༈ ཨ་འབྲུག་ཚང་གི་མིང་དང་མི་རབས་རགས་ཙམ་བརྗོད་པ།

 ཤམ་བྷ་ལའི་ཕོ་དྲ་བས་ཟླ་༠༢༡་ཚེས་༠༣ཉིན་སྤེལ། ལི་ཐང་ཨ་འབྲུག་ཚང་ཞེས་ཡོངས་སུ་གྲགས་པའི་མི་ཚང་དེ་ནི་འཛམ་གླིང་སའི་ཡང་རྩེ་བོད་གངས་ཅན་གྱི་ཤར་ཕྱོགས། མདོ་ཁམས་སའི་ཐིག་ལེ་ལི་ཐང་ཁ་ལ་གཤོངས་དྲུག་གམ་ཤོག་ཁ་ཆེ་འབྲིང་ཆུང་གསུམ་གྱི་ནང་ཚན་མོ་ལ་ཞིང༌། ཁ་སྐྱ་གྲོང་དུ་གྲོང་པའི་རྒྱན་དང་ཕུལ་ལྟ་བུ་ཞིག་ཏུ་གནས་ཡོད། ཨ་འབྲུག་ཚང་ནི་ཁ་སྐྱ་གྲོང་དུ་གདོད་ནས་གཞིས་ཆགས་པའི་ཁྱིམ་ཚང་རྙིང་པ་ཞིག་ཡིན་ནམ། ས་ཕྱོགས་གཞན་ཞིག་ནས་འདིར་གནས་སྤོས་བྱས་པའི་དུད་ཚང་གང་ཡིན་ཐག་ཆོད་པ་ཞིག་བཤད་རྒྱུ་མི་འདུག་ཀྱང༌། ཕལ་ཆེ་གདོད་མ་ནས་མོ་ལ་ཞིང་པའི་དུད་ཚང་རྙིང་པ་ཞིག་ཡིན་པ་འདྲ་སྟེ། ཕྱོགས་གཞན་ཞིག་ནས་འདིར་གནས་སྤོ་བྱས་པའི་ལོ་རྒྱུས་འཆད་རྒྱུ་ཡོད་པ་མ་ཐོས། སྤྱིར་བཏང་བྱས་ན་མོ་ལ་ཞིང་པའི་མི་ཚང་རྣམས་གདོད་མ་ནས་འདིར་ཆགས་པའི་དུད་ཚང་དང༌། ས་ཕྱོགས་གཞན་ནས་མོ་ལ་ཞིང་ལ་ས་ཁང་ཉོས་ནས་གནས་སྤོ་བྱས་པའི་མི་ཚང་ཡང་ཡོད། ཁྱད་པར་དུ་རྒྱ་མིས་བོད་ལ་བཙན་འཛུལ་བྱས་སྐབས་མོ་ལ་ཞིང་ལ་ཡོད་པའི་གཡོག་པོ་དང་གཡོག་མོ། སློང་མོ་བ་དང་གནས་གཡར་མཁན་སོགས་མང་པོས་མོ་ལ་ཞིང་ལ་འཐོབ་སྐལ་བླངས་ནས་དེར་གཞིས་ཆགས་ཏེ། ད་ལྟའི་ཆར་མོ་ལ་སྟོད་སྨད་བར་གསུམ་དུ་གྲོང་པ་ཐམས་ཅད་ཀྱི་དུད་ཚང་ཕྱེད་ཀ་ལྷག་ཙམ་སྐབས་དེ་དུས་དམངས་གཙོ་བསྒྱུར་བཅོས་ཞེས་པའི་མིང་འདོགས་འོག་འཐོབ་སྐལ་བརྙེད་ནས་དེར་གཞིས་ཆགས་པ་ཤ་སྟག་ཡིན། ཨ་འབྲུག་ཚང་ཞེས་པའི་མི་ཚང་འདི་དང་པོ་ནས་འབྱོར་ལྡན་ཕྱུག་པཱུ་ཞིག་མིན་པ། ཨ་འབྲུག་དགེ་འདུན་ཞེས་པའི་གྲགས་ཅན་ཚོང་པ་དེ་དང་ཐོག་མི་ཡུལ་དུ་སྐྱེས་སྐབས་ཨ་འབྲུག་ཚང་དུད་ཚང་ད་ཀྱིུས་མ་ཞིག་ཡིན་པར་མངོན། འོན་ཀྱང་ཨ་འབྲུག་ཚང་གི་དུད་ཚང་འདི་འཇིག་རྟེན་འདིར་ཐོག་མ་མགོ་བཙུགས་པ་ནས་ཨ་འབྲུག་དགེ་འདུན་གྱི་བར་དུ་མི་ཚང་ད་ཀྱིུས་མ་རྐྱང་རྐྱང་བརྒྱུད་ནས་མི་ལོ་བརྒྱ་ཕྲག་དང་སྟོང་ཕྲག་བརྒལ་སོང་བ་མིན་པར་ཆགས་འཇིག་དང་དར་རྒུད་སྣ་ཚོགས་བྱུང་མྱོང་ཡོད་པ་ནི། སྤྱིར་འཇིག་རྟེན་འཕེལ་འགྲིབ་ཀྱི་ཆོས་ཉིད་ཀྱི་རིགས་པ་ལས་འདས་མེད་པ་ཚོད་དཔག་བྱས་ན་མི་འགྲིགས་པ་ཅི་ཞིག་ཡོད་དེ་མེད་དོ།།

                དེར་བརྟེན་སྐབས་འགར་འབྱོར་ལྡན་ནམ་མཁའི་མཛོད་ལ་དབང་འབྱོར་བ་ཞིག་ཏུ་གྱུར་ཡོད་ཀྱང༌། སྐབས་འགར་ལྟོ་གོས་ཡན་ཆད་གཞན་ལ་བསླངས་ནས་འགྲོ་དགོས་པའི་དུས་ཚོད་ཅིག་འཆར་རྒྱུ་ཡོད་པ་ནི་ང་ཚཱུའི་མིག་མདུན་ལ་ཡོད་པའི་འཇིག་རྟེན་དར་རྒུད་ལ་བལྟས་ན་རྟོགས་དཀའ་བ་ཞིག་ག་ལ་ཡིན། རྒྱུ་མཚན་དེའི་ཕྱིར་ཨ་འབྲུག་ཚང་ཡང་འཇིག་རྟེན་གྱི་འགྱུར་བ་མི་རྟག་པའི་ངང་ཚུལ་དེ་ལས་བརྒལ་མི་ནུས་པར་སྐབས་རེར་ཛམ་བྷ་ལའི་འཁོར་དུ་གྱུར་པ་དང༌། མཚམས་རེར་དེ་རིང་གི་ཉིན་མོ་ཕུད་ནུས་ཀྱང་སང་ཉིན་གྱི་ཉིན་མོ་དེ་ལ་སེམས་ཁྲལ་བྱེད་དགོས་པ་སོགས་འགྱུར་ལྡོག་སྣ་ཚོགས་ཀྱི་རང་བཞིན། ཀྱག་གེ་ཀྱོག་གེའི་ལམ་བུ་གྲངས་མེད་བརྒྱུད་ནས་ཨ་འབྲུག་དགེ་འདུན་གྱི་བར་དུ་སླེབས་ཡོད་པ་ནི་གོར་མ་ཆག

                ཨ་འབྲུག་དགེ་འདུན་ཆེས་ཐོག་མ་མི་ཡུལ་དུ་སྐྱེས་སྐབས་གོང་དུ་བཤད་པ་ལྟར་ཨ་འབྲུག་ཚང་དུད་ཚང་ད་ཀྱིུས་མ་ཞིག་ཏུ་གྱུར་ཡོད་ཅིང༌། ཨ་འབྲུག་ཚང་ལ་དགེ་འདུརྒྱ་གཏོརེས་སྐབས་ཁོང་གི་གཟུགས་བྱད་དང་སྤྱོད་ཚུལ་ལ་བརྟགས་ཏེ་ཡུལ་མི་བསམ་ཡོད་ཅན་ཀུན་གྱིས་མགྲིན་དབྱངས་གཅིག་ཏུ་འདི་ནི་བྱིས་པ་བསོད་ནམས་ཅན་ཞིག་རེད་འདུག་པས། ཕྲུག་གུ་འདིའི་ཚེ་ཨ་འབྲུག་ཚང་གི་རྒྱུ་འབྱོར་པ། མཚན་སྙན་གྲགས་སོགས་ཁམས་གསུམ་གྱི་མཐའ་ལས་བརྒལ་ངེས་རེད་ཅེས་བསྒྲགས་པ་ལྟར། ཁོང་སྐྱེས་ནས་བཟུང་ཨ་འབྲུག་ཚང་ཡར་རྒྱས་གོང་འཕེལ་དུ་འགྲོ་མགོ་བཙུགས་ཡོད།

                ཁོང་ན་སོ་ཅུང་ཟད་དར་བ་ནས་ཕྱོགས་བཞི་མཚམས་བརྒྱད་ལ་འགྲུལ་བཞུད་བྱས་ནས། སྐབས་དང་དུས་ལ་ལྟོས་ཏེ་ཚོང་གཉེར་བྱས་ཏེ་ཨ་འབྲུག་ཚང་གི་ལྟོ་གོས་གཏམ་གསུམ་གཞན་དྲིང་མི་དགོས་པར་རང་རྐང་རང་བཙུགས་ཟིན། འཇིག་རྟེན་མི་ཡུལ་ན་བདེ་སྐྱིད་ཀྱི་འཚོ་བ་གསར་པའི་ལོངས་སྤྱོད་ཀྱི་དཔལ་ཡོན་ལ་མོ་ལ་ཨ་འབྲུག་ཚང་གིས་རོལ་མགོ་ཚུགས། བྱ་བ་དེ་དག་གི་ཁྲོད་ནས་གནའ་མིའི་གཏམ་དཔེར། ཞིང་པ་རྒྱགས་ན་ཁང་ལས་དྲན། བཤད་པ་བཞིན་ཨ་འབྲུག་དགེ་འདུན་གྱིས་ཁང་པ་གསར་པ་ཡིད་དུ་འོང་བ་ཞིག་ཀྱང་གསར་བསྐྲུན་བྱས་ཏེ། ཁང་པ་གསར་པ་དེའི་མགོ་མཇུག་བར་གསུམ་གཙང་མར་ཚར་རྗེས། ཁང་པ་གསར་པའི་ནང་དུ་གནས་སྤོ་བྱས་ནས་ཐབ་གསར་པའི་ནང་དུ་མེ་སྤར་ཏེ་ཇ་སྐོལ་བའི་ཚེ། དུ་བ་དེ་ཡ་མཚན་པཱུ་ཞིག་སོང་ནས་ཨ་འབྲུག་དགེ་འདུན་བློ་མ་བདེ་བར་ཁང་པའི་སྟེང་དུ་བུད་ནས་ཕྱོགས་བཞི་མཚམས་བརྒྱད་ལ་མིག་ཟུང་གིས་མི་ལྟ་ཀ་མེད་གྱུར། ཁོང་གིས་བྲག་བཙན་གྱི་ཕྱོགས་སུ་ལྟ་སྐབས་བྲག་བཙན་མགོ་ན་ཤིན་ཏུ་གསལ་བའི་ཨ་རང་བྱོན་དང༌། གསེར་བཙོ་མ་ལྟ་བུའི་མདོག་ཅན་གྱི་འབྲུག་གཞོན་ཞིག་བྲག་བཙན་འགོ་ནས་ཐད་ཀར་ནམ་མཁའི་དབྱིངས་སུ་འཕུར་བ་མཐོང་ཞིང༌། དེ་ལ་བརྟེན་ནས་ཁྱིམ་ཚང་དེའི་མིང་ལ་ཨ་འབྲུག་ཚང་བཏགས་ཞེས་གྲགས། ༼བྲག་བཙན་ནི་གོང་དུ་བཤད་པའི་མོ་ལ་ཕ་དུད་སུམ་བརྒྱའི་གཞི་བདག་ཏུ་གྲགས་པའི་ཤིན་ཏུ་མཐོ་བའི་བྲག་རི་དེ་ཡིན། དེའི་དབུ་རྩེ་ལ་ཨ་རང་བྱོན་ནི་དུས་ད་ལྟའང་ང་ཚཱུའི་ཕལ་པའི་མིག་གིས་ཤིན་ཏུ་གསལ་པོར་མཐོང་ཐུབ། ང་ཚཱུའི་ཕལ་པའི་མིག་གིས་མི་མཐོང་ཡང་སྐྱེས་བུ་དམ་པ་འགའ་ཞིག་གིས་རང་བྱོན་ཅན་གྱི་ཨ་ཆེན་དེ་མ་ཚད་དེའི་མཐའ་སྐོར་དུ་ཨ་ཆུང་གྲངས་མང་ཡོད་པ་དང༌། སངས་རྒྱས་དང་བྱང་སེམས་སོགས་ཀྱི་སྣང་བརྙན་སྣ་ཚོགས་དང༌། རྟ་དང་གུར་སོགས་གཟིགས་སྣང་ཇི་སྙེད་ཅིག་བྱུང་བའི་ལོ་རྒྱུས་གནའ་སྔ་མོ་ནས་དུས་ད་ལྟའི་བར་དུ་ཐུག་ཡོད། ད་དུང་མི་མང་པོ་འདྲེས་ཁྲིད་ནས་ཆུ་འགག་བྲག་འཕྲང་སོགས་ཤིན་ཏུ་བགྲོད་དཀའི་གནས་ནས་མི་དཀར་རྟ་དཀར་ཞིག་གིས་བསྐྱབས་ཏེ། རང་རང་གི་གནས་རྒྱ་གཏོརན་མེད་ངང་འབྱོར་ཡོད་པ་སོགས་ཆེས་ཡ་མཚན་དགོས་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་ཡོད། མི་དཀར་རྟ་དཀར་དེ་མི་མང་རྣམས་ཀྱིས་གཞི་བདག་བྲག་བཙན་ལ་ངོས་འཛིན་བཞིན་ཡོད། སྐྱོབ་ཚུལ་ལའང་ཆེས་ཡ་མཚན་པོ་ལྷ་སྒྲུང་ལྟ་བུའི་སྒྲུང་སྙན་པོ་མང་པཱུ་ཞིག་གོ་ཐོས་མྱོང་ཡང་དེང་སང་མང་པཱུ་ཞིག་གིས་ཚན་རིག་དང་མཐུན་མིན་གྱི་འགྲེལ་བཤད་ཕྱོགས་རེ་བ་རེ་བརྒྱབ་ནས། རྣ་བར་འགྲོ་དཀའ་ཙམ་ཡོད་པ་མངོན་སུམ་ཚད་གྲུབ་ཡིན་པར་བརྟེན་ངས་ཨུ་ཚུགས་ཀྱིས་མ་བསྒྲུབ་པར་བཞག་ཡོད་ཀྱང༌། མི་མ་ཡིན་དང་ལྷ་མ་ཡིན་གྱི་འཇིག་རྟེན་སོགས་ང་ཚོ་ཕལ་པའི་མིག་གིས་མི་མཐོང་བའི་གནས་མང་པཱུ་ཞིག་ལ་བློ་གྲོས་ཀྱི་མིག་ཞགས་འཕེན་ནུས་པའི་མཁྱེན་ལྡན་རྣམས་ལ། བདག་ལྟ་བུ་གཞན་གྱིས་ཟེར་རྗེས་ཁོ་ནའི་རྗེས་སུ་འབྲངས་པ་མ་གཏོགས་ཤེས་བྱའི་སྤྱི་ཁོག་འགྲེམས་པའི་བློ་གྲོས་ཀྱི་གཤོག་པའི་འདབ་མ་ཙམ་ཡང་མ་བཏགས་པའི་རྨོངས་རྟུལ་ཅན་ཞིག་གིས་བཤད་ག་ལ་དགོས་ཏེ་མི་དགོས་སོ།།༽

                ཨ་འབྲུག་དགེ་འདུན་ན་ཚོད་ཇེ་དར་དུ་སོང་བ་དང་ཁོང་གི་ལུས་སེམས་ཀྱི་སྟོབས་གོང་དུ་འཕེལ་ཏེ། ཚོང་ཟོག་རྣམས་ཀྱང་རྣམ་གྲངས་ཇེ་མང་དང་ས་ཐག་ཇེ་རིང་དུ་བཏང་ནས་ཉོ་འཚོང་གི་ལས་གཞི་རྒྱ་ཆེ་རུ་སྤེལ་ཏེ་དཔལ་འབྱོར་གསོག་སྒྲུབ་ཀྱི་ལས་གཞི་ཇེ་ཆེར་སོང་བ་དང་ལྷན་དུ་ཁོང་གི་བློ་སྟོབས་ཀྱང་ཇེ་ཆེར་གྱུར་ནས། སྨད་རྒྱ་ནག་ནས་དར་བའི་ཇ་དང་རས་ཆ་སོགས་ཚོང་ཟོག་རྣམས་དབུས་ལྷ་སར་དབོར་འདྲེན་གྱིས་ཉོ་བཙོང་གི་ལས་ལ་འཇུག་ཡོད་འདུག ཁྱད་པར་དུ་ཁོང་གི་རྟ་དཀར་པོ་ཞིག་ཉོས་ཏེ་རྟ་དེའི་ཚེ་ལ་དར་རྩེ་མདོ་ནས་ལྷ་ས་བར་དུ་ཚོང་སྐོར་ཐེངས་དགུ་སོང་བའི་ལམ་བར་དུ། རང་བྱུང་འབྱུང་བ་བཞི་ཡི་འཇིགས་པ་དང༌། གཅན་གཟན་རི་དྭགས་སོགས་སེམས་ཅན་གདུག་པ་ཅན་གྱིས་གནོད་པ། རྐུན་ཇག་སོགས་མི་ཡི་ཐབས་ཀྱིས་བསླུས་པ་དང༌། སྟོབས་ཀྱིས་འཕྲོག་པ་སོགས་མི་དང་མི་མ་ཡིན་པ་གང་གི་གནོད་འཚེ་ཅི་ཡང་མེད་པ་ལམ་འགྲོ་ཧ་ཅང་རྒྱུག་པོ་བྱུང་ནས་སྐབས་དེར་མི་ཚང་མ་ཧ་ལས་དགོས་པ་བྱུང༌།

                ཁོང་ཚོང་གི་ཆེད་དུ་ལྷ་སར་ཐེངས་མང་སོང་བར་བརྟེན་ཚོང་ལས་ཀྱི་གནད་དོན་མང་པོ་ཞིག་ཁོང་དུ་ཆུད། ལྷ་སར་ཚོང་གི་གཞི་རྒྱ་ཇེ་ཆེར་བཏང་ནས་ཚོང་གི་རྟེན་གཞི་གཙོ་བོར་བྱས། ཁོང་གིས་རྒྱུན་ལྡན་གྱིས་ལྷ་ས་ལ་ཉིན་མཚན་རྟག་ཏུ་ཚོང་ལས་ཀྱིས་དངུལ་དངོས་གསོག་སྒྲུབ་བྱས་ནས་འབྱོར་ལྡན་ཞིག་ཏུ་གྱུར་ཡོད་ཅིང༌། འོན་ཀྱང་ཁོང་གིས་སྔ་དང་མི་འདྲ་བའི་རྒྱས་སྤྲོས་ཆེ་བའི་གྱོན་ཆས་དང༌། རིན་གོང་མཐོན་པཱུའི་ཟས་རིགས་སོགས་ལ་ཅི་འདོད་ཀྱིས་བག་མེད་ལོངས་སུ་མ་སྤྱད་པར། ཕུགས་རྒྱང་རིང་པཱུའི་བདེ་སྡུག་གི་རྣམ་བཞག་ལ་གཞིར་བཅོལ་ཏེ། རྟག་ཏུ་མཆོད་འབུལ་བྱེད་འདོད་ཁོ་ནར་བསམས། དེའི་ཕྱིར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ལ་མཆོད་འབུལ་གཏོང་སྒཱུ་ཤིན་ཏུ་རྒྱས་པ་ཞིག་བྱས་ཏེ་མཚན་སྙན་གྱི་གྲགས་པ་འབར་ཞིང༌། ཁོང་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོར་མཆོད་འབུལ་གཏོང་སྒཱུའི་སྐབས་དངུལ་རྣམས་རང་གི་སྡོད་གནས་ནས་ཕ་ཡུལ་གཅིག་པ་རྣམས་ཀྱི་དབོར་འདྲེན་བྱས་ནས་གཙུག་ལག་ཁང་གི་རྭ་བའི་ཟུར་ཞིག་ཏུ་ཕུང་གསོག་བྱས་པའི་དངུལ་གྱི་བོངས་ཚད་ཀྱྀ་དོད་དུ། གནས་དེར་རྡོ་ཕུང་ཨ་འབྲུག་དགེ་འདུན་གྱི་གཏོང་དངུལ་གྱི་བོངས་ཚད་ཙམ་ཡོད་པ་རྒྱ་མིས་བོད་དུ་བཙན་འཛུལ་མ་བྱས་གོང་ལྷ་སར་ཆོས་མཇལ་འགྲོ་མྱོང་མཁན་མི་རྒན་མང་པོར་བཤད་རྒྱུ་འདུག།

                ཨ་འབྲུག་དགེ་འདུན་གྱིས་ཆོ་འཕྲུལ་སྨོན་ལམ་ཆེན་མོར་མཆོད་འབུལ་གཏོང་སྒོ་བྱས་ནས་ཁོང་གི་ཚོང་ལམ་ཇེ་རྒྱུག་དང༌། ཁོང་ལ་རྒྱུ་ནོར་ཇེ་ཕྱུག་ཏུ་སོང་ནས་རིམ་གྱི་ཁོང་གིས་གདན་ས་སེར་འབྲས་དགའ་གསུམ་དང༌། གསང་ཆེན་རྒྱུད་གྲྭ་རྣམ་གཉིས་སོགས་དབུས་དང་གཙང་ལ་ཡོད་པའི་རིས་སུ་མ་ཆད་པའི་དགོན་སྡེ་ཡོངས་སུ་རྫོགས་པ་ལ་མཆོད་འབུལ་རྒྱ་ཆེ་དང་མཆོད་འབུལ་གཏོང་སྒཱུའི་མ་ཐེབས་ཀྱང་མ་བཞག་ས་ཡོད་མི་འདུག དེར་བརྟེན་ཁོང་གིས་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང༌། ཕྱག་མཛོད་སོགས་གནད་ཡོད་མི་སྣ་ཀུན། ལྷ་ས་དང་གཞིས་ཀ་རྩེ་སོགས་ཀྱི་སྐུ་དྲག་དང༌། དཔོན་རིགས། ཚོང་རིགས་དང༌། འབྱོར་ལྡན་སོགས་ཚང་མ་ལ་ངོ་ཤེས་དང་འབྲེལ་བ་ཆགས་ནས་ཁོང་གི་ཚོང་སོགས་ལས་དོན་གང་ཅིའི་ཐད་ལ། ལྷ་སར་སྐད་གྲགས་ཡོད་པའི་གནད་ཡོད་མིསྣ་ཞིག་ཏུ་གྱུར།

                ཁོང་གི་ཚོང་ལམ་རྒྱུག་པཱུ་ཇི་ཙམ་བྱུང་བ་དེ་ལ་ལྟོས་ཏེ་ཆོས་སྡེ་ཁག་གི་གཏོང་སྒཱུའི་མ་ཐེབས་ཀྱང་ཇེ་མང་དུ་བཏང་ནས། ཁོང་གིས་ཆོས་ཕྱོགས་ཀྱི་མཆོད་འབུལ་གཏོང་སྒཱུའི་ཆེད་དུ་རྒྱུ་དངོས་འགྲོ་སོང་ཤིན་ཏུ་འབོར་ཆེན་བཏང་བར་བརྟེན་ནས། ཨ་འབྲུག་ཚང་གི་མི་ཐོག་མང་པཱུའི་རིང་ལ་འབྱོར་ལྡན་དང་གཏོང་ཕོད་ཅན་ཞེ་གཅིག་བྱུང་ཡོད་པ་ནི། དགེ་འདུན་གྱིས་ཆོས་ཕྱོགས་ཀྱི་བྱ་བ་ཤིན་ཏུ་རྒྱ་ཆེན་པོ་བྱས་པའི་མཐུ་དང༌། ཁྱད་པར་དུ་ཁོང་མི་གཞན་དང་མི་འདྲ་བའི་བསོད་ནམས་ཆེན་པཱུ་ཞིག་ཡིན་པའི་རྐྱེན་རེད་ཅེས་མི་རྒན་རྣམས་ཀྱི་ངག་རྒྱུན་ལ་བར་མ་ཆད་པར་ད་ལྟ་ཡང་ལྷག་འདུག

                ཨ་འབྲུག་དགེ་འདུན་གྱི་རྗེས་ལ་ལྷ་སར་ཨ་འབྲུག་དགེ་འདུན་གྱི་ཤུལ་འཛིན་ཞིག་དགོས་སྟབས། ཡོངས་གྲགས་ལ་ཨ་འབྲུག་ཆོས་མཛད་བགྲེས་གཞོན་གཉིས་ཟེར་ཞིང༌། ཨ་འབྲུག་དགེ་འདུན་གྱིས་དེ་གཉིས་ལྷ་སར་བསུས་ཏེ་ཨ་འབྲུག་ཚང་གི་ཚོང་ལས་ཀྱི་འགན་ཚང་མ་ཁོང་གཉིས་ལ་སྤྲད། ཆོས་མཛད་རྒན་པའི་མཚན་ལ་ཨ་འབྲུག་འཇམ་དབྱངས་ཟེར་གཞོན་པའི་མིང་གང་ཡིན་ད་ལྟར་རྙེད་སོན་མ་བྱུང༌། གང་ཡིན་ཟེར་ན། ཁོང་གཉིས་ལ་ཆོས་མཛད་བགྲེས་གཞོན་གཉིས་མ་གཏོགས་མིང་ངོ་མ་ནས་འབོད་མཁན་ཡོད་མི་འདུག དེའི་ཕྱིར་ཁོང་གཉིས་ཀྱི་མིང་ངོ་མ་ཤེས་མཁན་ཧ་ཅང་དཀོན། ཁོང་གཉིས་ཀྱི་གཟུགས་དབྱིབས་ནི་ཨ་འབྲུག་བློ་གྲོས་ཕུན་ཚོགས་འདྲ་བོ་འདྲ་རྐྱང་ཞིག་ཡོད་པ་ཁོང་གཉིས་མཐོང་མྱོང་མཁན་རྣམས་ཀྱི་བཤད་རྒྱུན་ད་ལྟའང་བསྡད་འདུག ཆོས་མཛད་གཞོན་པའི་ལྗགས་ལ་ཨ་གཟུགས་རང་བྱོན་ཞིག་ཀྱང་ཡོད་པ་ཡོངས་གྲགས་ལྟར་ཡིན་པ་དེང་སང་རྒན་རབས་པ་མང་པཱུའི་ངག་ལས་ཐོས་ཐུབ་པ་ཡོད། ཆོས་མཛད་བགྲེས་གཞོན་གཉིས་པོ་དེ་ཡང་ཨ་འབྲུག་དགེ་འདུན་བཞིན་དུ་ཚོང་ལས་སོགས་གང་ཅིའི་ཐད་ལ་འཇོན་ཐང་ལྡན་པའི་ཕུ་ནུ་གཉིས་ཡིན་ཞིང༌། ཁོང་གཉིས་ཀྱིས་སྔར་ཨ་འབྲུག་དགེ་འདུན་གྱི་ཚོང་ལས་རྣམས་རྒྱ་ཇེ་ཆེར་དང་གཏིང་ཇེ་ཟབ་ལ་བཏང་སྟེ། རྒྱ་བོད་ཧོར་གསུམ་ལ་ཨ་འབྲུག་ཚང་གི་ཚོང་ཟོག་གིས་མ་ཁྱབ་པ་མེད་ཟེར་ན་ཡང་སྐབས་དེ་དུས་རྫུན་དུ་མི་འགྱུར། དཔེར་ན་མི་ཉག་དར་རྩེ་མདོ་ལ་ཚོང་ཁང་གཅིག ཆབ་མདོ་ལ་ཚོང་ཁང་གཅིག ནག་ཆུ་ལ་ཚོང་ཁང་གཅིག ལྷ་ས་ལ་ཚོང་ཁང་གཉིས། གཞིས་ཀ་རྩེ་ལ་ཚོང་ཁང་གཅིག རྒྱ་གར་ཀ་ལོན་སྦུག་ལ་ཚོང་ཁང་གཅིག་བཅས་ཡོད་འདུག རྒྱལ་ཁབ་ཕྱི་ནང་དང་བོད་ས་སྟོད་སྨད་བར་གསུམ་ལ་ཡོད་པའི་ཨ་འབྲུག་ཚང་གི་ཚོང་དཔོན་དང༌། ཚོང་གཡོག་རྣམས་ད་ལྟའི་རྒྱལ་ཁབ་ཀྱི་ལས་བྱེད་བཞིན་དུ་གོ་གནས་རིམ་གྱིས་འཕར་རྒྱུ་ཡོད་འདུག དཔེར་ན་ཚོང་གཡོག་ནས་ཚོང་དཔོན་དང་ཚོང་དཔོན་གྱི་ནང་ནས་ཀྱང་དར་རྩེ་མདཱུའི་ཚོང་དཔོན་ནས་ཆབ་མདོ་ལ་ཚོང་དཔོན་དུ་བསྒྱུར་བ་དང༌། གཞིས་ཀ་རྩེ་ཚོང་དཔོན་ནས་ལྷ་སར་ཚོང་དཔོན་དུ་བསྒྱུར་བ་སོགས་ཚོང་དཔོན་ལའང་གནས་རིམ་མཐོ་དམན་ཇི་སྙེད་ཅིག་ཡོད་པ་འདྲ།

                ཁོང་གཉིས་ཀྱིས་ཨ་འབྲུག་ཚང་གི་ཚོང་གི་གཞི་རྒྱ་ཧ་ཅང་ཆེན་པཱུ་ཞིག་བོད་ཆོལ་ཁ་གསུམ་དང༌། རྒྱ་དཀར་ནག་གཉིས་སོགས་ས་ཆ་གང་སར་བཀྲམ་སྟེ། སྐབས་དེ་དུས་བོད་ཆོལ་ཁ་གསུམ་གྱི་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་སོགས་ཐམས་ཅད་ལ་ལི་ཐང་ཨ་འབྲུག་ཚང་གི་ཇ་ཡིས་མ་ཁྱབ་ས་མེད་ཅེས་བཤད་སྲོལ་ཞིག་དར་ཡོད་འདུག ཨ་འབྲུག་ཚང་གི་ཚོང་གི་ཁེ་བོགས་ཇེ་མཐོ་རུ་སོང་བ་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང༌། དབུས་ཀྱི་གདན་ས་ཆེན་པོ་རྣམ་པ་བཞི། གསང་ཆེན་རྒྱུད་གྲྭ་རྣམ་པ་གཉིས། རིས་སུ་མ་ཆད་པའི་དབུས་གཙང་གི་དགོན་སྡེ་ཁག་ཡོངས་སུ་རྫོགས་པ་དང༌། ཁམས་དང་ཨ་མདོ་ཁུལ་དུ་དགོན་ཁག་མང་པོར་སྔ་ཡོད་མ་ཐེབས་རྣམས་ཇེ་མང་དང༌། སྔར་མེད་རྣམས་ལ་གསར་ཏུ་འཇོག་པ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཀུན་རྒྱ་ཆེ་དང་གཏིང་ཇེ་ཟབ་རེ་བཏང་ནས། བསྟན་དགྲ་རྒྱ་དམར་གྱི་འདྲེ་དམག་གིས་བོད་དུ་བཙན་འཛུལ་བྱས་ཏེ་མི་བསད་འཕྲོག་བཅོམ་གྱི་བྱ་ངན་དྲན་ན་སྙིང་འགད་བྱེད་དང༌། བསམ་ན་ཚིག་པ་ཟ་བའི་རྒྱུ་ཀླ་ཀློས་བྱ་ངན་དེ་འདྲ་ཞིག་བརྩམས་མེད་ན། ཨ་འབྲུག་ཚང་གི་མཆོད་འབུལ་གྱི་མ་ཐེབས་རྣམས་དུས་ད་ལྟའང་རྒྱ་ཇེ་ཆེ་དང་གྲངས་ཇེ་མང་ངང་འཕེལ་བཞིན་ཡོད་པ་ནི་གོར་མ་ཆག

ཁམས་ལི་ཐང་ཨ་འབྲུག་ཚང་གི་ཆོས་མཛད་བགྲེས་གཞོན་གཉིས་ཀྱིས་ཚོང་གི་གཞི་རྒྱ་དེ་བློ་ཡུལ་འདས་པ་ཆེ་རུ་བཏང་བ་དེ་ཡང་ཁྲིམས་མཐུན་ལུགས་མཐུན་འབའ་ཞིག་ལས་ཁྲིམས་འགལ་གྱི་བྱ་བ་སྣ་གཅིག་བྱས་པའི་ལོ་རྒྱུས་ཡོད་མི་འདུག དཔེར་ན་ཁོང་གཉིས་ཀྱི་ཚོང་ཟོག་རྣམས་ནི་རྒྱ་དཀར་ནག་གི་ཡུལ་གྲུ་ཁག་ནས་དར་བའི་ཇ་གཙོ་བོར་གྱུར་པའི་ཟ་རིགས་གྱོན་ཆས་སོགས་ཁྲིམས་མཐུན་ལུགས་མཐུན་གྱི་དངོས་ཟོག་མ་གཏོགས། ཉལ་ཐག་དང༌། མེ་མདའ་མདེའུ་སོགས་མིའི་མདུན་ལམ་ཉམས་བརླག་ཏུ་གཏོང་བྱེད་དུག་རྫས་རིགས་དང༌། མི་དང་མི་མ་ཡིན་པའི་སེམས་ཅན་གཞན་རྣམས་ཀྱི་ཚེ་སྲོག་ལ་གནོད་བྱེད་མདའ་མདེལ་རིགས་ཁེ་བོགས་ཆེད་དུ་ཉོ་བཙོང་གཏན་ནས་མི་བྱེད་པར། སྐབས་དེར་གཞུང་དམངས་ཀུན་གྱིས་ལི་ཐང་ཨ་འབྲུག་ཚང་གིས་ཁྲིམས་མཐུན་ལུགས་མཐུན་མ་གཏོགས་ཉོ་ཚོང་མི་བྱེད་པར་མཁྱེན་ནས། རང་གཞུང་ནས་སྒ་དཔོན་ཨ་འབྲུག་ཚང་ཞེས་༼སྒ་དཔོན༽ཞེས་པའི་མཚན་བསྟོད་ཅིག་གནང་བར་བརྟེན། ཨ་འབྲུག་ཚང་གི་ཚོང་འགྲུལ་རྣམས་གནའ་བཱུའི་མི་རྟའི་ཚོང་འགྲུལ་ཀུན་གྱིས་བགྲོད་པ་དཀའ་བའི་འགག་དྭོགས་ལམ་འཕྲང་དང༌། ཆུ་ཁ་དང༌། གྲུ་ཁ་སོགས་ཚོང་འགྲུལ་གྱི་རྟ་དྲེལ་རྣམས་སྡེབ་བགྲོད་བྱེད་མི་ཐུབ་པའི་སར་སྒ་དཔོན་ཨ་འབྲུག་ཚང་གི་རྟགས་ཡོད་པའི་རྟ་དྲེལ་ཀུན་ཕན་ཚུན་རྙོག་གླེང་གང་ཡང་མེད་པར། སྔོན་ལ་གཏོང་རྐྱང་བྱེད་དགོས་པ་སོགས་ཨ་འབྲུག་ཚང་གི་ཚོང་འགྲུལ་རྣམས་ལ་འགྲོ་བདེ་འདུག་སླའི་ཐོབ་ཐང་ཆེན་པཱུ་ཞིག་གནང་འདུག

                མ་ཚད་ཨ་འབྲུག་ཚང་གིས་ལུགས་མཐུན་གྱི་ཚོང་ལས་བྱེད་པ་དང༌། ཁྱད་པར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་གདན་ས་སེར་འབྲས་དགའ་གསུམ་གྱིས་གཙོས་རིས་སུ་མ་མཆིས་པའི་བོད་ས་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་ལ། སངས་རྒྱས་ཀྱི་བསྟན་པ་གནས་པ་དང་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་དམིགས་ནས་བསྟན་པའི་སྦྱིན་བདག་ཆེན་པོ་མཛད་པར་བརྟེན་ནས། གདན་ས་སེར་འབྲས་དགའ་གསུམ་དང་རང་གཞུང་དགའ་ལྡན་ཕོ་བྲང་གཉིས་ནས་ལྷ་སའི་ཤར་ངོས་བདེ་ཆེན་ཁུལ་དུ་དུད་ཚང་སུམ་ཅུ་བཞི་བཅུ་ཡས་མས་ཤིག་ཡོད་པའི་གཞིས་ཀ་ཞིག་ཨ་འབྲུག་ཚང་ལ་གནང་འདུག འོན་ཀྱང་རྗེས་སུ་ཉལ་ཐག་དང་མདའ་མདེལ་སོགས་ཚུལ་མིན་གྱི་ཚོང་ལས་གཉེར་མཁན་མང་པཱུ་ཞིག་གིས། འགྲན་སེམས་ཀྱིས་མཆོད་འབུལ་གཏོང་སྒཱུའི་མ་ཐེབས་འཇོག་པ་དང་གཏོང་སྒོ་བྱས་པ་སོགས་ལ་བརྟེན་ནས། སྔར་ཨ་འབྲུག་ལ་གནང་བའི་གཞིས་ཀ་དེ་སླར་ཡང་གདན་ས་གསུམ་ལ་ཡར་ཕུལ་ཏེ་ནག་ཚོང་བྱེད་པོ་དེ་དག་གི་རེ་བ་སྟོང་ཟད་དུ་བཏང་འདུག ད་དུང་ཨ་འབྲུག་ཚང་གི་ཆོས་མཛད་ཆེ་ཆུང་གཉིས་ཀྱིས་རྒྱ་གར་དུ་མཁོ་བའི་བོད་ཀྱི་ལུག་བལ་སོགས་བོད་ཀྱི་དངོས་ཟོག་རྣམས་ཀ་ལོན་སྦུག་ཏུ་ཡོད་པའི་ཨ་འབྲུག་ཚོང་དུ་སྐྱེལ་འདྲེན་གྱིས་ཚོང་བསྒྱུར་བྱས། བོད་དུ་མཁོ་ཆེ་བའི་རྒྱ་གར་གྱི་དངོས་ཟོག་ཧ་ཡང་དང་རས་ཆ་སོགས་བོད་དུ་དབོར་འདྲེན་གྱིས་བོད་ཀྱི་སྟོད་སྨད་བར་གསུམ་ལ་ཡོད་པའི་ཨ་འབྲུག་ཚང་གི་ཚོང་ཁང་ནས་ཚོང་བསྒྱུར་བྱས། མ་ཚད་རྒྱ་ནག་ནས་དཀར་ཡོལ་དང་ཇ་སོགས་བོད་ས་སྟོད་སྨད་བར་གསུམ་ལ་ཡོད་པའི་ཨ་འབྲུག་ཚང་གི་ཚོང་ཁང་ནས་ཚོང་བསྒྱུར་བྱས། རྒྱ་ནག་ནས་དཀར་ཡོལ་དང་ཇ་སོགས་བོད་ས་སྟོད་སྨད་ཡོངས་སུ་དབོར་འདྲེན་གྱིས་ཚོང་རྒྱ་ཇེ་ཆེར་སོང་སྟེ། སྐབས་ཤིག་ལ་ཨ་འབྲུག་ཆོས་མཛད་གཉིས་ཀྱིས་དར་རྩེ་མདོར་ནས་ཇ་རྒྱབ་ཁྲི་གཅིག་ལྷ་སར་དབོར་རྒྱུའི་གྲ་སྒྲིག་སྐབས་དེར། ང་ཚོ་བོད་རྒན་རྣམས་ཀྱི་ངག་རྒྱུན་ལ་ཡོད་པ་བཞིན། ཨ་འབྲུག་ཚང་གི་ཇ་ཁྲི་རྒྱབ་གཅིག་བཀལ་ནས་ལྷ་སར་སོང་ཟེར་བའི་མི་ཁ་ཕོག་དྭོགས་ཀྱིས་ཇ་རྒྱབ་གཅིག་ཕྱིར་འཐེན་བྱས་པའི་ལོ་རྒྱུས་ཤིག་ད་ལྟའང་ཡོངས་གྲགས་ལྟ་བུ་རེད་འདུག

                ཕྱི་ལོ་ ༡༩༣༢ རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་སྤྲེལ་གྱི་ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་མང་ཇ་དང་སྐུ་འགྱེད་མ་ཐེབས་སོགས་འཇོག་གནང་མཛད་པ་དང་དེ་ནས་མུ་མཐུད་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་མོར་མང་ཇ་དང་སྐུ་འགྱེད་ཕུལ་བ་མ་ཟད། ཇོ་བོ་ཤཱཀྱ་མུ་ནིའི་སྐུ་མདུན་དུ་གསེར་ཀོང་ཕྲ་ལྡན་ཁྲུ་གང་ལྷག་ཅིག་ྋརྒྱལ་མཆོག་བཅུ་གསུམ་པའི་སྐུ་བརྙན་མདུན་དུ་གསེར་གྱི་མཎ་ཌལ་ཕྲ་ལྡན་ཞིག་ཕུལ་བ་དང༌། ལྷག་པར་དུ་གདན་ས་ཆེན་པོ་རྣམ་པ་བཞི་སོགས་ཆོས་སྡེ་ཁག་གྲངས་མང་པོ་ལ་མཆོད་འབུལ་གཏོང་སྒོ་དང་གཏོང་རྩ་མ་ཐེབས་ཆེན་པོ་འཇོག་གནང་མཛད་པས་དེ་ནས་ཨ་འབྲུག་སྦྱིན་བདག་ཞེས་པའི་མཚན་དེ་ཐོགས་པ་བཤད་ཚུལ་ཡང་འདུག འདི་ཡན་ཆད་ཨ་འབྲུག་སྦྱིན་བདག་གོང་མ་རྣམས་ཀྱིས་མཆོད་འབུལ་གཏོང་སྒོ་དང་གཏོང་རྩའི་མ་ཐེབས་ཇི་འཇོག་རོབ་ཙམ་བརྗོད་ནས། སྦྱིན་བདག་མགོན་པོ་བཀྲ་ཤིས་མཆོག་མན་ཆད་ཀྱིས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་འོག་ཏུ་འཆད་རྒྱུ་ཡིན་པས་དེར་གཟིགས་རོགས་གནང༌།

                ཨ་འབྲུག་ཆོས་མཛད་བགྲེས་གཞོན་གཉིས་ཀྱིས་ཚོང་གི་ལྟེ་གནས་ལྟ་བུ་ལྷ་སར་བཙུགས་ཡོད་སྟབས་དེར་གཏན་འཇགས་ཀྱི་ཁང་པ་ཞིག་ངེས་པར་དུ་དགོས་པར་བརྟེན། ཁྲི་སྨོན་ཚང་ནས་ཁང་པ་ཐོག་བརྩེགས་ཅན་རྭ་སྐོར་དང་ལྡན་པའི་ཁང་ཆེན་ཞིག་ཉོས་འདུག ཁང་ཆེན་དེའི་ནང་སྤོས་པ་ནས་ཁྲི་སྨོན་ཨ་འབྲུག་ཚང་ཞེས་གྲགས། ཁང་ཆེན་དེའི་རྭ་སྐོར་ནང་དུ་ལི་ཐང་བུ་རི་ཚང་དང༌། ལི་ཐང་ཨ་ཆུང་ཚང་སོགས་འཐག་མཁན་དང༌། ཤིང་མཁན་སོགས་མང་དག་ཅིག་གཏན་སྡོད་བྱས་ཡོད་ཅིང༌། ད་དུང་ཨ་རྫ་བླ་མ་དང༌། ག་གཟི་བླ་མ། དྭགས་པཱུ་རིན་པོ་ཆེ་སོགས་བླ་སྤྲུལ་མང་པཱུ་ཞིག་ཀྱང་ཐོག་ཁར་མཆོད་ཁང་གཟིམས་ཆུང་འདྲ་མིན་མང་པཱུའི་ནང་རྒྱུན་བཞུགས་ལྟ་བུ་བྱས་ཡོད་འདུག་པ་མ་ཟད། ལི་ཐང་པའི་ཚོང་རིགས་དང་གནས་སྐོར་བ་སོགས་དྲག་ཞན་ཅི་རིགས་པ་ཐམས་ཅད་རྒྱུན་དུ་ཨ་འབྲུག་ཚང་གི་སྒོ་རྭའི་ནང་ཡར་འགྲོ་མར་འོང་གི་རྒྱུན་མི་ཆད་པར་ལྟ་བུའི་འདུ་ལོང་ཤིན་ཏུ་ཆེན་པཱུ་ཡིན།

                བར་སྐབས་ཤིག་ལ་ཨ་འབྲུག་ཚང་གི་ཚོང་ལས་རྒྱ་བསྐྱེད་དང་ཚོང་པ་ཇེ་མང་དུ་སོང་ནས། ཨ་འབྲུག་ཚོང་དཔོན་ནང་ཕན་ཚུན་ཚོང་རྒྱག་རེས་དང་ཁེ་སང་ཟ་རེས་བྱས་ནས་ཕན་ཚུན་འཁྲུག་རྩོད་ཀྱིས་ལྷ་སར་སླེབས་སྐབས་ཕན་ཚུན་གཉིས་ཀ་ཨ་འབྲུག་ཚང་གི་ཆེད་དུ་ཡིན་པ་ར་འཕྲོད་མང་པོ་བྱུང་ཡོད། མ་ཟད་ཞལ་ངོ་བློ་བཟང་དང༌། རྒྱ་གཏོརབ་ངག་དབང་ཕུལ་བྱུང༌། ཁང་ལེབ་འཇམ་དབྱངས། སོག་དཀར་སྐལ་བཟང་སོགས་མང་པཱུ་ཞིག་ལ་དུས་ཕྱིས་སུའང་ཨ་འབྲུག་བློ་བཟང༌། ཨ་འབྲུག་ངག་དབང་ཕུལ་བྱུང༌། ཨ་འབྲུག་འཇམ་དབྱངས། ཨ་འབྲུག་ཚོང་དཔོན་ཞེས་འབོད་དེ་ཁོ་ཚོའི་མིང་ལ་ཨ་འབྲུག་ཅེས་པ་ཡོངས་གྲགས་ལྟ་བུར་གྱུར་ཡོད། འགའ་ཞིག་གིས་ཨ་འབྲུག་ཅེས་པའི་སྐད་གྲགས་ཅན་གྱི་མིང་དེ་མི་ཚེའི་འཚོ་བའི་ནང་དུ་བེད་སྤྱད་ཡོད་པའང་གོ་ཐོས་བྱུང་བས་བདེན་མིན་ངེས་པ་མ་རྙེད།

                འབྲེལ་ཡོད་དང་རྒྱུས་ཡོད་གདན་སའི་དགེ་བཤེས་སྐུ་ན་ཤིན་ཏུ་བགྲེས་པོ་འགས་གསུངས་པ་ལྟར་ན། ཨ་འབྲུག་དགེ་འདུན་དང་ཨ་འབྲུག་ཆོས་མཛད་བགྲེས་གཞོན་གཉིས་ཀ་འབྲས་སྤུངས་བློ་གསལ་གླིང་སྤོམ་འབོར་ཁམས་ཚན་གྱི་ཆོས་མཛད་ཡིན་ཞིང༌། མ་ཟད་དུས་ཕྱིས་སུའང་ཨ་འབྲུག་རྟ་མགྲིན་ཚེ་འཕེལ་དང༌། ཨ་གཞི་འཕྲིན་ལས་སོགས་ནང་མི་ཉེ་འབྲེལ་མང་པཱུ་ཞིག་བློ་གསལ་གླིང་དུ་ཆོས་མཛད་བཏང་ནས་སྤོམ་འབོར་ཁམས་ཚན་དུ་སྒྲིག་ཞུགས་བྱས། འོན་ཀྱང་དེ་རྣམས་ཀྱི་ནང་ནས་གཞུང་ཆེན་ལ་སློབ་གཉེར་བྱས་ནས་བསྟན་པའི་མཛེས་རྒྱན་དུ་གྱུར་པ་གཅིག་བྱུང་ཡོད་པའི་ལོ་རྒྱུས་མེད་པ་མ་ཚད། ཨ་འབྲུག་དགེ་འདུན་གྱིས་ཆོས་མགོ་ཐོན་མིན་གསལ་པོར་མི་ཤེས་ཀྱང༌། གཞན་ཕལ་ཆེ་བས་ཆོས་མགོ་མ་ཐོན་པར་གྲྭ་ལོག་ཏུ་གྱུར་ཡོད།

                ཁྱད་པར་དུ་ཆོས་མཛད་བགྲེས་གཞོན་གཉིས་གྲགས་པ་དེ་གཉིས་ཀྱིས་བག་མ་གཅིག་བླངས། བག་མ་དེ་ཡང་བཤད་སྲོལ་གཅིག་ལ་ལྷ་སའི་སྐུ་དྲག་ཞིག་གི་བུ་མོ་རེད་ཟེར། ལ་ལས་ཚ་བ་རོང་པའི་བུ་མཱུ་ཞིག་རེད་ཟེར། གང་ལྟར་སྤུན་ཉེ་ལྷ་སར་གཏན་སྡོད་བྱེད་མཁན་ཞིག་ནི་རེད་འདུག རྗེས་སུ་མི་རྣམས་ཀྱིས་དབུས་སྐད་ཐོག་ནས་ཨ་འབྲུག་སྙིང་ལགས་ཞེས་འབོད་པ་དེ་རེད། ཆོས་མཛད་བགྲེས་གཞོན་གཉིས་ལ་རིགས་རྒྱུད་འཛིན་པའི་ཕྲུག་གུ་མ་བྱུང་བར་སྐུ་གཤེགས། ཁོང་གཉིས་ཀྱི་སྤུན་རྒན་པ་དེ་ཕ་ཡུལ་དུ་ཡོད་ཅིང༌། སྲིང་མོ་ཆུང་བ་དེ་ལ་སྔར་དར་རྩེ་མདོར་ཚོང་ཁང་དུ་ཚོང་གཉེར་བ་མི་ཉག་པ་པདྨ་མག་པ་བླངས་ནས་ལྷ་སར་གནས་སྡོད་བྱས་ཡོད་ཀྱང༌། ཨ་འབྲུག་སྙིང་ལགས་ཀྱིས་རང་གི་ཤུལ་འཛིན་གྱི་བུ་ཕྲུག་མེད་སྟབས་རང་ལ་གང་དགོས་ཀྱི་དངུལ་དངོས་ཨ་འབྲུག་ཚང་གི་རྒྱུ་ནོར་ལས་ཟུར་བཅད་ཀྱིས་རང་གི་སྤུན་མཆེད་ཀྱྀ་ནང་དུ་གསོག་འཇོག་བྱས་པ་དང༌། ཤུལ་ལྷག་ཨ་འབྲུག་ཚང་གི་ཁ་དབང་ཡོངས་རྫོགས་གདན་ས་གསུམ་ལ་འབུལ་རྩིས་བྱས་ཀྱང༌། ཨ་འབྲུག་ཚང་ལ་ཤ་ཞེན་ཅན་གྱི་ཨ་འབྲུག་ཚང་གི་ཚོང་གཉེར་བ་རྣམས་དང༌། ལྷ་སྡོད་ལི་ཐང་པ་ཚོང་རིགས་དང་གནད་ཡོད་མི་སྣ་རྣམས་ཀྱིས་བཀག་འགོག་བྱས་ནས་ཁ་མཆུ་ཐུག་སྐབས་སྙིང་ལགས་ཀྱིས་བཤད་དོན་ཨ་འབྲུག་ཚང་གི་ཕ་ཤུལ་བུ་འཛིན་གྱི་ཨ་འབྲུག་ཚང་གི་མི་ངོ་མ་ཞིག་མེད་གཤིས། ཨ་འབྲུག་ཚང་གི་ཁ་རྗེ་དབང་ཐང་ཇི་ཡོད་ཁོང་མོ་ལ་བདག་པས་ཁོ་མོས་གདན་ས་གསུམ་ལ་འབུལ་རྒྱུ་ཡིན་ཚུལ་བཤད།

                ཚུར་ཕྱོགས་ཀྱིས་ཨ་འབྲུག་མགོན་པོ་བཀྲ་ཤིས་ཨ་འབྲུག་ཚང་གི་མི་བཀྲུས་ན་མ་དག་པ་ཡིན་པས་ཨ་འབྲུག་ཚང་གི་ཁ་དབང་སྟོང་དགོས་པའི་རྒྱུ་མཚན་མེད་པར་བཤད་དེ། མཐར་གདན་ས་གསུམ་དང་གཞུང་གི་གནད་ཡོད་མི་སྣ་མང་པོས་ཨ་འབྲུག་ཚང་གི་རྒྱབ་སྐྱོར་བྱས་ནས། ཨ་འབྲུག་ཚང་གི་ཕ་ཤུལ་སྟོང་མི་དགོས་པར་ཨ་འབྲུག་ཚང་གི་མི་ངོ་མ་ཞིག་མིན་ན་ཨ་འབྲུག་ཚང་གི་ཤུལ་འཛིན་མི་ཆོག་པའི་གཏན་འབེབས་གཞུང་ས་ནས་བྱས། དེར་བརྟེན་ཨ་འབྲུག་མགོན་པོ་བཀྲ་ཤིས་སྦྱིན་བདག་ལ་བསྐོས་ཏེ་ཨ་འབྲུག་ཚང་གི་ཚོང་ལས་སྔ་བཞིན་རྒྱ་བསྐྱེད་དང༌། མཆོད་འབུལ་གཏོང་སྒོ་དང་མ་ཐེབས་རྣམས་རྒྱ་ཇེ་ཆེ་དང་གྲངས་ཇེ་མང་དུ་བཏང་བའི་སྐོར་འོག་ཏུ་ཅུང་ཟད་འཆད་རྒྱུ་ཡིན། གོང་དུ་བཤད་པ་བཞིན་གཞུང་ས་ནས་ཨ་འབྲུག་ཚང་གི་མི་ངོ་མ་ཞིག་མིན་ན་ཨ་འབྲུག་ཚང་གི་ཤུལ་འཛིན་མི་ཆོག་པ་གཏན་འབེབས་བྱས་པར་བརྟེན་ནས། ཨ་འབྲུག་རྟ་མགྲིན་ཆོས་སྐྱིད་དང་རྟ་མགྲིན་ཚེ་འཕེལ་གཉིས་ལྷ་ལྡན་ལ་སྐོང་འཐེན་བྱེད་དགོས་བྱུང༌། གོང་གི་རྙོག་གླེང་དེ་དག་ལ་བརྟེན་ནས་ཆོས་མཛད་གཉིས་ཀྱི་སྲིང་མོས་གནམ་བཏགས་བརྒྱབ་ནས་རང་སྲོག་བཅད་པ་དང༌། ཁོ་མཱུའི་བཟའ་ཟླ་མི་ཉག་པ་པདྨ་ཡང་དེ་ནས་འཇིག་རྟེན་མི་རྟག་པའི་རང་གཤིས་འདི་ལ་ཞེན་པ་ལོག་སྟེ་རང་གི་བཟའ་ཟླའི་ཆེད་དུ་ཆོས་འབའ་ཞིག་བྱེད་པ་ལས་ཨ་འབྲུག་ཚང་གི་ཁ་དབང་ལ་ཐེ་གཏོགས་གཏན་ནས་མ་བྱས། ཡིན་ན་ཡང་ཨ་འབྲུག་ཚང་གིས་ཁོང་ལ་བླ་ཆེན་ཞིག་ལ་ཞབས་ཕྱི་ཞུས་པ་ལྟར་བཀུར་སྟི་ཕུན་སུམ་ཚོགས་པར་ཞུས་ནས། ཁོང་གི་མི་ཚེའི་མཇུག་རྔ་ཆོས་ཁོ་ནས་མཐར་ཕྱིན་ཡོང་བའི་ཆ་རྐྱེན་ཚང་བར་བསྒྲུབས་ཡོད།

                རྩོད་རྙོག་དེ་དག་གི་ཁྲོད་ནས་ཆབ་མདོར་ཡོད་པའི་ཚོང་ཁང་དང་ཀ་ལོན་སྦུག་ཏུ་ཡོད་པའི་ཚོང་ཁང་ཁག་ཉམས་ཤོར་བ་འདྲ་སྟེ། ཕྱིས་སུ་ཨ་འབྲུག་ཚང་གི་མི་ངོ་མས་ཀྱང་དེ་དག་དངོས་སུ་ཡོད་པ་མཐོང་ཐོས་མི་འདུག གོང་གི་ཨ་འབྲུག་ཚང་དང་སྙིང་ལགས་བར་རྩོད་རྙོག་མང་པོ་བྱུང་བ་ལ་བརྟེན་ནས་ལྷ་སྡོད་ལི་ཐང་པ་ཀུན་གྱིས། སྙིང་ལགས་ལ་དམར་འདྲེ་ཞེས་འབོད་ནས་གསོན་འདྲེ་མཱུ་ཞིག་གི་འདུ་ཤེས་ལས། ཡུལ་ལུང་གཅིག་པའི་གཞིས་བྱེས་ཚང་མས་ཆ་འཇོག་བྱ་སའི་མི་ཚང་ཞིག་གི་མནའ་མའི་མཐོང་ཞིག་བཞག་མི་འདུག འོན་ཀྱང་ང་ཚོས་ཞིབ་ཏུ་བསམ་ན་སྙིང་ལགས་ཁོ་མོས་རྒྱུ་ནོར་ཟུར་ཁྱེར་གྱིས་སྤུན་ཉེའི་ནང་དུ་གསོག་འཇོག་བྱས་པའི་བསམ་བློ་ལ། ནམ་ཡང་དག་པ་དཀའ་བའི་གཡོ་སྒྱུའི་དྲི་མའི་ནོར་སྐྱོན་ཆེན་པོ་མཆིས་ཀྱང༌། སྐབས་དེར་ཨ་འབྲུག་མགོན་པོ་བཀྲ་ཤིས་ལ་ཨ་འབྲུག་ཚང་གི་ཁ་དབང་ལ་གང་བྱས་ཀྱི་དབང་ཆ་ཆེན་པོ་མེད་པས། འཇོན་ཐང་ཅི་ཡོད་སྟོན་པའི་གོ་སྐབས་མ་རག་པ་དང༌། གཞན་དབང་ཆ་དང་ཐོབ་ཐང་ཡོད་པའི་ཨ་འབྲུག་ཚང་གི་མི་རྣམས་ཀྱིས་དུད་ཚང་དེའི་ཆགས་འཇིག་དང་དར་རྒུད་ལ་བསམ་བློ་ཏིལ་འབྲུ་ཙམ་ཡང་མ་གཏོང་བར། ཆང་འཐུང་སྦག་རྩེད་ཁོ་ནར་མགོ་བོ་གདུགས་ལྟར་འཁོར་ནས་བསྡད་དེ། ཨ་འབྲུག་ཚང་གི་སྦྱིན་བདག་གོང་མ་རྣམས་ཀྱིས་དཀའ་བ་གྲངས་མེད་སྤྱད་དེ་གསོག་སྒྲུབ་བྱས་པའི་རྒྱུ་ནོར་ཡོད་དོ་ཅོག་ཚེ་འདི་ཕྱི་གང་ལ་ཡང་མི་ཕན་པ་མ་ཟད་ད་དུང་ཆང་འཐུང་རྒྱན་རྩེད་ཀྱྀ་རྒྱུ་ལ་སོང་ན། སྔར་སྦྱིན་བདག་ཀུན་གྱིས་རྣམ་དཀར་དགེ་ལས་ཀྱི་སླད་དུ་གསོག་སྒྲུབ་བྱས་པའི་དམིགས་ཡུལ་དང་ཡོངས་སུ་འགལ་ཏེ། སྡིག་པ་མི་དགེ་བའི་རྒྱུ་ཁོ་ནར་འགྱུར་བས་སྔོན་གཤེགས་སྦྱིན་བདག་རྣམས་ཀྱི་དགོངས་པ་དང་ག་ལ་མཐུན། དེའི་ཕྱིར་སྙིང་ལགས་ཀྱིས་ཨ་འབྲུག་ཚང་གི་སྦྱིན་བདག་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་སླད། ཨ་འབྲུག་ཚང་གི་ཁ་རྗེ་དབང་ཐང་ཇི་ཡོད་གདན་ས་སེར་འབྲས་དགེ་གསུམ་ལ་འབུལ་རྒྱུའི་བློ་ཐག་བཅད་པ་མིན་ནམ་སྙམ། རྒྱུ་མཚན་ནི་བཤད་མ་ཐག་པའི་སྐད་ཆ་རྣམས་ལ་བསམ་གཞིག་ཅིག་བྱོས་དང༌། ཨ་འབྲུག་སྙིང་ལགས་ཁོ་ནའི་སྐྱོན་རེད་ལབ་ན་བློ་གྲོས་ཀྱི་མིག་ཕྱོགས་གཅིག་ཅན་གྱིས་འདོད་ཚུལ་བཤད་པ་ཙམ་མ་ཡིན་ནམ་སོམས་ཤིག།

                ཨ་འབྲུག་ཚང་གི་སྦྱིན་བདག་གྲགས་ཅན་ཆོས་མཛད་བགྲེས་གཞོན་གཉིས་ཀ་སྐུ་གཤེགས་རྗེས། ཨ་འབྲུག་ཚང་གི་ལྷ་ལྡན་ལ་ཡོད་པའི་ཁ་རྗེ་དབང་ཐང་སྟོང་ལ་ཉེ་སྐབས། ཕ་ཡུལ་གཅིག་པ་དང་གདན་ས་ཁག་ནས་རོགས་མགོན་གྱི་མྱུར་སྐྱབས་བྱས་པ་ལ་བརྟེན་ནས། ཕྱིས་སུ་ཨ་འབྲུག་ཚང་གི་རྒྱུ་ནོར་མཆིས་སོ་ཅོག་བོད་ཀྱི་བསྟན་པ་ཆབ་སྲིད་ལ་འཆི་ཁའི་སྨན་དང་ལྟོགས་དུས་ཟས་བཞིན་ཤིན་ཏུ་སྨིན་པོ་བྱུང་ཡོད། ཨ་འབྲུག་ཚང་གི་སྦྱིན་བདག་ཆོས་མཛད་གཞོན་པ་གཞིས་ཀ་རྩེར་ཚྭ་ཆུའི་ནང་དགོངས་པ་རྫོགས་ཡོད་འདུག གོང་དུ་བཤད་པ་བཞིན་ཆོས་མཛད་བགྲེས་གཞོན་གཉིས་ལ་རྒྱུད་འཛིན་བུ་ཕྲུག་མེད་ཅིང༌། ཁོང་གཉིས་ཀྱི་སྲིང་ཆུང་མ་ལའང་ཕྲུ་གུ་ཡོད་རབས་བཤད་རྒྱུ་མི་འདུག།

                ཁོང་གཉིས་ཀྱི་སྤུན་རྒན་པ་ཕ་ཡུལ་དུ་ཡོད་མཁན་དེར་བུ་རྒན་པ་འཕྲིན་ལས་མགོན་པོ་དང༌། བུ་མོ་སྒྲོལ་མ། བུ་བློ་གྲོས་ཕུན་ཚོགས། ཨ་མ་མི་གཅིག་པའི་མགོན་པོ་བཀྲ་ཤིས་བཅས་ཡོད་ལ།

                བུ་རྒན་པ་འཕྲིན་ལས་མགོན་པོ་ལྷ་སར་འོངས་ནས་ཆང་འཐུང་སྦག་རྩེད་དང་འཁྱམས་ཉུལ་ཁོ་ནར་བྱས་ཏེ། ཨ་འབྲུག་ཚང་ལ་ཕན་འདོགས་པའི་ལས་ཀ་སྣ་གཅིག་མ་བྱས་པར་གང་དགའ་ཅི་འདོད་ཀྱིས་རྣམ་གཡེང་འབའ་ཞིག་བྱས། དེར་བརྟེན་ཨ་འབྲུག་ཚང་གིས་དྲེལ་ལག་གཅིག་རྒྱབ་དང་བཅས་པ་བསྐུར་ནས། ཁྱོད་རང་གིས་གང་འདོད་ལྟར་གྱིས་ཤིག་རྗེས་སུ་གྲོད་ཁོག་ལྟོགས་དུས་ནང་ལ་ལོག་ཤོག་ཟེར་ནས་མངགས། ཨ་འབྲུག་ཚང་གིས་རེ་བ་ལ་ཁོ་པ་ཉིད་ཀྱིས་དཀའ་སྡུག་མང་པོ་མྱོང་ན་རྗེས་སུ་སེམས་པ་ཁུག་ནས་མི་ཚད་ལྡན་ཡག་པཱུ་ཞིག་ཏུ་འགྱུར་རྒྱུ་དེ་རེད། ཡིན་ན་ཡང་ཁོ་པ་དེ་འདྲ་ཞིག་ཏུ་མི་འགྱུར་བར་དྲེལ་ལག་གཅིག་གི་རྒྱབ་དང་བཅས་པ་ཡོངས་སུ་རྫོགས་ནས། རྒྱ་དམར་གྱི་བོད་དུ་བཙན་འཛུལ་མ་བྱས་གོང་དུ་ཨ་འབྲུག་ནང་ལ་ཟ་ཉལ་ཁོ་ན་དང༌། ག་ས་གང་ལ་འཁྱམ་ཉུལ་བྱས་ནས་ཉི་མ་འཁྱོལ་ཐབས་ཙམ་མ་གཏོགས་གཏིང་རིང་པཱུའི་བསམ་བློ་གང་ཡང་མི་གཏོང་མཁན་ཞིག་རེད། ཁོ་པར་ལྷ་ས་ལ་བདེ་ཆེན་ཞེས་པའི་བུ་མཱུ་ཞིག་ཡོད་པ་གྲགས།

                གཉིས་པ་ཨ་འབྲུག་སྒྲོལ་མ་ཞེས་པ་དེ་ཕ་ཡུལ་ལ་ཨ་འབྲུག་ཚང་གི་ནང་ལ་སྡོད་མཁན་རེད་འདུག དེ་དང་དེའི་བུ་ཕྲུག་རྣམས་ཀྱིས་སྐོར་འོག་ཏུ་འཆད་རྒྱུ་ཡིན། ཨ་འབྲུག་བློ་གྲོས་ཕུན་ཚོགས་དང་ཁོང་གི་བཟའ་ཟླ་བུ་ཕྲུག་རྣམས་ཀྱི་སྐོར་ཡང་འོག་ཏུ་འཆད་རྒྱུ་ཡིན་པས་ཀློག་པ་པོ་རྣམས་ཀྱིས་ཐུགས་སྣང་གནང་རོགས།

                                བསྟན་པའི་རྒྱལ་མཚན་མཁའ་ལ་སྒྲེང་བྱེད་པའི།།

                                གངས་ཅན་བོད་ཀྱི་ཆོས་སྡེ་ཆེ་ཕྲ་ཀུན།།

                                མཆོད་སྦྱིན་གཏོང་སྒཱུའི་ཕྱག་རྗེས་ཆེས་ཆེ་བའི།།

                                ཁྲི་སྨོན་ཨ་འབྲུག་ཚང་གི་གྲགས་པ་འབར།།

                                བསླུ་མེད་སྐྱབས་ཡུལ་ཀུན་གྱི་མདུན་ས་རུ།།

                                རིན་ཆེན་སྟོང་གི་མཆོད་འབུལ་རི་བོ་བརྩེགས།།

                                བཀྲེས་སྐོམ་ཁུར་གྱིས་མནར་བའི་དབུལ་རྣམས་ལ།།

                                ཅི་འདོད་སྟེར་བའི་ཨ་འབྲུག་ཚང་ལ་བསྔགས།།

                                སྣ་ཚོགས་གནའ་བཱུའི་སྣང་བརྙན་ཚང་ཚིང་ནགས།།

                                མཐོང་འདོད་ནས་ཆང་མངར་མོས་བཟི་བས་ན།།

                                འཁྱོག་བརྗོད་རྒྱས་སྤྲོས་སྤངས་པའི་སྤྲོ་ཁང་འདིར།།

                                ཕེབས་དང་ཁྱོད་ཀྱྀ་ཡིད་ལ་ངལ་གསོ་ཐེབས།།

                                                                                ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།