དཔལྡན་ཆོས་སྒྲོན་དྷ་སར་འབྱོར།

བོད་ཀྱི་ཆབ་སྲིད་བཙོན་ཟུར་བཙུན་མ་དཔལ་ལྡན་ཆོས་སྒྲོན་ལགས་བོད་ནས་བྲོས་བྱོལ་གྱིས་རྒྱ་གར་དྷ་རམ་ས་ལར་ཟླ་༠༩ཚེས་༡ཉིན་ལ་ཕེབས་འབྱོར་ཐུབ་ཡོད་པའི་སྐོར་གསར་ལམ་ཁག་གིས་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་ཁོང་ནི་དེ་སྔ་༡༩༩༣ལོར་གྲགས་ཅན་བཙུན་མ་༡༤ཡོད་པ་ནས་བོད་ནང་དུ་ཞི་རྒོལ་འོག་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་དང་དེ་རྗེས་བཙོན་ཁང་དུ་ཁྲིམས་ཐག་བཅད་ནས་ལོ་མང་བཙོན་ཁང་དུ་བཞུགས་རིང་ཁོང་དང་བཙུན་མ་ཚོགས་ཁག་ཅིག་ནས་སྙན་གྲགས་ཅན་གྱི་བོད་རང་དབང་འཐབ་རྩོད་དང་། བོད་ཀྱི་དབུ་ཁྲིད་ལ་ཆེད་བསྟོད་གཞས་གསར་རྩོམ་གྱིས་བོད་ཀྱི་ཕྱི་ཕྱོགས་སུ་གསང་བའི་ཐོག་ནས་བཏང་ཐུབ་ཡོད་པར་བརྟེན། བོད་ནང་དུ་བོད་ཀྱི་རང་དབང་སླར་གསོ་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་བཙོན་པ་ཚོའི་སེམས་ཤུགས་དང་ཁོང་རྣམ་པའི་སྤོབས་པ་གང་འདྲ་ཞིག་ཡོད་མེད་གསལ་སྟོན་གནང་ཡོད་པ་རེད།

དཔལ་ལྡན་ཆོས་སྒྲོན་ལགས་ནི་བོད་ཀྱི་ལྷ་སའི་ཉེ་འཁོར་གཉེས་མོ་ཞེས་པར་༡༩༧༣ལོར་འཁྲུངས་པ་དང་རང་ལོ་༡༤སོན་སྐབས་རབ་ཏུ་བྱུང༌། ༡༩༩༠ཡས་མས་སུ་བར་སྐོར་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་གནང་སྟེ་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་མི་ལོ་༣བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

བཙོན་ཁང་དུ་ཁོང་གི་བཙོན་རོགས་བཙུན་མ་ཚོས་བོད་དང་༸གོང་ས་མཆོག་ལ་བསྟོད་དབྱངས་ཕུལ་ནས་སྒྲ་འཛིན་འཁོར་ཐག་ཏུ་ཕབ་བླུགས་ཞུས་ཏེ་བོད་ཀྱི་ཕྱི་ཕྱོགས་སུ་གསང་བའི་ཐོག་བཏང་གནང་ཡོད་པ་དང་། དེས་འཛམ་གླིང་མི་མང་ཡོངས་ལ་བོད་ནང་གི་བོད་མི་ཚོ་རྒྱ་ནག་གི་འོག་མནར་གཅོད་དང་རྡུང་གསོད། བཙོན་འཇུག་དང་ཁྲིམས་ཐག་བཅད་པ་སོགས་ཀྱི་གནས་སྟངས་ཐབས་ཇི་ཙམ་ཡོད་ཀྱང་ཁོང་རྣམ་པའི་སེམས་ཤུགས་ལ་འགྱུར་བ་མེད་པ་དང་བོད་དོན་འཐབ་རྩོད་ལ་འགྱུར་བ་མེད་པ་སོགས་གསལ་སྟོན་གནང་ཡོད་པ་ཞིག་རེད།

དེའི་སྐོར་གནས་ཚུལ་རྒྱས་པ་ཨ་རིར་རྟེན་གཞི་བྱས་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟེར་བའི་ཚོགས་པའི་དྲ་གནས་སུ་གསལ་འདུག ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༢༣ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།