ས་སྐྱ་༧གོང་མའི་འཁྲུངས་སྐར་སྲུང་བརྩི་ཞུས་པ།

ཁ་སང་ཕྱི་ཚེས་༢༨བོད་རྒྱལ་ལོ༢༡༣༨བོད་ཟླ་བརྒྱད་པའི་ཚེས་གཅིག་ཉིན་འདི་གར་གྱེས་ཀྱི་གདན་ས་ར་པུར་ས་སྐྱ་ཆོས་སྒར་དུ་བརྩེ་ཆེན་བསྟན་པའི་མངའ་བདག་དཔལ་ས་སྐྱའི་ཁྲི་ཐོག་ཞེ་གཅིག་པ་ཆེན་པོ་མཁའ་མཉམ་སྐྱེ་འགྲོ་ཡོངས་ཀྱི་མགོན་དཔུང་དམ་པ་སྐྱབས་མཆོག་ྋགོང་མ་བདག་ཁྲི་རིན་པོ་ཆེ་མཆོག་མི་འཇིག་འཇིགས་རྟེན་ཁམས་འདིར་སྐུའི་མཚན་དཔེ་གསར་དུ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་རེ་བདུན་དང་བོད་ལུགས་ལྟར་རེ་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་རྩི་ཞུས་སོང༌།

སྐྱབས་རྗེ་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་མཆོག་གི་དབུས་པའི་ཆོས་སྒར་གྱི་འདུས་པ་སྤྱི་ནས་ཉིན་གསུམ་རིང་ཚེ་དཔག་མེད་ཆོ་གའི་སྒོ་ནས་བརྟན་བཞུགས་ཀྱི་སྒྲུབ་བཞགས་གནང་ནས་ཁ་སང་སྔ་དྲོ་ཚོུད་དགུ་པའི་ཐོག་མགོན་པོ་གང་ཉིད་ཕོ་བྲང་ནས་སྤྱན་རྒྱལ་སྤོས་དར་སོགས་ཀྱིས་སྣེ་དྲངས་ནས་བཞུགས་ཁྲིར་ཞབས་སུ་འཁོད་འཚམས་གསུང་ཆོག་དབུ་འཛུགས་གནང་རྗེས་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་དང་བཀྲིས་རྫས་བརྒྱད་དང་རྒྱལ་སྲས་སྣ་བདུན་སོགས་འདེགས་འབུལ་ཞུ་གནང་སོང༌།

དེའི་རྗེས་སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེས་རྟེན་གསུམ་འདེགས་འབུལ་ཞུས་པ་དང་རིམ་བཞིན་དགོན་སྡེ་གྲྭ་ཚང་ཁག་དང་གཞན་ཡང་སྤུ་རུ་ཝ་ལ་ས་གཞིས་དང་། ར་སྤུར། བདེ་སྐྱིད་གླིང་སོགས་ཀྱི་ས་གནས་མགོ་འཛིན་རྣམ་པ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅས་ཀྱིས་འབུལ་ཚོན་དང་མཇལ་ཁ་བཅར་སོང༌། དེ་རིང་གི་འཁྲུངས་སྟོན་མཛད་སྒོ་ལ་ཐེ་ཝན་དང་ནུབ་ཕྱོགས་བཅས་ཀྱི་དད་ལྡན་སློབ་མ་མང་པོ་ཞིག་ཀྱང་ཆེད་བཅར་གནང་འདུག་པ་མ་ཟད་ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་བའི་གྲྭ་བཙུན་མི་མང་བཅས་ཁྱོན་མི་མང་སྟོང་ཚོ་གཅིག་ཡས་མས་ཞིག་འདུ་འཛོམས་གནང་འདུག མཇལ་ཁ་གྲུབ་འཚམས་ཉིན་གུང་གསོལ་ཚིགས་ལ་རོལ་ནས་མཛད་སྒོ་རྒྱལ་ཁ་ངང་གྲུབ་སོང༌། གཞིས་བྱེས་གཉིས་སུ་གནས་པའི་ས་སྐྱའི་དགོན་ཁག་ཚང་མས་རྣམ་པ་འདྲ་མིན་གྱི་ཐོག་ནས་འཁྲུངས་སྐར་སྲུང་བརྩི་ཞུ་གནང་བཞིན་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡༠ཚེས་༡ཉིན། ས་གནས་ནས་ཐུབ་རྒྱལ་གྱིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།