ལོ་ངོ་༢༣ སྔོན་གྱི་དེ་རིང་བསྩལ་བའི་པཀའ།

༄ ༅། །ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་ གྲྭའི་མཚན་འཛིན་སློབ་གཙོའི་གདན་འདྲེན་ཞུ་ཡིག་ཞལ་བཞེས་གནང་བའི་ཐོག་སྩལ་བའི་ བཀའ་སློབ། ཕྱི་ལོ ༡༩༨༦ ཟླ་བ ༡ དང་པོའི་ཚེས ༢༢ ཉིན། མཚོ་ སྔོན་ནི་མི་རིགས་མང་པོ་འདུས་པའི་ས་ཁུལ་ཞིག་དང༌། མི་རིགས་གྲངས་ཉུང་གི་བསྡུར་ཚད་མི་ཉུང་བས། མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ཞིག་འཛུགས་རྒྱུ་ནི། ཧ་ཅང་གལ་ཆེ་ཞིང་ཤིན་རུ་ལེགས་པའི་བྱ་བ་ཞིག་རེད། དེས་མཚོ་སྔོན་གྱི་མི་རིགས་སློབ་གསོ་གོང་དུ་འགྲོ་བར་ཤན་ཤུགས་གཏིང་ཟབ་ཅིང་ ཡུན་རིང་པོ་ཞིག་ཐེབ་པར་ངེས་ཤིང༌། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་མི་རིགས་སློབ་གསོར་སྔར་ལས་ལྷག་པའི་བརྩི་ འཇོག་འཇོག་བྱེད་པ་མཚོན་ཡོད། ང་རང་དགའ་སྤྲོ་ཆེན་པོ་སྐྱེས་འདུག ཁྱེད་ཚོས་ང་རང་གདན་འདྲེན་བྱས་ནས་མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་ གྲྭའི་མཚན་འཛིན་སློབ་གཙོའི་འགན་འཁུར་དུ་འཇུག་པ་ནི། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་དང་ཞིང་ཆེན་སྲིད་གཞུང་གིས་ང་ལ་ཡིད་རྟོན་ མཛད་པ་ཡིན་པས། ང་རང་མཚན་སྙན་གྱི་ལས་འགན་འདི་དང་ལེན་བྱེད་རྒྱུར་འཐད་ཅིང༌། ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན། ང་ལ་བྱ་བ་མང་པོ་ཡོད་མོད། འོན་ཀྱང་ཅི་ནས་ཀྱང་ཞིང་ཆེན་སྲིད་གཞུང་ལ་རོགས་འདེགས་བྱས་ཏེ། མཚོ་སྔོན་མི་རིགས་དགེ་ཆེད་སྦྱོང་སློབ་གྲྭ་ལེགས་པོར་བསྐྲུན་པ་དང༌། མཚོ་སྔོན་གྱི་མི་རིགས་སློབ་གསོའི་ལས་དོན་ལ་རང་གི་ནུས་ཤུགས་ཅུང་ཟད་འབུལ་ངེས་ ཡིན། མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ལེགས་པོར་སྐྲུན་དགོས་ན། ཐོག་མར་མི་རིགས་སྐད་ཡིག་གིས་སློབ་ཁྲིད་བྱེད་རྒྱུ་འཛིན་དགོས། རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་སུམ་ཅུའི་རིང་ལ། མི་རིགས་སྐད་ཡིག་སློབ་སྦྱོང་བྱེད་པའི་སློབ་མའི་ཨང་གྲངས་འཕར་བ་ཧ་ཅང་མགྱོགས་ མོད། འོན་ཀྱང་སྤུས་ཚད་ད་དུང་དེ་འདྲ་མི་ལེགས། སྔོན་ཆད་དང་བསྡུར་ན། མི་རིགས་སྐད་ཡིག་གི་རིག་གཞུང་ཆུ་ཚད་ད་དུང་མི་མཐོ། དེར་བརྟེན། མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ཞིག་ཡིན་ན། ངེས་པར་དུ་མི་རིགས་སྐད་ཡིག་གིས་སློབ་ཁྲིད་བྱེད་པ་གཙོ་བོར་བཞག་ནས། ངེས་པར་དུ་མི་རིགས་སྐད་ཡིག་གི་སློབ་ཁྲིད་ལེགས་པོ་བྱེད་དགོས། བོད་ཡིག་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་ཡོད་ཅིང༌། ཤེས་བྱ་ཕུན་སུམ་ཚོགས་པ་སྟེ། ཚད་མ་རིག་པ་དང༌། ལོ་རྒྱུས། སྐར་རྩིས། གསོ་རིག རིག་རྩལ། ཆོས་ལུགས་བཅས་ཡོད་པས། དོན་དག་མང་པོ་ཞིག་ལ་ཞིབ་འཇུག་བྱེད་འོས། མི་རིགས་ཤིག་གི་སློབ་གསོ་གོང་དུ་སྤེལ་དགོས་ན། ཐོག་མར་མི་རིགས་དེའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཁྱོངས་ བྱེད་དགོས་པས། མི་རིགས་སྐད་ཡིག་སྟེ་རྨང་གཞིའི་བསླབ་བྱ་དེ་ལེགས་པོར་འཁྲིད་རྒྱུ་ནི་གལ་འགངས་ ཧ་ཅང་ཆེ། མི་རིགས་སོ་སོ་དོན་དངོས་སུ་འདྲ་མཉམ་ཡོང་དགོས་ཟེར་བ་མིན་ནམ། རིག་གནས་དང་ཚན་རིག་ཤེས་བྱ་ཁོང་དུ་ཆུད་ནས་བེད་སྤྱོད་དང་མཐོ་འདེགས་མ་བྱས་ན། མི་རིགས་སོ་སོའི་བར་གྱི་དངོས་གནས་ཀྱི་འདྲ་མཉམ་ཞེས་པ་ནི་མི་སྲིད་པ་ཞིག་རེད། དེའི་མཚུངས་སུ། ད་དུང་རྒྱའི་སྐད་ཡིག་སློབ་སྦྱོང་བཟང་པོ་བྱེད་དགོས། རྒྱའི་སྐད་ཡིག་ལ་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་དང༌། རང་རྒྱལ་གྱི་ཡི་གེ་གཙོ་བོ་རེད། རྒྱ་ཡིག་གི་ཤེས་བྱའང་ཤིན་ཏུ་ཕུན་སུམ་ ཚོགས་པ་ཡིན་པས་དེང་རབས་ཀྱི་ཚན་རིག་ལག་རྩལ་དང་ཤེས་བྱ་སློབ་སྦྱོང་བྱེད་དགོས་ ན། ད་དུང་རྒྱའི་སྐད་ཡིག་སློབ་སྦྱོང་བྱེད་རྒྱུར་བརྟེན་དགོས་ཏེ། བོད་ཡིག་ལ་ད་དུང་ཤེས་བྱ་མང་ཆེ་བ་ཞིག་བསྒྱུར་མེད་པ་རེད། དེར་བརྟེན། མི་རིགས་སྐད་ཡིག་སློབ་སྦྱོང་བྱེད་པའི་དུས་མཚུངས་སུ། ངེས་པར་དུ་རྒྱའི་སྐད་ཡིག་ལ་སློབ་སྦྱོང་བཟང་པོ་ཞིག་བྱེད་དགོས། སློབ་ གྲྭའི་སྒྲིག་ལམ་དང་སྒྲིག་སྲོལ་ལམ་ལུགས་ལེགས་པོར་འཛིན་དགོས། བག་གཡེང་བྱེད་མི་རུང་ལ། རང་མོས་ཅན་དུའང་འགྲོ་མི་རུང༌། སློབ་གྲྭ་ལེགས་སྒྲུབ་བྱེད་དགོས་ན། གཅིག་ནས་སློབ་གྲྭའི་སྒྲིག་ལམ་འཛིན་དགོས་ལ། གཉིས་ནས་སློབ་ཁྲིད་འགོ་ཁྲིད་ཚན་ཁག་འཛིན་དགོས། ཁྱིམ་མཚེས་ས་ཁུལ་གྱི་གཡས་བསྟུན་གཡས་རོགས་ཀྱི་བྱ་བ་ལེགས་སྒྲུབ་བྱ་དགོས། བོད་ཡིག་ལ་ཡུན་རིང་པོར་རིམ་འགྱུར་བྱུང་མོད། བརྡ་དང་ཐ་སྙད་གཅིག་གྱུར་ཡིན་པ་དང༌། མིང་ཚིག་གཅིག་ས་ཆ་གང་ནས་ཀྱང་གོ་ཐུབ། ཡིན་ནའང༌། ལོ་རབས་བརྒྱད་ཅུ་པར་སླེབས་ཚེ། ཡུལ་ལུང་སོ་སོར་གཅིག་གྱུར་བྱུང་མེད་པར། རང་རང་ས་ཆར་སྐད་ཆ་རེ་ཡོད། དཔེར་ན། སི་ཁྲོན་གྱིས་བཤད་པ་བོད་ལྗོངས་ཀྱི་མི་གོ་ཞིང༌། ཡི་གེ་དང་ཡུལ་སྐད་ལྷན་དུ་བསྲེས་པ་དེ་ལྟ་བུ་ག་ལ་ཆོག དེར་བརྟེན། མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་བསྒྲུབས་ན། ཁྱིམ་མཚེས་ཞིང་ཆེན་དང་ཁུལ་གྱི་བོད་ཡིག་རོགས་ལས་ཀྱི་བྱ་བ་ལེགས་པོར་བཟུང་ནས། བོད་ཡིག་ཚད་ལྡན་དུ་བསྒྱུར་དགོས། དུས་མཚུངས་སུ། སློབ་སྒྲུབ་ཀྱི་ཉམས་མྱོང་བརྗེ་དང་ཕན་ཚུན་སློབ་སྦྱོང་དང་སྐུལ་འདེད་བྱེད་ དགོས། སློབ་གྲྭ་བསྒྲུབས་ན། དགེ་རྒན་གྱི་འཛུགས་སྐྱོང་འཛིན་དགོས། དགེ་རྒན་གྱི་ཡོན་ཚད་མཐོ་རུ་བཏེགས་ན། ད་གཟོད་ཚད་ལྡན་གྱི་སློབ་མ་གསོ་སྐྱོང་བྱེད་ཐུབ། མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ནི་དགེ་རྒན་གསོ་སྐྱོང་བྱེད་པའི་སློབ་ གྲྭ་ཡིན་པས། ལྷག་པར་དུ་དགེ་རྒན་དཔུང་སྡེའི་འཛུགས་སྐྱོང་ལེགས་པོ་འཛིན་དགོས། སྔོན་ཆད་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་བྱས་པའི་གྲངས་ཀ་མི་ཉུང་ མོད། འོན་ཀྱང་སྤུས་ཚད་མི་མཐོ་ཞིང༌། མི་ལ་ལ་ད་དུང་གཡོན་ཚབས་ཧ་ཅང་ཆེ་ལ། མི་ལ་ལ་ད་དུང་མི་རིགས་གཞན་པའི་ལས་བྱེད་པ་ལས་ཀྱང་གཡོན་ཚབས་ཆེ། དེར་བརྟེན་མི་རིགས་ཀྱི་སློབ་གསོ་སྤེལ་བ་དང་མི་རིགས་སློབ་གྲྭ་འཛུགས་ན། སྤུས་ཚད་ལེགས་པོར་བཟུང་ནས། ཀུན་སྤྱོད་དང་ཤེས་བྱ། ལུས་རྩལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོད་པའི་ཤེས་ཡོན་ཅན་གསོ་སྐྱོང་བྱེད་ དགོས། (སྔ་དྲོའི་དུས་ཚོད་བཅུ་ནས་བཅུ་གཅིག་དང་ཕྱེད་ཀའི་བར)


བརྗོད་གཞི་གཞན་ཁག་ལ་གཟིགས།