ནོར་ཝེ་སྲིད་བློན་མཆོག་ལ་ཐུགས་གསོའི་འཚམས་འཕྲིན་གནང་འདུག

ཟླ་འདིའི་ཚེས་༢༣རེས་གཟའ་སྤེན་པ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ནོར་ཝེ་རུ་དྲག་སྤྱོད་པས་རྒོལ་རྡུང་འོག་མི་མང་པོའི་ཚེ་སྲོག་ཤོར་བར། ནོར་ཝེ་སྲིད་བློན་གྱི་མཚན་ཐོག་ནས་ཐུགས་གསོའི་འཚམས་འཕྲིན་ཞིག་གནང་འདུག དེ་ཡང་ཉེ་ཆར་ནོར་ཝེ་རུ་དྲག་སྤྱོད་པས་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་གྲོང་ཁྱེར་གྱི་དཀྱིལ་མ་དང༌། གླིང་ཕྲན་འགྲམ་གཞོན་ནུའི་སྡོད་གནས་ཤིག་ནས་སྔ་ཕྱི་རྒོལ་རྡུང་ཐེངས་གཉིས་བཏང་ནས། ཁྱོན་མི་གྲངས་༩༠ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་སྟབས།  དེ་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ནོར་ཝེའི་སྲིད་བློན་ཇེ་ནི་སིའི་མཚན་ཐོག་ནས་ཐུགས་གསོའི་འཚམས་འཕྲིན་ཞིག་གནང་འདུག

ཐུགས་གསོའི་འཚམས་འཕྲིན་དེའི་ནང༌། ཉེ་ཆར་འཇིགས་སྐུལ་དྲག་སྤྱོད་པས་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་གྲོང་ཁྱེར་དཀྱིལ་དུ་འབར་རྫས་བརྒྱབ་པ་དང༌། གཞོན་ནུའི་སྡོད་གནས་ཤིག་ཏུའང་གང་བྱུང་མེ་མདའ་བརྒྱབ་ནས་གཏོང་རྒོལ་བྱས་པས་རྐྱེན་གྱིས་མི་མང་པོའི་ཚེ་སྲོག་ཤོར་ཡོད་སྟབས་སེམས་སྡུག་དང་བློ་ཕམ་ཚད་མེད་བྱུང་། དེར་བརྟེན་ངོས་ཀྱིས་འདས་པོ་དེ་དག་གི་ནང་མི་དང་སྙིང་པོ་མེད་པའི་གཏོར་རྒོལ་ཐེབས་ཡུལ་གྱི་མི་མང་བཅས་ལ་གདུང་སེམས་མཉམ་སྐྱེད་དང༌། ཚེ་སྲོག་ཤོར་བའི་འདས་པོ་དེ་དག་ཆེད་བསྔོ་བ་དང་སྨོན་ལམ་ཡོད་ཅེས་དང༌། མ་ཚད་ནོར་ཝེ་སྲིད་བློན་མཆོག་དང༌། བོད་མི་དང་དམིགས་བསལ་འབྲེལ་བ་ཡོད་པའི་མི་དག་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་གསུངས་ཡོད་འདུག

གསར་འགྱུར་བརྒྱུད་ལམ་ཞིག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་རེས་གཟའ་པ་སངས་ཉིན་ནོར་ཝེའི་རྒྱལ་ས་ཨོ་སི་ལོའི་ནང་འབར་རྫས་གཅིག་གིས་ཁྱོན་མི་གྲངས་༧ཙམ་བསད་ཡོད་ལུགས་དང༌། ཡང་གསར་འགྱུར་བརྒྱུད་ལམ་ཁག་གཞན་ཞིག་ནས་རྒྱལ་སའི་ཕྱི་ལོགས་གཞོན་ནུའི་སྡོད་གནས་ཤིག་ནས་འཇིགས་སྐུལ་དྲག་སྤྱོད་པས་མེ་མདའ་གང་སར་བརྒྱབ་པས་རྐྱེན་གྱིས་ཁྱོན་མི་གྲངས་༨༤ཙམ་གྱི་ཚེ་སྲོག་ཤོར་ཡོད་ལུགས་བརྗོད་འདུག ནོར་ཝེ་ཉེན་རྟོག་པས་ལོ་ན་༣༢ཡིན་པའི་ཨན་ཌར་སེ་བྷེ་ཧཱ་རན་ཟེར་བ་ཞིག་ལ། སྔ་ཕྱི་གཏོར་རྒོལ་ཐེངས་གཉིས་ཀ་བཏང་མཁན་ཁོ་རང་ཡིན་པའི་ངོས་འཛིན་ཉེས་འཛུགས་བྱེད་ཀྱིན་ཡོད་འདུག ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༡ཟླ་༧ཚེས་༢༣ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བོད་སྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།