ཉི་འོད་དང་གངས་སེང་མེད་པའི་བོད་ཀྱི་རྒྱལ་དར།

སྨན་རྩིས་ཁང་དང་། ནོར་གླིང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་བཅས་ཀྱི་དབུ་འཛིན་དང་། སློབ་སྤྱི། འཛིན་སྐྱོང་ཡིག་ཚང་གི་ལས་བྱེད་སོགས་འབྲེལ་ཡོད་རྣམས་ནས་སློབ་མ་རྣམས་ལ་རང་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་། རྒྱལ་དར། རྩ་ཁྲིམས་སམ་བཅའ་ཁྲིམས་གསུམ་ལས་བླ་ན་མཐོ་བའི་བརྩི་བཀུར་བྱ་ཡུལ་ཞིག་མེད་པ་དང་། རང་བཙན་ཡོད་པའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེ་གསུམ་ལ་རྩིས་མེད་བྱས་ན་ཁྲིམས་ཐོག་ནས་ཆད་པ་གང་ཞིག་ཕོག་གི་ཡོད་མེད་སོགས་ལ་ཞིབ་ཕྲའི་ངོ་སྤྲོད་སློབ་ཁྲིད་གནང་དགོས་པ་ཞིག་དང་། ད་དུང་དང་ཕྱིར་བསྡུ་མ་བྱས་པའི་ཐོག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུམ་མདོ་ཁའི་གྱང་ངོས་སུ་བཀྲམས་པའི་ཆེས་མི་འཚམ་པའི་དྲིལ་བསྒྲགས་ཀྱི་རིགས་འདི་རྣམས་ལ་ཐུགས་སྣང་དང་། མཐོ་སློབ་ཀྱི་སློབ་མ་རྣམས་ལ་གོ་བརྡ་ཞིག་དང་། ལམ་སྟོན་ཞིག ཡང་ན་འཕྲལ་དུ་ཕྱིར་བསྡུ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཞིག་ཅིས་ཀྱང་འཕྲལ་དུ་གནང་སྐྱོང་ཡོང་བ་དང་། འདི་ནི་མཐོ་སློབ་གསུམ་གྱི་འཛིན་སྐྱོང་གི་ངོས་ནས་བཀོད་སྒྲིག་གནང་བ་ཞིག་མིན་པར་དང་བླང་གི་སློབ་མ་བསམ་མེད་རེ་ཟུང་གཞན་གྱི་བཀོད་བྱུས་དང་། ཆབ་སྲིད་ཀྱི་མགོ་སྐོར་བསླུ་བྲིད་སོགས་ཀྱི་དབང་དུ་སོང་སྟེ་བྱེད་ཐལ་ཤོར་བ་ཞིག་ཡིན་ངེས། འོན་ཀྱང་མ་འོས་མི་འཚམས་པའི་བསམ་ཚུལ་བྱུང་འཕྲལ་དགོངས་སེལ་དང་བཅས་ཕྱིར་བསྡུ་གནང་དགོས་པ་ཞིག་ཡིན་ནའང་། ད་དུང་ཡང་ཡར་འགྲོ་བརྒྱ་དང་མར་འགྲོ་སྟོང་གི་ལམ་གསུམ་མདོ་སོགས་སུ་སྦྱར་འགྲེམས་མུ་མཐུད་བྱས་པ་ལས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་ཚུལ་དང་། བོད་ཀྱི་རྒྱལ་དར་ལ་བརྩིས་མེད་ཀྱི་ལས་ངན་ལ་མཚམས་འཇོག་གིས་ཕྱིར་བསྡུ་མ་བྱས་པ་ནི་བོད་དང་། བོད་མི་རིགས། བོད་རྒྱལ་ཁབ། བོད་ཀྱི་རྒྱལ་དར་སོགས་གང་ལའང་བརྩིས་བཀུར་མ་བྱས་པ་དང་། ད་དུང་བྱེད་འདོད་མེད་པའི་རྣམ་པ་གསལ་པོར་སྟོན་པ་ཞིག་མཚོན་པ་ཡིན། མཐོ་སློབ་གསུམ་གྱི་འཛིན་སྐྱོང་གི་འགན་འཛིན་རྣམ་པས་ཐུགས་སྣང་གི་གཏན་ནས་མ་འོས་མི་འཚམས་པའི་དྲིལ་བསྒྲགས་ཀྱི་གྱང་སྦྱར་འདི་འཕྲལ་དུ་ཕྱིར་བསྡུ་གནང་རྒྱུར་བཀའ་སློབ་ཅིག་ཅིས་ཀྱང་གནང་སྐྱོང་ཡོང་བ་མཁྱེན་ཞེས་མི་དགའ་བས་ཞུས་པ་མ་ཡིན་པར་རྒྱལ་དར་ལ་ཞེན་པ་དཀར་པོས་ཞུས་པ་ཞིག་ལ་དགོངས་བཞེས་གནང་རོགས་ཞུ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "བློ་བཟང་སེངྒེ་ཕམ་ཀྱང་དུས་རབ་ཀྱི་ན་གཞོན་ཕམ་པ་མིན།"



བརྗོད་གཞི་གཞན་ཁག་ལ་གཟིགས།