རྒྱ་ནག་གཞུང་ཚབ་མདུན་དུ་མར་མེ་ཁྲོམ་སྐོར་བྱས་འདུག

ཟླ་འདིའི་ཚེས་༡༥ཉིན་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་རང་སྲོག་བློས་བཏང་གིས་རང་ཉིད་ཀྱི་སྐུ་གཟུགས་མེ་རུ་སྒྲོན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་སྐོར་སོགས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པར། ཟླ་འདིའི་ཚེས་༢༠ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཇར་མན་གྱི་རྒྱལ་ས་བྷར་ལིང་དུ་མར་མེ་ཁྲོམ་སྐོར་ཞིག་བྱས་འདུག

མར་མེ་ཁྲོམ་སྐོར་གྱི་ལས་འགུལ་དེ་གོ་སྒྲིག་གནང་མཁན། ཇར་མན་གྱི་ཌོ་ཆི་ལན་ཌིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡིན་ཞིང༌། སྐབས་དེར་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཁྱོན་མི་གྲངས་༥༠ལྷག་ཙམ་དེར་ཡོད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ནས་མར་མེ་ཁྲོམ་སྐོར་གྱིས་ངོ་རྒོལ་ལས་འགུལ་སྤེལ་འདུག

ཇར་མན་གྱི་ཌོ་ཆི་ལན་ཌི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ནཱ་ཌན་བྷའུ་མན་ལགས་ཀྱིས། ནང་པ་ཞིག་ལ་ཆ་མཚོན་ན། མིའི་ཚེ་སྲོག་ནི་བླ་ན་མེད་པའི་གཅེས་སྤྲས་བྱེད་ཡུལ་ཞིག་ཡིན། རྒྱ་ནག་གི་བཙན་འཛུལ་འོག་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱེད་པར་རྡུང་རྡེབ་དང་བཙོན་འཇུག་གི་མནར་གཅོད་ཕོག་བཞིན་ཡོད། དེར་བརྟེན་རྒྱ་ནག་གི་བཙན་གནོན་འོག བོད་མི་ཚོ་འ་ཆད་འུ་ཐུག་ནས་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེ་བསྲེགས་བཏང་དགོས་བྱུང་བ་རེད་ཅེས་གསུངས་འདུག

བདུན་ཕྲག་སྔོན་མའི་རེས་གཟའ་ཟླ་བ་ཉིན་སིན་ཁྲོམ་ཞིང་ཆེན་དཀར་མཛེས་རང་སྐྱོང་ཁུལ་ཟེར་བའི་ཁོངས་གཏོགས། རྟའུ་རྫོང་ཐོག་ཏུ་རང་ལོ་༢༩སོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས། རྒྱ་ནག་གིས་བོད་ནང་དུ་འཛིན་བཞིན་པའི་སྲིད་བྱུས་དེར་ངོ་རྒོལ་གྱིས་རང་ལུས་མེ་རུ་སྒྲོན་པ་དང༌། འདི་ནི་ཕྱི་ལོ་༢༠༡༡ལོའི་ནང་བོད་ནང་དུ་རང་སྲོག་བློས་བཏང་གིས་རང་ཉིད་ཀྱི་གཟུགས་པོ་མེ་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་ཐེངས་༢པ་དེ་ཆགས་ཡོད། འདི་ལོ་ཕྱི་ཟླ་༣པའི་ཚེས་༡༦ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ཉིད་མེ་སྲེག་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད།

ཌོ་ཆི་ལན་ཌའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི། ཕྱི་ལོ་༡༩༨༩ལོར་གསར་འཛུགས་བྱས་པ་ཞིག་དང༌། དེ་ནི་བོད་མི་ཚོའི་ཐོབ་ཐང་དང་དམིགས་བསལ་རྒྱ་ནག་གཞུང་གིས་བཙན་གནོན་དབང་སྒྱུར་འོག བོད་ནང་དུ་ཡོད་པའི་བོད་མི་དེ་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་གསར་འཛུགས་བྱས་པ་ཞིག་རེད་འདུག ཚོགས་པ་དེ་ཇར་མན་གྱི་ས་ཁུལ་ཁག་༦༠ཙམ་གྱི་ནང་ཁྱབ་ཡོད་ཅིང༌། ད་ལྟའི་ཆར་ཁྱོན་ཚོགས་མི་༢༠༠༠ལས་བརྒལ་བ་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༨ཚེས་༢༢ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།