གནད་འགག་མི་འདུག་ཨེ། -

༅༅།། དེང་སྐབས་བཀའ་ཁྲིའི་འོས་མི་བློ་བཟང་སེང་གེས་ཕྱིར་སྡོད་ཀྲུང་གོ་བའི་ལག་ཁྱེར་བཟུང་སྟེ། རྒྱ་ནག་ཏུ་བསྐྱོད་པའི་གནས་ཚུལ་དེ་གནད་དོན་ཚབས་ཆེན་དུ་བརྩི་བ་དང་གནད་དོན་གཏན་ནས་མེད་པ་ཞིག་ཏུ་བརྩི་བ་བཅས་ལྟ་སྟངས་གཉིས་སུ་གྱེས་ཡོད། ད་ཕན་རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་མངའ་ཁོངས་ཡིན་པར་ཧམ་བཤད་བྱེད་པའི་དཔང་རྟགས་ཡིག་ཆའི་ནང་ནས་གྲངས་མང་ཤོས་དང་མངོན་གསལ་ཆེ་ཤོས་ནི། རྒྱ་ནག་གི་གོང་མ་རིམ་བྱུང་གིས་བོད་ཀྱི་བླ་ཆེན་དང་མི་ཆེན་ཚོར་སྤྲད་པའི་ཐམ་ཀ་དང་འཇའ་ས་དེ་ཚོ་རེད་ལ། བོད་རང་ངོས་ནས་རང་བཙན་ཡིན་པའི་སྒྲུབ་བྱེད་གལ་གནད་ཆེ་ཤོས་ཤིག་ཀྱང་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གྱིས་རྒྱ་ནག་གིས་དངུལ་དངོས་ཀྱིས་བསླུ་བྲིད་ཇི་ལྟར་བྱས་ཀྱང་མགོ་མ་འཁོར་བར་བོད་རང་གི་ལག་ཁྱེར་ཞིག་འཁྱེར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སོང་བ་དང་། དེའི་ཐོག་ཕྱིའི་རྒྱལ་ཁབ་ཚོས་ཐོངས་མཆན་སྤྲད་པ་དེ་རེད། དེ་སྔོན་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་གི་ཐོག་ཏུ་རྒྱ་ནག་གི་མཁས་པ་ཞིག་གིས་གྲོས་མཐུན་དོན་ཚན་ ༡༧ མ་བཞག་གོང་ནས་བོད་དེ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བརྗོད་སྐབས། བོད་ཀྱི་མཁས་དབང་ཟླ་བ་ནོར་བུ་དམ་པ་དེས། དོན་ཚན་ ༡༧ འཇོག་པར་ཡོིང་མཁན་བོད་ཀྱི་སྐུ་ཚབ་ཚོ་རྒྱ་གར་ནས་རྒྱ་ནག་ལ་ཡོང་སྐབས་ལག་ཁྱེར་ག་རེ་འཁྱེར་ཡོད་རེད། ཅེས་གནད་འགག་ཅན་གྱི་དྲི་བ་གཅིག་བཏོན་ཏེ་བོད་རང་བཙན་ཡིན་སྟངས་དག་སྐྱེལ་གནང་བ་ང་རང་གིས་དངོས་སུ་མཇལ་མྱོང་། རེད། ད་ལྟ་ལག་ཁྱེར་དེ་འདྲ་ཞིག་བཟུང་ན། སྐྱོན་མེད་པའམ་སྐྱོན་ཆུང་ཆུང་ཡིན་པར་མཐོང་སྲིད། འོན་ཀྱང་སྔོན་གྱི་རྒྱ་ནག་གོང་མའི་ཐམ་ཀ་དང་འཇའ་ས་དེ་ཚོ་གནང་དུས་སུའང་། མང་པོ་ཞིག་གིས་ཕུགས་སྐྱོན་མ་མཐོང་བར་བླངས་པ་རེད། འདི་ལྟར་གཅིག་བསགས་གཉིས་བསགས་བྱས་ཏེ་ཐ་མ་མི་རབས་ནས་མི་རབས་བར་རང་མགོར་གཞུ་བྱེད་ཀྱི་གསེར་ཐམ་དང་དངུལ་ཐམ། འཇའ་ས་གསེར་བྲིས་མ་དང་དངུལ་བྲིས་མ་དེ་ཚོ་བྱུང་བ་རེད། བཙན་བྱོལ་ནང་ལ་མཚོན་ན། གནད་དོན་དེ་ཚོ་བོད་མི་ཚོས་མ་ཤེས་པ་མ་རེད་ལ་གདོང་ལེན་གྱི་གྲ་སྒྲིག་ཀྱང་མ་གནང་བ་མ་རེད། དཔེར་ན། ༡༩༧༩ ལོར་བོད་ནང་གཉེན་འཕྲད་འགྲོ་བའི་གོ་སྐབས་ཤར་བའི་སྐབས་ནས་བཟུང་། བོད་མི་མང་པོས་ཡུན་རིང་བྲལ་བའི་གཉེན་སྤུན་ཐུག་ཆེད་དང་དེ་མིན་གྱི་དོན་དག་ཆེད་བོད་ལ་འགྲོ་བཞིན་པ་དང་། དེ་ལ་རྒྱ་ནག་གཞུང་གིས་ཀྲུང་གོའི་ཕྱི་སྡོད་རང་མིའམ། རྒྱ་ནག་གི་ཕྱིར་སྡོད་མི་སེར་ཞེས་བའི་ལག་དེབ་ཅིག་སྤྲོད་བཞིན་ཡོད་པ་ཤེས་ཡོད། ལག་དེབ་དེའི་རྒྱབ་ཤོག་ནང་མའི་དོན་ཚན་ཞིག་གི་ནང་། རང་ཉིད་རྒྱ་ནག་གི་མི་ཁོངས་(མི་སེར་ཞེས་བྲིས་པའང་འདུག)ཡིན་པ་ཁས་ལེན་བྱ་དགོས་ཞེས་གསལ་བོ་བྲིས་ཡོད། བཙན་བྱོལ་བོད་མི་དང་བོད་གཞུང་གིས་འདི་གནད་དོན་ཞིག་ལ་བརྩིས་ཏེ་བོད་དུ་འགྲོ་མཁན་བཙན་བྱོལ་བོད་མི་ཚོས་འགེངས་ཤོག་ཅིག་བསྐང་དགོས་པའི་སྲོལ་ཡིག་གཏན་ལ་ཕབ། འགེངས་ཤོག་དེའི་ནང་། ཐབས་ཤེས་མེད་པའི་གནས་ཚུལ་འོག་རྒྱ་ནག་གི་ཕྱི་སྡོད་རང་མིའི་ལག་འཁྱེར་ལེན་དགོས་བྱུང་བ་མ་གཏོགས། རང་མོས་ཀྱིས་བླངས་པ་མིན་ཞེས་པའི་ནང་དོན་ལ་མིང་རྟགས་འགོད་དགོས། འདི་ལྟར་རྒྱ་ནག་གཞུང་གིས་ཀྱང་ལག་འཁྱེར་དེ་ལེན་མཁན་གྱི་ཐོ་གཞུང་བསགས་ཡོད་རེད་ལ། བོད་གཞུང་གིས་ཀྱང་འགེངས་ཤོག་དེ་བསགས་ཡོད་པ་རེད། བློ་བཟང་སེང་གེར་དག་འབུད་བྱེད་མཁན་ཁ་ཤས་ཀྱིས་༸གོང་ས་མཆོག་གིས་རྒྱ་ནག་གི་མི་སེར་གནང་འདུན་ཡོད་ཅེས་གསུངས་ཟིན་ལུགས་དང་། བློ་བཟང་སེང་གེ་ངོ་མས་སྔོན་མ་(༡༩༩༥ གོང་ལ་ཟེར་)༸གོང་ས་མཆོག་གི་སྐུ་ཚབ་སྐུ་འཁོར་དང་བཅས་པ་རྒྱ་ནག་ལ་ཕེབས་སྐབས་ཕྱིར་སྡོད་ཀྲུང་གོ་བའི་ལག་འཁྱེར་བསྣམས་ཡོད་ཚུལ་དང་། ད་ལྟའི་སྐུ་ཚབ་སྐུ་འཁོར་ནང་དུའང་རྒྱ་གར་གྱི་ལག་དེབ་སེར་པོ་འཁྱེར་མཁན་ཚོས་རྒྱ་ནག་གི་ཕྱིར་སྡོད་རང་མིའི་ལག་འཁྱེར་ཁྱེར་ནས་སོང་བ་དེ་ལམ་ལུགས་སྲོལ་ཞིག་ཡིན་ཚུལ་ལྟ་བུ་བརྗོད་ཡོད། འདི་ལྟར་རང་དང་རང་ཕྱོགས་ཀྱི་འོས་མི་ཞིག་གི་ནོར་འཛོལ་དག་འབུད་ཀྱི་ཆེད་དུ། བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་དེའི་སྐུ་ཚབ་བཅས་པའང་ནག་པོ་བཟོ་བར་ཐེ་ཚོམ་མི་བྱེད། དོན་དམ་དུ་༸གོང་ས་མཆོག་གིས་བོད་ཡོིངས་ཆིག་སྒྲིལ་ཐོག་མིང་དོན་མཚུངས་པའི་རང་སྐྱོང་དོན་སོན་བྱུང་ན། རྒྱ་ནག་གི་མི་སེར་གནང་འདོད་ཡོད་ཅེས་གསུངས་པ་ལས་གཞན་གསུངས་མེད། ད་ཕན་བོད་རྒྱའི་བར་གྱི་འགག་ས་གཙོ་བོ་ཞིག་ནི་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ཆབ་སྲིད་ཀྱི་དགོས་མཁོ་བཞིན་འགྱུར་བ་གཏོང་མི་གཏོང་དང་། བོད་ཡུལ་ཡོངས་རྫོགས་ཆིག་སྒྲིལ་བྱེད་དང་མ་བྱེད་ཀྱི་གནད་དེར་ཐུག་ཡོད་པ་དེ་སྤྱི་དོན་གླེང་མཁན་ཚང་མས་མཁྱེན་དགོས་བ་ཞིག་རེད། དེ་མིན་ ༡༩༧༩ ནས་བོད་གཞུང་གི་སྐུ་ཚབ་ཚོགས་པ་བོད་ནང་དང་རྒྱ་ནག་ཏུ་ཕེབས་སྐབས། རྙོག་དྲ་ཡོང་རྐྱེན་མེད་པའི་ལག་འཁྱེར་ཞིག་གི་ཐོག་ཕེབས་བཞིན་ཡོད་ཀྱང་། ལོ་རབས་དགུ་བཅུ་པའི་ནང་རྒྱ་གཞུང་གིས་བོད་ཀྱི་སྐུ་ཚབ་རྣམ་པ་ཡང་ཕྱིར་སྡོད་རང་མིའི་མིང་ཐོག་ནས་ཡོང་དགོས་ཞེས་བཤད་ཅིང་། བོད་ཕྱོགས་ནས་དེ་ལ་ཁས་ལེན་མ་བྱས་པར་སྐབས་ཤིག་རིང་འབྲེལ་མོལ་མཚམས་ཆད་པ་དེ་ཡོངས་གྲགས་རེད་ལ། དེའི་སྐོར་འབྲེལ་ཡོད་མི་སྣ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་དང་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་སོགས་ཀྱིས་སྤྱི་ཚོགས་ནང་གསལ་པོ་བཟོས་ཟིན། འོན་ཀྱང་བཙན་བྱོལ་བོད་གཞུང་དང་སྤྱི་ཚོགས་ཀྱི་སྒྲོམ་གཞི་ཡོངས་རྫོགས་རྒྱུས་ཡོད་པར་སྒྲོག་ཅིང་། ལྷག་པར་བཀའ་བློན་དང་དྲུང་ཆེ་སོགས་ཆེ་ཆེ་རྫིག་རྫིག་ཡོངས་རྫོགས་ལ་བཅར་འདྲི་ཞུས་ཏེ་བཙན་བྱོལ་གྱི་གནད་འགག་ཆེ་མ་ཆུང་གསུམ་ལ་ནང་བྱན་ཆུད་ཟིན་པ། ཡང་སྒོས་བོད་རྒྱའི་འབྲེལ་ལམ་ལ་ཉམས་ཞིབ་གཏིང་ཟབ་ཀྱི་“ཁྱད་མཁས་”པར་གྱུར་ཡོད་ཟེར་མཁན་ཁྲིམས་འཛིན་རིག་པ་བ་བློ་བཟང་སེང་གེས་གནད་འགག་ཆེས་ཆེ་ས་འདི་མ་ཤེས་པ་ཡ་མཚན་རེད། ཉེ་ཆར་བོད་དང་རྒྱ་ནག་ཏུ་ཕེབས་དང་ཕེབས་བཞིན་པའི་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ། ཁོང་རྣམ་པའི་ཕྱག་རོགས་བཅས་པའང་རྙོག་དྲ་ཡོང་ས་མེད་པའི་ལག་འཁྱེར་ཞིག་གི་ཐོག་ནས་ཕེབས་བཞིན་པ་དེ་དྭགས་པོ་བསོད་ནམས་ནོར་བུས་གསལ་པོ་བཟོས་ཡོད་ལ། དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་གཉིས་ཀྱི་མི་ཁུངས་ལག་འཁྱེར་གྱི་གནས་བབས་ཆ་ནས་ཀྱང་དེ་འདྲའི་དཀའ་ངལ་ཡོང་ས་མེད། ད་དུང་འདི་ལས་འཕྲོས་ཏེ་མི་འགས་གནད་དོན་གཞན་ཞིག་བསླངས་ཡོང་བ་ནི། ཨ་རི་དང་ཁ་ཎ་ཌ་སོགས་སུ་སྐྱབས་བཅོལ་དུ་ཡོང་སྟེ་ཡུལ་གྲུ་དེ་ཚོའི་མི་སེར་ཆགས་པའི་བོད་མི་ཚོས། འགེངས་ཤོག་ནང་རང་གི་ཐོག་མའི་ཡོང་ཁུངས་ཡུལ་གྲུ་རྒྱ་ནག་ཡིན་ཞེས་བྲིས་ཡོད་ཚུལ་དེ་རེད། སྤྱིར་བཏང་དེ་ལ་གནས་ཚུལ་སྣ་ཚོགས་ལས་གཅིག་གྱུར་ཞིག་མེད། འདི་ག་ཁེ་ཎ་ཌའི་ནང་ལ་མཚོན་ན། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་བསྟན་རྒྱུ་ཡོད་ན་ཡིག་ཆ་གཞན་ཅི་ཡང་མི་དགོས་པར་སྐྱབས་བཅོལ་བར་ཁས་བླངས་པ་སྟོང་ཕྲག་བྱུང་ཡོད་ལ། མི་རྒྱུད་ཀྱི་འགེངས་ཤོག་ནང་། ཨ་རི་དང་ཁེ་ན་ཌའི་ནང་གི་བོད་མི་ཚོས་ Tibetan ཞེས་འབྲི་བ་ལས་Chinese ཞེས་འབྲི་མཁན་མེད། རྒྱལ་ཁབ་གང་ནས་ཡོང་བའི་རེའུ་མིག་ནང་རྒྱ་གར་དང་བལ་ཡུལ་ནས་ཡོང་བར་ཁས་ལེན་མཁན་ཚོས་རྒྱ་གར་དང་བལ་ཡུལ་ཞེས་འབྲི་བ་དང་ཉེ་ཆར་བོད་ནས་ཡོང་བ་ཡིན་ཟེར་མཁན་ཚོས། བོད་དམ་ད་ལྟའི་རྒྱ་ནག་འོག་གི་བོད་ཅེས་འབྲི་བཞིན་ཡོད། ཡང་མང་པོ་ཞིག་གིས་རྒྱལ་ཁབ་མེད་པའི་མི་(Stateless)ཞེས་བྲིས་པའང་ཡོད། བློ་བཟང་སེང་གེས་བོད་གཞུང་ལ་རྒྱ་ནག་ལ་བསྐྱོད་ཆོག་པའི་བཀའ་འཁྲོལ་ཞུས་ཡོད་པ་དེ་གསལ་པོ་ཆགས་ཡོད་ཀྱང་། བཀའ་འཁྲོལ་ཞུ་སྐབས་ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་འཁྱེར་ཁྱེར་ཏེ་འགྲོ་བཞིན་ཡོད་པ་དེ་བོད་གཞུང་ལ་ཞུས་ཡོད་མེད་གསལ་པོ་མེད། འོན་ཀྱང་བོད་གཞུང་གིས་གཏན་ལ་ཕབ་པའི་འགེངས་ཤོག་དེ་བསྐངས་མེད་པ་གསལ་པོ་རེད། རྒྱ་ནག་གི་ཕྱིར་སྡོད་རང་མིའི་ལག་ཁྱེར་བླངས་པ་ཙམ་གྱིས་ལམ་སང་ཁྲིམས་ཐོག་ནས་རྒྱ་ནག་གི་མི་སེར་ཆགས་ཀྱི་མེད་ཀྱང་ཉུར་མཐར་ལག་འཁྱེར་འཁྱེར་མཁན་དེའི་མི་རྒྱུད་ཀྲུང་གོ་བའམ་རྒྱ་ནག་པ་ཡིན་པ་དང་། ད་ལྟ་རྒྱ་ནག་གི་ཕྱི་རོལ་དུ་གནས་སྡོད་བྱེད་པ་སྟོན་ཞིང་། དེ་བཞིན་ལག་འཁྱེར་འཁྱེར་མཁན་རང་ངོས་ནས་རང་ཉིད་རྒྱ་ནག་གི་མི་སེར་ཡིན་པར་སེམས་གཏིང་ནས་ཁས་ལེན་བྱེད་མིན་ཇི་ལྟར་ཡང་། ལག་ཁྱེར་སྤྲོད་མཁན་རྒྱ་ནག་གཞུང་གིས་ལག་ཁྱེར་སྤྲོད་ཡུལ་དེ་ཕྱི་རྒྱལ་བར་བརྩི་ཡི་མེད་པ་དེ་གསལ་པོ་རེད། དེ་ནི་མཐར་གཏུགས་ནས་བཤད་ན་ལོ་རྒྱུས་ཀྱི་གནད་དོན་ཅིག་དང་། བོད་ལ་སྦྱར་ནས་བཤད་ན། བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་ཡིན་མ་ཡིན་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཡོད། ཀུ་རེ་ཚུན་དུའང་"རྒྱ་ནག་གི་ཨོ་བྷ་མ་"བྱེད་འདོད་ཡོད་པ་ཞིག་དང་། བོད་པ་ཚོས་“ཇོ་ཁང་ནང་སྲོང་བཙན་སྒམ་པོ་དང་མཉམ་དུ་ཨ་ཅེ་རྒྱ་བཟར་ཕྱག་འཚལ་བ་དེས་བོད་པས་རྒྱ་མིར་འཁོན་འཛིན་རྒྱུན་བཅངས་བྱས་མེད་པ་མཚོན་”(འབྲེལ་ཐག་འདི་ལ་གཟིགས། http://asiaquarterly.com/2006/01/27/ii/)ཞེས་འཁྱོག་བཤད་བྱེད་པ། ལྷག་པར་དུ་བོད་མི་བཙན་བྱོལ་བའི་འགྲུལ་བཞུད་ཅེས་པའི་རྩོམ་ཡིག་ནང་བོད་ཀྱི་སྔོན་མའི་སྤྱི་ཚོགས་དེ་རྒྱ་གཞུང་གི་བཤད་སྟངས་ལྟར་“བཀས་བསྐོས་རྒྱུན་འཛིན་ཞིང་བྲན་ལམ་ལུགས་རེད་”ཅེས་བོད་གཞུང་དང་༸གོང་ས་མཆོག་གི་ལངས་ཕྱོགས་ཀྱི་ལྡོག་ཟླར་ལངས་ནས་སྨྲས་ཐོག ‘‘[ཏཱ་ལའི་]བླ་མས་ཡིན་གཅིག་མིན་གཉིས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་སྤྲད་དེ་རང་གི་ཡིག་ཚང་དེ་ཆོས་ཕྱོགས་རྐྱང་པར་བསྒྱུར་དགོས། གལ་ཏེ་ཁོང་(ཏཱ་ལའི་བླ་མ་)གིས་ཁོང་ཚོ་དམངས་གཙོ་ཡང་དག་པའི་ལམ་ལ་འཁྲིད་རྒྱུ་ཡིན་ན། ཁོང་གིས་ཟུར་གཡོལ་གནང་སྟེ་ཆོས་བྲལ་སྲིད་ལུགས་ཤིག་དར་སྤེལ་ཡོང་འཇུག་དགོས་པ་མིན་ནམ་’’(མ་ཡིག་གི་འབྲེལ་ཐག་འདི་ལ་གཟིཌ། http://www.phayul.com/news/article.aspx?id=509&t=1)ཞེས་༢༠༠༣ ནས་༸གོང་ས་མཆོག་གི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་དགོས་འདུན་ཡིག་ཐོག་ཏུ་བཀོད་ནས་བཏོན་ཡོད། དོན་དངོས་ཀྱི་ལོ་རྒྱུས་དང་བདེན་པ་ཟེར་བ་ནི་འཇུ་ས་མེད་པ་ཞིག་ཏུ་འདོད་པའི་གང་ཟག་སྒེར་པ་ཞིག་ལ་མཚོན་ན། ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་གྱི་གནད་དོན་དེ་ཚོ་ཡང་ཚུར་ལེན་རྒྱུ་ཅི་ཡང་མེད་པ་ཞིག་གི་ཆེད་དུ་ཕར་རྒྱ་ནག་ལ་འཇུ་ས་སྤྲོད་པ་ཞིག་ཡིན་སྲིད་ཐོག དཀའ་ངལ་དང་རྙོག་དྲ་དེ་ཚོ་དེ་རིང་བློ་བཟང་སེང་གེ་སྒེར་གྱི་གླེང་རྙོག་ཡིན་པ་འདྲ་ཡང་། བཀའ་བློན་ཁྲི་པ་ཆགས་པའི་ཉིན་ནས་ང་ཚོ་གངས་ཅན་པ་ཡོངས་ཀྱི་དཀའ་རྙོག་ཅིག་ཏུ་གྱུར་ཡོད་པས། དོ་བདག་བློ་བཟང་སེང་གེའི་ངོས་ནས་གནས་ཚུལ་འདི་ཚོར་གཡོལ་ཐབས་ཀྱི་འགྲེལ་བཤད་སྙན་མོ་རྒྱག་པ་ལས་ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་ཁྱེར་དེ་དགོས་དབང་གིས་ལེན་དགོས་བྱུང་བའི་གསལ་བསྒྲགས་ཤིག་སྤེལ་ཏེ་གཙང་མ་བཟོས་ན་རང་དང་བོད་སྤྱི་ལ་ཕུགས་སུ་ཕན་ཐོགས་ཆེ་བར་མཐོང་ངོ་།། །། ཟུར་དུ་འཕྲོས་བཤད་བྱེད་དགོས་པ་ཞིག་ལ་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་ལ་“ཏཱ་ལ་”ཞེས་པ་ལས་མཇུག་གི་“བླ་མ་”ཞེས་པ་དེ་མི་འབྲི་བ་མང་ཞིང་། བློ་བཟང་སེང་གེའི་རྩོམ་ཡིག་ནང་“ཏཱ་ལ་”མ་བྲིས་པར་“བླ་མ་”གཅིག་པུ་ལན་མང་དུ་བཀོལ་བ་འདི་བཙན་བྱོལ་སྤྱི་ཚོགས་ནང་ཐོག་མ་དང་ཐ་མ་གཉིས་ཀ་ཡིན་པའི་རེ་བ་ཡོད། རྒྱ་ནག་གཞུང་གིས་“ཏཱ་ལ་”གཅིག་པུ་འབྲི་བ་དེ། ཏཱ་ལའི་བླ་མ་ནི་བླ་མ་ཙམ་མ་རེད། ཆོས་གོས་གྱོན་པའི་སྲིད་དོན་པ་རེད་ཅེས་བརྗོད་མུས་དེ་མཚོན་བྱེད་དུ་ཡིན་སྲིད་ཅིང་། བློ་བཟང་སེང་གེས་“ཏཱ་ལ་”མ་བྲིས་པར་“བླ་མ་”འབྲི་བ་འདི། རང་གི་རྩོམ་ནང་དགོས་འདུན་བཏོན་པ་བཞིན་༸གོང་ས་མཆོག་གིས་ཆབ་སྲིད་བཞག་ནས་བླ་མའི་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ན་སྐྱོང་དགོས་པའི་མཚོན་བྱེད་ཡིན་ཤས་ཆེ།། །། བོད་ཀྱི་དུས་བབ་དྲྭ་ཚིགས་ལས་བཏུས།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བོད་ཀྱི་རྩ་དོན་ལ་བསམ་ན་སེང་གེ་ལ་འགྲིག་རྟགས་རྒྱོབས།"



བརྗོད་གཞི་གཞན་ཁག་ལ་གཟིགས།