བོད་རིཌ་སློབ་མ་གཉིས་ལ་ཕུལ་བྱུང་གཟེངས་རྟགས་ཐོབ་པ།

བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་སྤེལ་གསལ་ལྟར་ན་ཕྱི་ལོ་༢༠༡༠ ལོར་ལོན་ཌོན་མེ་ཊོ་པོ་ལི་ཊེན་གཙུག་ལག་སློབ་གཉེར་ཁང་(London Metropolitan University) ནས་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཚན་ (B.Sc hons.Computing & Mathematics) ཐོག་ཨང་རིམ་རྩེ་ཕུད་ལོན་པའི་སློབ་མ་བསྟན་འཛིན་རང་གྲོལ་དང་། དེ་བཞིན་ཚན་རིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་སྐྱེ་དངོས་སྨན་དཔྱད་རིག་པའི་ (B. Sc. (hons.) Biomedical Science) ཐོག་ཨང་རིམ་རྩེ་ཕུད་ལོན་པའི་བུ་མོ་དྭགས་པོ་བསྟན་འཛིན་སྒྲོལ་མ་གཉིས་ལ་གཙུག་ལག་སློབ་གཉེར་ཁང་དེ་ནས་ཕུལ་བྱུང་གི་གཟེངས་རྟགས་ཐོབ་ཡོད།

དེ་ཡང་སློབ་མ་བསྟན་འཛིན་རང་གྲོལ་ལ་གཙུག་ལག་སློབ་གཉེར་ཁང་དེ་ནས་གཙུག་ལག་སློབ་ཁང་གི་ཤེས་ཡོན་ཕུལ་བྱུང་གི་གཟེངས་རྟགས་དང། རྩེ་ཕུད་སློབ་ཕྲུག་ཉི་ཤུའི་ཁོངས་སུ་ཆེ་བསྟོད་ (University Recognition Award for Academic Excellence, Best first class honours award-top twenty student) ཀྱི་གཟེངས་རྟགས་ཐོབ་ཡོད།  སྤྱིར་སློབ་མ་བསྟན་འཛིན་རང་གྲོལ་ལགས་ནི་ཕྱི་ལོ་ ༢༠༠༦ ལོར་མོན་གྷོ་གཏན་སློབ་ནས་ཐོན་ཞིང། ལོ་དེར་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་བོད་སློབ་ཁག་ནས་ཚན་རིག་གི་སྡེ་ཚན་ཁོངས་རྩེ་ཕུད་ལོན་པར་བརྟེན་ཤེས་རིག་ལས་ཁུངས་ཀྱི་དགའ་ལྡན་ཕོ་བྲང་བྱ་དགའ་ཐོབ་ཡོད། ད་ལྟའི་ཆར་ཁོང་ལོན་ཌོན་གྱི་གཙུག་ལག་སློབ་གཉེར་ཁང་རང་འཇགས་སུ་ཚན་རིག་གཙུག་ལག་རབ་འབྱམས་པ་ཨང་རྩིས་ (M. Sc. Mathematics) ཐོག་སློབ་གཉེར་བྱེད་བཞིན་ཡོད།

དེ་བཞིན་སློབ་མ་དྭགས་པོ་བསྟན་འཛིན་སྒྲོལ་མར་གཙུག་ལག་སློབ་གཉེར་ཁང་དེ་ནས་(Biomedical Science prize) ཞེས་པའི་ཚན་རིག་གཟེངས་རྟགས་ཐོབ་ཡོད། རྩ་བའི་སློབ་མ་བསྟན་འཛིན་སྒྲོལ་མ་ལགས་ནི་ཕྱི་ལོ་ ༢༠༠༧ ལོར་རྡ་སྟེང་བོད་ཁྱིམ་སློབ་གྲྭ་ནས་འཛིན་རིམ་བཅུ་གཉིས་ཐོན་པ་དང་། བོད་ཁྱིམ་སློབ་གྲྭ་ཡོངས་ནས་ཚན་རིག་གི་སྡེ་ཚན་ནང་ཨང་དང་པོ་ལོན་མཁན་ཞིག་ཡིན། ད་ལྟའི་ཆར་ཁོ་མོ་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་ (Australian National University) དུ་ཚན་རིག་གཙུག་ལག་རབ་འབྱམས་ (M. Sc. Biotechnology) ཐོག་སློབ་གཉེར་བྱེད་བཞིན་ཡོད་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༦ཚེས་༢༥ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
བོད་ཀྱི་ན་གཞོན་བུ་བཟང་ བསྟན་འཛིན་རང་གྲོལ་དང་ བོ་མོ་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་ བོད་མི་རིགས་སྥྱི་ཡི་མིང་དང་རིགས་གཞུང་ལ་ཕན་པའི་བྱས་རྗེས་བཟང་པོ་ཞིག་བཞག་གནང་བ་ལ་སྙིང་ནས་གུས་བཀུར་དང་་་ ཁོང་རྣམ་གཉིས་ལྟ་བུའི་གཞོན་སྐྱེས་མང་པོ་ཞིག་བོད་པའི་སྥྱི་ཚོགས་ནང་ཡོང་བའི་རེ་བ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།