ཁྱེད་ཀྱི་འབོད་སྒྲས་ཐག་གཅོད།

ཡོ་རོབ་ཀྱི་ཡུལ་སུད་སིར་གནས་སྡོད་བྱས་ཡོད་པའི་བོད་ཀྱི་ན་གཞོན་ཚོས་སླེབས་ལ་ཉེ་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་སྐོར་བགྲོ་གླེང་ཞིག་ཟླ་༠༩ཚེས་༢༥ཉིན་སུད་སིའི་གྲོང་ཁྱེར་ཟུ་རི་ཅི་ཞེས་པར་འཚོགས་ཡོད་འདུག

དེ་ཡང་ཡོ་རོབ་བོད་རིགས་ན་གཞོན་མཐུན་ཚོགས་ཞེས་པའི་གོ་སྒྲིག་འོག་༼ཁྱེད་ཀྱི་འབོད་སྒྲས་ཐག་གཅོད་བྱ་༽ཞེས་པའི་བརྗོད་གཞིའི་ཐོག་ཡོ་རོབ་ཁུལ་དུ་ཡོད་པའི་བོད་རིགས་ན་གཞོན་ཚོར་སླེབས་ལ་ཉེ་བའི་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་འོས་འདེམས་དེ་བཞིན་གལ་ཆེན་རང་བཞིན་ཇི་ལྟར་ཆགས་ཡོད་མེད་སོགས་ཀྱི་སྐོར་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེ་བ་རེད་འདུག གནད་དོན་དེར་ན་གཞོན་ཚོས་རང་ཉིད་ཀྱིས་བསམ་ཚུལ་བསྡུ་ལེན་ཞུ་བའི་གོ་སྐབས་ཡག་ཤོས་ཤིག་ཡིན་ལུགས་འདི་ག་གསར་ཁང་དུ་བཏང་བའི་གསལ་བསྒྲགས་སུ་གསལ་འདུག

ད་དུང་སྐབས་དེར་གོ་སྒྲིག་པའི་ངོས་ནས་ཚོགས་ཞུགས་གནང་བའི་ན་གཞོན་དེ་ཚོར་བཙན་བྱོལ་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་ལས་ཁུངས་མ་ལག་དང་བཅས་པའི་སྐོར་དང་བཀའ་སྤྱིའི་འོས་བསྡུ་ཆེན་མོའི་འོས་མིར་ཞུགས་ཡོད་པའི་མི་སྣ་ཁག་ངོ་སྤྲོད་མདོར་བསྡུས་གནང་བའི་རྗེས་སུ་དང༌། བཀའ་སྤྱིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཚོད་ལྟའི་འོས་བསྡུ་ཞིག་གནང་མ་ཐག་བརྗོད་གཞི་དང་འབྲེལ་ཡོད་ཐོག་དྲིས་ལན་སོགས་ཀྱིས་རྩོད་སྒྲུབ་ཅིག་ཀྱང་གང་ལེགས་བྱུང་ཡོད་འདུག

ཐེངས་འདིའི་བགྲོ་གླེང་དུ་ཞུགས་མཁན་ན་གཞོན་༥༠ལྷག་སླེབས་ཡོད་པ་དང་བགྲོ་གླེང་དེས་ན་གཞོན་མང་པོ་ཞིག་ལ་བགྲོ་གླེང་གི་བརྗོད་གཞིའི་ཐོག་གོ་རྟོགས་མི་དམན་པ་ཞིག་སླེབས་ཡོད་པ་དང༌། སྐབས་དེར་རྗར་མི་ནིའི་སྐད་ཡིག་ཐོག་དྲ་རྒྱ་ཞིག་ཀྱང་དབུ་འབྱེད་བྱས་ཏེ་མུ་མཐུད་ལས་འགུལ་མཇུག་སྐྱོང་གནང་རྒྱུ་ཡིན་པ་རེད། ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༢༩ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།