རྒྱ་གར་གྱི་སློབ་མ་ཚོས་ང་ཚོར་བློ་སྤོབས་སྦྱིན་བྱུང་།

རྒྱ་གར་ནང་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཟླ་བ་༡ལྷག་ཙམ་རིང་རྒྱ་གར་གྱི་སློབ་གཉེར་ཁང་༢༥ཙམ་གྱི་ནང་ཁྱོན་སློབ་མ་ ༢༨༠༠ ལས་བརྒལ་བར་བོད་དོན་དྲིལ་བསྒྲགས་བྱས་འདུག དེ་ཡང་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་དང༌། འབྲེལ་མཐུད་པ་བསྟན་འཛིན་སྒྲོལ་དཀར་ལགས་རྣམ་གཉིས་འདི་ལོ་ཕྱི་ཟླ་༨པའི་ཚེས་༢༡ནས་ཕྱི་ཟླ་༩པའི་ཚེས་༢༥བར་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་རིང༌། རྒྱ་གར་གྱི་གྲོང་ཁྱེར་མང་ཆེ་བ་དང༌། ལྷག་པར་ལྡི་ལི་མཐོ་སློབ་དང༌། མཱ་དྷ་ར་སི་མཐོ་སློབ། རྒུ་ཇི་ར་དྷི་མཐོ་སློབ་སོགས་རྒྱ་གར་རྒྱལ་ཡོངས་མཐོ་སློབ་དང༌། སློབ་གཉེར་ཁང་ཁག་ ༢༥ ཙམ་གྱི་ནང་སྐོར་སྐྱོར་བྱས་ཏེ། ཁྱོན་སློབ་མ་༢༨༠༠ ཙམ་ལ་བོད་དོན་དྲིལ་བསྒྲགས་གནང་འདུག་ལ། ཐེངས་འདིའི་སྐོར་སྐྱོད་ཀྱི་དམིགས་ཡུལ་གཙོ་བོ་ནི། རྒྱ་གར་གྱི་གཞོན་སྐྱེས་དང་སློབ་ཕྲུག་ཚོའི་ཁྲོད་ནས་བོད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་བྱ་རྒྱུ་དེ་ཡིན་འདུག

བོད་དོན་གཏམ་བཤད་དྲིལ་བསྒྲགས་བྱས་པ་དང་ཆགས་ཅིག དོན་འགྲུབ་དབང་ཆེན་ལགས་ཀྱིས་བཟོ་སྐྲུན་བྱས་པའི་ Leaving Fear Behind ༼འཇིགས་བྲལ་༽ཞེས་པའི་གློག་བརྙན་དེ་ཡང་ཁོང་ཚོར་གཟིགས་འབུལ་ཞུས་ཡོད་འདུག རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒྱ་གར་ནང་གཞོན་སྐྱེས་ཚོའི་ཁྲོད་ནས་བོད་དོན་ཐད་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་པར་མཐོང་དུས་ང་ཚོ་བློ་སྤོབས་སྐྱེས་བྱུང༌།

ཁོང་ཚོས་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྒྱ་ནག་གི་དམག་གི་རྟེན་གཞི་ཆེན་པོ་འཛུགས་སྐྲུན་བྱེད་ཀྱིན་ཡོད་པ་དང༌། རྒྱ་གར་ནང་བཞུར་བཞིན་པའི་ཡར་ཀླུང་གཙང་པོར་རྒྱ་ནག་གཞུང་གིས་ཆུ་རག་རྒྱག་བཞིན་པའི་གནད་དོན་དེ་དག་སྐོར་དོ་སྣང་ཆེན་པོ་བྱེད་ཀྱི་འདུག་ཅེས་གསུངས་འདུག

བསྟན་འཛིན་སྒྲོལ་དཀར་ལགས་ཀྱིས། ངོས་ཀྱིས་བོད་དང་རྒྱ་གར་གཉིས་ནི་ལོ་རྒྱུས་རིང་བའི་ཆོས་དང་རིག་གཞུང་གཅིག་གྱུར་ཞིག་ཡིན་ལུགས་འགྲེལ་བརྗོད་བྱེད་ཀྱིན་ཡོད་ལ། རྒྱ་གར་བ་ཚོས་མ་འོངས་མུ་མཐུད་ནས་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་གདེང་ཚོད་ཆེན་པོ་སླེབས་སོང༌། ཐེངས་འདིའི་ལས་འགུལ་འདིའི་བརྒྱུད་ས་གནས་ཁག་མང་པོ་ཞིག་ཏུ་ཚོགས་པའི་ཡན་ལག་གསར་འཛུགས་དང༌། ཚོགས་མི་གསར་པ་མང་པོ་ཞིག་བསྡུ་སྐོང་ཐུབ་པ་བྱུང་སོང་ཞེས་འགྲེལ་བརྗོད་གནང་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༩ཚེས་༢༧ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།