མི་རིགས་རང་སྐྱོང་གི་སྐོར།

༡ རང་སྐྱོང་གི་འདྲ་མཉམ་སྐོར་ལ། མི་རིགས་རང་སྐྱོང་ཞེས་པ་དེ་སྤྱི་མཐུན་རྒྱལ་ཁབ་ནང་གི་གྲངས་ཉུང་མི་རིགས་ཁོ་ནར་གཞིགས་ནས་གཏན་འཁེལ་བ་ལས། མ་གཞི་ནས་རྒྱལ་ཁབ་འདིའི་ནང་རྒྱ་ནག་རང་ཡང་ས་གནས་ལྟར་རང་སྐྱོང་བྱེད་པའམ་ཞིང་ཆེན་སོ་སོ་རང་སྐྱོང་བྱེད་པར་གཏན་ནས་ངོས་བཟུང་མེད། གཙོ་བོ་འདི་ནི་རྒྱ་ནག་རང་མི་རིགས་ཆེན་པོའམ་རྒྱལ་ཁབ་ཀྱི་མི་རིགས་གཙོ་བོའམ་གཞི་མར(主体民族)ལ་ངོས་ལེན་བྱས་པས་རེད། རྒྱ་རིགས་རྣམས་ཞིང་ཆེན་དང་གྲོང་ཁྱེར་མི་འདྲ་བར་གནས་ལས། ཤང་ཀང་དང་ཨོ་མེན་ལྟ་བུའི་གནས་ཚུལ་དམིགས་གསལ་ཅན་མ་གཏོགས་རྒྱ་རིགས་ཀྱི་རང་སྐྱོང་ལྗོངས་ཞེས་པ་ཞིག་རྒྱལ་ཁབ་འདིའི་ནང་ཁུལ་ན་མེད། གྲངས་ཉུང་མི་རིགས་ལ་རང་སྐྱོང་ལྗོངས་དང་ཁུལ་རྫོང་། མི་རིགས་ཤང་བཅས་རིམ་པ་བཞི་ནས་ཁ་གསལ་བྱས་པའང་ཁོ་ཚོ་རྒྱལ་ཁབ་སྤྱི་ལ་མཚོན་ན་མི་རིགས་གཙོ་བོ་མ་ཡིན་པར་མི་རིགས་ཕལ་བ་ཡིན་པས་རྐྱེན་གྱིས་རེད། དེའི་ཕྱིར། ས་གནས་རང་སྐྱོང་ཡིན་མིན་དེ་གྲངས་ཉུང་མི་རིགས་ཁོ་ན་ལས་རྒྱ་རིགས་ལ་འབྲེལ་བ་མེད་པའང་། རྒྱ་རིག་དང་མི་རིགས་འདྲ་མཉམ་ཡིན་མིན་ཡང་དེ་བས་གླེང་དུ་མེད་པ་རེད། ༢ བོད་ཀྱི་གནད་དོན་ལ་འགོག་རྐྱེན་ཡོང་བ་དེ་ཆེ་ཆུང་གི་གནད་དོན་གཙོ་བོ་མིན་པར། མི་རིགས་གཉིས་བར་དང་ཡང་ན་རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་བར་སྐད་ཆ་བཤད་དབང་དང་ཇུབ་གཅོད་དབང་ཆར་ཤུགས་ཆེ་ཆུང་ཡོད་མེད་ལ་རག་ལས་པ་རེད། དཔེར་ན་དྲི་བ་དྲིས་ལན་འདིའི་ནམ་བོད་ཆེན་པོ་ཞེས་པ་དེ་འགྲེལ་བཤད་ག་འདྲ་གསལ་བོ་གནང་ནའང་། ཁོ་བོ་རང་ལྟ་བ་དེ་མཁྲེགས་འཛིན་བྱས་མིན་གང་ཡིན་རུང་ཚིག་ངོས་ནས་འགྱུར་སྲིད་པ་མ་རེད། དོན་དངོས་སུ་སྔོན་ཆད་ཀྱང་བོད་ཆེན་པོ་དང་བོད། ཐང་དང་ཐང་ཆེན་པོ་ཞེས་པ་སོགས་མིང་རྒྱལ་བོའི་ཁབ་ཀྱི་མིང་ལ་ཆེན་པོ་སྦྱོར་སྲོལ་ཡོད་ཀྱང་། རྒྱ་ནག་གི་ཡི་གེ་བ་ཞིག་ཡིན་ཕྱིན་ཐང་ཆེན་པོ་དང་ཐང་ཞེས་པ་དེ་རྒྱལ་རབས་དང་རྒྱབ་ཁབ་ལ་གོ་དུས་ས་ཁོངས་ཀྱི་ངོས་ནས་གཅིག་འདྲ་ཡིན་པ་མི་ཤེས་པ་མི་སྲིད། དེ་ནི་སྲིད་འབྱོར་རིག་གསུམ་སོགས་ཀྱི་ངོས་ནས་རྒྱལ་ཁབ་གཞན་དང་རྒྱབ་རབས་གཞན་ལས་ཆེན་པོ་ཞེས་པ་ཆེ་བསྟོད་ཀྱི་ཚུལ་དུ་བརྗོད་པ་ཙམ་རེད། དེ་བས་མི་རིགས་འབྲེལ་བ་གླེང་དུས་ཆེན་པོ་སྦྱར་མིན་དེར་རྩོད་གླེང་བྱེད་པ་ནི་དགོས་མེད་ཀྱི་དུས་ཚོད་ཆུད་ཟོས་ཙམ་ཁོ་ནའོ།།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "རྒྱ་རིགས་མཁས་དབང་ཞིག་གིས་བཀའ་ཁྲིར་ཕུལ་བའི་དྲི་བ།།"



བརྗོད་གཞི་གཞན་ཁག་ལ་གཟིགས།