི་གཞོན་ནུ་ཚོར།། ལྔ་ཟུང་རིག་པའི་བདུད་རྩི་སྩོལ་ལ་རེམ།།


བརྗོད་གཞི་གཞན་ཁག་ལ་གཟིགས།