རྒྱ་གཞུང་ནས་འཁྱོག་བཤད་ཁོ་ན་བརྗོད་ཀྱི་འདུག

ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་གིས་རྒྱ་ནག་གཞུང་ནས་བཤད་པའི་སྐད་ཆ་རྣམས་འཁྱོག་བཤད་ཁོ་ན་ཡིན་སྐོར་གསུངས་འདུག དེ་ཡང་སྐུ་ཚབ་མཆོག་གིས་གསུང་དོན། རྒྱ་ནག་གཞུང་གི་མགྲིན་ཚབ་པ་དང་འགོ་ཁྲིད་ཚོས་དེ་སྔོན་ནས་རྒྱ་བོད་གཉིས་ཀྱི་འབྲེལ་བའི་ཐོག་ལ་དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པ་སྐད་ཆ་མང་དག་ཅིག་བཤད་དང་ཤོད་མུས་ཡིན་པར་བརྟེན། ད་ལྟ་རྒྱ་ནག་གི་གསར་ཤོག་ནང་ཐོན་པའི་གནས་ཚུལ་ཡིན་རུང་འཁྱོག་བརྗོད་ཁོ་ན་རེད། ང་ཚོ་ཕྱི་ལོ་ ༢༠༡༠ ཟླ་ ༡ པའི་ཟླ་མཇུག་ལ་ཐུག་འཕྲད་ཐེངས་དགུ་པ་དེ་བྱས་པ་རེད།

དུས་དེ་ནས་བཟུང་ད་ལྟ་བར་བཀའ་མོལ་གང་ཡང་བྱུང་མེད། རྒྱལ་སྤྱིའི་ནང་གི་གཞུང་མང་པོ་ཞིག་གིས་རྒྱ་ནག་གཞུང་ལ་ཡང་ནས་བསྐྱར་དུ་༧གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་བཀའ་མོལ་གནང་དགོས་འདུག་ཅེས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད། གནད་དོན་དེ་དག་འགེབས་སྲུང་ཆེད་ད་ལྟ་བར་རྒྱ་ནག་གཞུང་ཕྱོགས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་དང་ལྷན་བཀའ་མོལ་མཛད་རྒྱུ་ཡིན་ཞེས་པའི་བཀའ་སློབ་རབ་དང་རིམ་པ་སྩལ་བ་དེ་དག་ལྷག་བསམ་རྣམ་དག་མ་རེད་ཅེས་འཁྱོག་བརྗོད་ཀྱི་སྐད་ཆ་དེ་དག་གིས་རྒྱལ་སྤྱིའི་གནོན་ཤུགས་འགེབས་སྲུང་བྱ་རྒྱུའི་ཆེད་དེ་ལྟར་བརྗོད་ཀྱི་ཡོད་པ་རེད་སྙམ་གྱི་ཡོད།

དེ་བཞིན་ཕྱི་ལོ་ ༢༠༠༢ བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱུང་རྗེས་ཕྱི་ལོ་ ༢༠༠༧ དང་ ༢༠༠༨ ལ་ང་ཚོ་ཐུག་འཕྲད་བྱུང་བ་རེད། དེ་རྗེས་རྒྱ་ནག་གཞུང་ནས་གཏམ་བཤད་ཅིག་གི་ནང་བོད་པའི་སྐུ་ཚབ་དེ་དག་གིས་འབྲེལ་ མོལ་བྱེད་སྐབས་ཡར་ལངས་ཏེ་ཕྱིན་པ་དེ་ནི་སྐད་ཆ་ཤོད་འདོད་མེད་པའི་རྣམ་འགྱུར་གསལ་པོ་བསྟན་པ་རེད་ཅེས་དེ་ལྟ་བུའི་རྫུན་གཏམ་དང་འཁྱོག་བཤད་མང་དག་ཅིག་བྱས་ཡོད། གང་ལྟར་རྒྱ་ནག་གཞུང་གིས་རྒྱ་བོད་གཉིས་ཀྱི་འབྲེལ་བའི་ཐོག་ལ་དངོས་བདེན་མ་ཡིན་པའི་འགྲེལ་བཤད་ལོག་པ་མང་པོ་ཞིག་བརྒྱབ་དང་རྒྱག་མུས་ཡིན་མ་ཟད། དུས་ད་ལྟ་ཡིན་ཡང་མུ་མཐུད་དེ་ལྟར་ཤོད་བཞིན་འདུག་ཅེས་གསུངས་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༧ཚེས་༢༨ཉིན།

བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ལས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།