རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གིས་སྙན་ཞུ།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༥ཚེས་༢༨ཉིན། འཛམ་གླིང་གི་གླིང་ཆེན་༦ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་༡༨༣ཙམ་གྱིས་མིང་རྟགས་བཀོད་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། འཛམ་གླིང་གི་རྒྱལ་ཁབ་ཁག་གི་སྲིད་གཞུང་སོ་སོར་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ནང་དམ་བསྒྲགས་བྱེད་བཞིན་པའི་གནས་སྟངས་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་རོགས་ཞེས་སྙན་ཞུ་ཞིག་ཕུལ་ཡོད་འདུག

སྙན་ཞུ་དེར་མིང་རྟགས་འགོད་མཁན་ཁྱོན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་༢༠༠ལས་བརྒལ་བ་ཡོད་འདུག་ཅིང༌། སྙན་ཞུ་དེའི་ནང་ད་ལྟའི་ཆར་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་ནང་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་དམག་གིས་དམ་དྲག་བྱེད་མུས་སུ་གནས་ཡོད་སྟབས། དམག་མི་དེ་དག་འཕྲལ་དུ་ཕྱིར་འཐེན་དགོས་པ་དང༌། དེ་སྔོན་འཛིན་བཟུང་བྱས་པའི་དགེ་འདུན་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་བཀྲོལ་གཏོང་དགོས།

མ་ཚད་རྔ་པ་ཁུལ་དང་རྔ་པ་ཀིརྟི་དགོན་པའི་ནང་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད། རང་དབང་ཅན་གྱི་རྒྱལ་སྤྱིའི་རྟོག་ཞིབ་པ་དང༌། གསར་འགོད་པ་འགྲོ་སྐྱོད་ཆོག་རྒྱུར་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱ་ནག་གཞུང་ལ་འབོད་སྐུལ་གནང་རོགས་ཞེས་རེ་འདུན་བཏོན་ཡོད་འདུག

དེ་དང་ཆབས་ཅིག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ "Global Week of Action for Ngaba"ཞེས་པའི་༼བདུན་ཕྲག་གཅིག་རིང་རྔ་པའི་གནས་སྟངས་ཆེད་གོ་ལའི་ལས་འགུལ་༽ཞེས་ལས་འགུལ་འདྲ་མིན་ཞིག་སྤེལ་རྒྱུ་ཡིན་ལུགས་གནས་ཚུལ་སྤེལ་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།