བོད་མི་སྐྱབས་བཅོལ་བ།

ཟླ་འདིའི་ཚེས་༡༨ཉིན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ལས་བྱེད་ཨེ་རེག་ཤི་ཝར་ཛེ་རྣམ་གཉིས་མཇལ་འཕྲད་ཀྱིས་སྐབས་དེར་དམིགས་བསལ་སྐུ་ཚབ་མཆོག་གིས་སྐུ་ཞབས་ཨེ་རིག་མཆོག་དང་ལྷན་དུ་བོད་མི་སྐྱབས་བཅོལ་བའི་གནས་སྟངས་སྐོར་བཀའ་མོལ་གནང་འདུག

དེ་ཡང་ཁོང་རྣམ་གཉིས་དབར་མཇལ་འཕྲད་མ་གནང་སྔོན་ཙམ་དུ་སྐུ་ཞབས་ཨེ་རིག་མཆོག་གིས་ཐེངས་འདིར་ངའི་སྐད་ཆ་ཤོད་རྒྱུ་དེ་ནི་འགྲོ་བ་མིའི་དཀའ་ངལ་གྱི་གནས་སྟངས་འདྲ་མིན་ཡོད་པའི་ནང་ནས་སྐྱབས་བཅོལ་བའི་སྐོར་ཡིན། ཨ་རིའི་སྲིད་གཞུང་གིས་དཀའ་ངལ་དེ་དག་སེལ་ཆེད་རྒྱལ་སྤྱིའི་ཚོགས་པ་ཁག་བརྒྱུད་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱེད་བཞིན་ཡོད་པ་རེད།

གཞན་ཡང་བོད་མི་སྐྱབས་བཅོལ་བ་ཚོར་དཀའ་ངལ་ཇེ་ཆེར་འཕྲད་བཞིན་ཡོད་སྟབས། གནད་དོན་དེའི་སྐོར་དམིགས་བསལ་སྐུ་ཚབ་མཆོག་དང་ང་གཉིས་བཀའ་མོལ་གནང་རྒྱུ་ཡིན་ཞེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་འདུག སྐབས་དེར་ཁོང་གཉིས་ཀྱི་བཀའ་མོལ་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་པ་རེད།

སྐུ་ཞབས་ཨེ་རིག་མཆོག་ནི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མི་འབོར་དང་སྐྱབས་བཅོལ་གནས་སྤོ་ལྷན་ཁང་གི་ལས་དྲུང་ཞིག་ཡིན་འདུག་པ་དང་། ཁོང་ནི་ཨ་རིའི་སྲིད་གཞུང་གི་མི་སྣ་ཁག་ནས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་ཡང་ཡང་ཐུག་འཕྲད་གནང་མཁན་ཞིག་ཡིན་འདུག

གཞན་ཡང་ཟླ་འདིའི་ཚེས་༡༩ཉིན་ཨ་རིའི་ནང་རྟེན་གཞི་བྱས་ཡོད་པའི་དབུས་དང་ལྷོ་ཨེ་ཤ་ཡའི་ལས་དོན་ཚོགས་ཆུང་གི་དྲུང་ཆེའི་ལས་རོགས་སྐུ་ཞབས་ཨ་ཀྲུལ་ཁེ་ཤིབ་མཆོག་གིས་བལ་ཡུལ་ནང་སྲིད་བློན་ཆེན་དང་ཐུག་འཕྲད་ཀྱིས། བལ་ཡུལ་གཞུང་གིས་དེ་སྔོན་རྒྱལ་སྤྱིའི་སྐྱབས་བཅོལ་ལས་ཁུངས་དང་ལྷན་དུ་ཆིངས་དོན་ཁས་ལེན་བྱས་དོན་ལྟར། བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་ཡོང་མཁན་བོད་མི་རྣམས་བལ་བོད་ས་མཚམས་སུ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་པས། ཁོང་ཚོའི་བདེ་འཇགས་ཁས་ལེན་ལག་བསྟར་བྱེད་དགོས་ལུགས་གསུངས་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༢༡ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།