ཧྥ་རན་སིའི་ནང་བསམ་ཡས་གྲོང་སྡེའི་མཛད་སྒོ།

ཟླ་འདིའི་ཕྱི་ཚེས་༢༩ཉིན་ཧྥ་རན་སིའི་ཨོ་ཏེ་ནོར་མན་ཌི་(Haute Normandie region)ཞེས་པའི་ས་ཁུལ་དུ་རྟེན་གཞི་བྱས་པའི་བྷོག་ཐི་རོལ་ཌིའི་ (Bougtheroulde)ཞེས་ གྲོང་ཚོ་ཆུང་ཆུང་དེའི་གྲོང་སྡེ་ལས་ཁུངས་ཀྱི་སྒོ་རའི་ནང་བོད་ལྷོ་ཁ་བསམ་ཡས་གྲོང་ཚོར་གཟིགས་རྟོག་གནང་རྒྱུའི་ལས་འཆར་འགོ་འཛུགས་ཀྱིས་གཞུང་འབྲེལ་མཛད་སྒོ་ཚོགས་ཡོད།

དེ་ཡང་མཛད་སྒོར་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་བྷུ་རུ་ནོ་ཁེ་སི་ཊེལ་(Mr.Bruno Questel) ལགས་དང་། ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་དང་ཧྥ་རན་སི་གྲོས་ཚོགས་ཀྱི་བོད་ དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་གཅིག་ལྕོགས་སྐུ་ཞབས་ཧྥ་རན་ཁོ་ཨི་སི་ལོན་ཁལ་ (Mr.Francois Loncle) ལགས་དང་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་(Association Tibet Normandie) ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐི་རི་ཧ་ཡ་གྷེ་(Mr.Thiery Huyghe) ལགས། དེ་བཞིན་ཧྥ་རན་སི་དོན་ཁང་གི་དྲུང་གཞོན་ཚེ་རིང་དོན་འགྲུབ་ལགས་བཅས་མཉམ་ཞུགས་གནང་ཡོད་པ་མ་ཟད། ཁོང་རྣམ་པས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་ཀྱང་གནང་ཡོད།

སྤྱིར་སྔ་ལོ་ནས་ཧྥ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པས་(Association France-Tibet) བོད་ཀྱི་ས་ཁུལ་ཁག་གཅིག་ལ་གཟིགས་རྟོག་གནང་རྒྱུའི་ལས་འཆར་འགོ་བརྩམས་པ་ནས་བཟུང༌། ཧྥ་རན་སིའི་གྲོང་སྡེ་དང་གྲོང་ཚོ་ ༤༣ ཙམ་གྱིས་བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་མཚོན་སླད་དང༌།  རྒྱ་ནག་གཞུང་ཕྱོགས་ནས་བོད་ཡུལ་རྒྱ་ཡུལ་དུ་འགྱུར་རྒྱུའི་འཆར་གཞི་ལྡན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་འོག་བོད་ཀྱི་ཐུན་མིན་ངོ་བོ་སྲུང་སྐྱོབས་ཆེད་རོགས་རམ་གྱི་ལས་གཞི་དེ་འགོ་བརྩམས་པ་ཞིག་ཡིན་སྐོར་ལས་འགུལ་བ་ཚོས་ངོ་སྤྲོད་གནང་ཡོད། བྷོག་ཐི་རོལ་ཌིའི་གྲོང་ཚོའི་ནང་བོད་དོན་ཆེད་ལས་འགུལ་དེ་འདྲ་ཞིག་སྤེལ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་ས་གནས་ཧྥ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོང་སྡེའི་འགན་འཛིན་ལྷན་ཚོགས་ལ་འབོད་སྐུལ་གནང་བ་ལས་བྱུང་བ་ཞིག་ཡིན་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༡ཚེས་༡ཉིན།

བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།