སྐབས་༡༩ པའི་སྤྱི་མཐུས་ནང་དུ་འཚངས་ཁས་སླེབས་པའི་མདོ་སྟོད་པའི་འོས་མི་ཁམས་རིགས་སྐྱེ་བོ་རྣམས་ལ་རེ་བའི་སྙིང་གཏམ་དམར་པོ།།

༡ གང་ཞིག་སྐྱེ་བའི་ཕ་ས་གཅིག་པ་རུ།། སོང་བའི་རིགས་ཀྱིས་བསྡུས་པའི་སྤྱི་འཐུས་ཚོ།། མ་ཡེངས་ཐོས་འཛིན་དབང་པོའི་ཡོལ་གོ་དེ།། ཁོ་བོའི་མཆུ་སྒྲོས་ཐད་དུ་ཅུང་ཟད་གཡོར།། ༢ སྤྱི་མཐུན་དཀར་མིན་ལས་ཀྱི་བསོད་ནམས་ཀྱིས།། ཡོལ་བའི་བགྲང་བྱ་བཅུ་ཕྲག་ལྔ་ལྷག་ལོར།། མྱང་བའི་མི་ཟད་དུ་ཁ་འདི་བསམ་ནས།། སྤྱི་འཐུས་རྣམས་ཀྱིས་སྙིང་ནས་མ་བརྗེད་གཅེས།། ༣ དགོན་སྡེ་གཏོར་ཞིང་ཉེས་མེད་ཁྲིམས་ལ་སྦྱར། བཀའ་བསྟན་གསུང་རབ་མེ་ཆུ་རླུང་ལ་སྦྱངས།། དམྱལ་བ་མི་ཡུལ་མྱོང་བ་ལྟ་བུ་དེ།། སྤྱི་འཐུས་རྣམས་ཀྱིས་གདམས་ག་མ་ནོར་གཅེས།། ༤ གངས་ཅན་མགོན་པོའི་གཙོས་པའི་བོད་རིགས་རྣམས།། སྲིན་ཕུང་བེར་གས་གཏོར་བ་ཇི་བཞིན་དུ།། མི་འདོད་གཞན་ཡུལ་འཁྱམས་པའི་ལེ་ལན་འདི།། སྤྱི་འཐུས་རྣམས་ཀྱིས་སྙིང་ནས་ཤེས་པར་གཅེས།། ༥ སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན་པ་ཡིས།། བརྩེ་བའི་བུ་ལ་མ་ཡིས་ཇི་བཞིན་དུ།། ལུགས་གཉིས་ལམ་གྱི་བཀའ་སློབ་ཟབ་མོ་དེ།། སྤྱི་འཐུས་རྣམས་ཀྱིས་མ་བརྗེད་སྙིང་ལ་ཞོག། ༦ དགོས་པའི་དགྲ་ལ་དཔུང་པ་མི་ངོམ་ནས།། མི་དགོས་གྲོས་ཚོགས་ནང་མདུང་རྩེ་སྐོར།། གལ་གགནད་སྐབས་སུ་དགྲ་གཉེན་མ་ནོར་བར།། སྤྱི་འཐུས་རྣམས་ཀྱིས་གདམས་ག་མ་ནོར་གཅེས།། ༧ གཅེས་པའི་སྲོག་དམར་མཚོན་གྱི་རྩེ་ལ་དྲངས།། བསགས་པའི་ཕ་ནོར་དགྲ་བོའི་ལག་ཏུ་ཤོར།། ཆོལ་གསུམ་བོད་ཀྱི་གོད་ཆག་འདི་བསམ་ནས།། སྤྱི་འཐུས་རྣམས་ཀྱིས་རྡོག་རྩ་གཅིག་སྦྲེལ་བྱོས།། ༨ ཆོལ་ཁ་ཆོས་རྒྱུད་རྩོད་པའི་དུས་མ་ཡིན།། མདོ་སྟོད་གསར་རྙིང་འབྱེད་པའི་དུས་མ་ཡིན།། སྐབས་འཚོལ་རྗེས་སུ་རྒྱུགས་པའི་དུས་མ་ཡིན།། ཁམས་པའི་སྤྱི་འཐུས་རྣམས་ཀྱིས་སྙིང་ལ་ཞོག། ༩ ངོ་དགའ་སྤྲེལ་ལད་འཁྲབ་པའི་དུས་མ་ཡིན།། སྐུ་དྲག་རིང་ལུགས་འཛིན་པའི་དུས་མ་ཡིན།། མངའ་རིས་དབུས་གཙང་རྩོད་པའི་དུས་མ་ཡིན།། དབུས་གཙང་སྤྱི་འཐུས་རྣམས་ཀྱིས་སྙིང་ལ་ཞོག། ༡༠ མགོ་བདེ་དྲན་འཁྲུལ་བྱེད་པའི་དུས་མ་ཡིན།། ཆོས་ལ་དུག་ཏུ་ལྟ་བའི་དུས་མ་ཡིན།། རང་གི་ལྟོ་གོས་བཙལ་བའི་དུས་མ་ཡིན།། མདོ་སྨད་སྤྱི་འཐུས་རྣམས་ཀྱི་ཐུགས་ལ་ཞོག། ༡༡ སྤྱི་འཐུས་ལ་རྒྱ་ཅན་གྱི་བུ་ཡོད་ན། ཆོལ་གསུམ་སྤུན་ཟླའི་ནང་ལ་མཐུན་འབྲེལ་བྱོས།། ཕ་བསད་ཤན་པ་ལག་དམར་གདོང་ལ་བུད།། དེ་ཡང་སྤྱི་འཐུས་རྣམས་ཀྱིས་ཐུགས་ལ་ཞོག། ༡༢ དམངས་ཀྱིས་ཡིད་ཆེས་བྱས་ནས་སྤྱི་འཐུས་བཀུར།། སྤྱི་འཐུས་རྣམས་ཀྱིས་དམངས་ཀྱི་བདེ་དོན་སྒྲུབས།། ལྷག་བསམ་གཞུང་དྲང་བོད་མིའི་འོ་ཚབས་པ།། སྤྱི་འཐུས་རྣམས་ཀྱིས་མ་བརྗེད་སྙིང་ལ་ཆོངས།། ༡༣ གོང་ས་མཆོག་ཉིད་བགྲེས་ཡོལ་གནང་བ་དང་།། གཞི་བྱེས་བོད་མིའི་དཀའ་སྡུག་འདི་བསམ་ནས།། ད་རེས་ཆོལ་གསུམ་བོད་ཀྱི་སྤྱི་འཐུས་རྣམས།། རྡོག་རྩ་གཅིག་སྦྲེལ་བྱོས་ཤིག་བ་བཟང་ཚོ།། ༡༤ དེ་སྐད་སྤྱི་འཐུས་རྣམས་ལ་གདམས་པའི་གཏམ།། ལྟེ་ཁྲག་དམར་པོ་ས་དེར་འཕོས་པའི་བུ།། ཨ་རི་ཀ་ལི་ཧྥོ་ཉའི་གྲོང་ཁྱེར་རུ།། ཁམས་ཕྲུག་ཀརྨ་ཡེ་ཤེས་གུས་པས་ཕུལ།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "ཆུ་སྒང་དབུས་རྒྱུན་འོས་མི།"



བརྗོད་གཞི་གཞན་ཁག་ལ་གཟིགས།