འཕན་པོའི་མིང་གི་བྱུང་རིམ་དང༌། བཙན་པོའི་སྐབས་ཀྱི་འཕན་ཡུལ།

   ༡  འཕན་པོའི་མིང་གི་བྱུང་རིམ་དང༌།   བཙན་པོའི་སྐབས་ཀྱི་འཕན་ཡུལ། 

ཤམ་བྷ་ལའི་ཕོ་དྲ་བས་ཟླ་༡༢་ཚེས་༢༥ཉིན་སྤེལ། འཕན་ཡུལ་ལམ་འཕན་པོ་ཞེས་པའི་མིང་ནི་ཡབ་མེས་གནམ་རི་སྲོང་བཙན་གྱི་སྐུ་དུས་བྱུང་བ་ཞིག་ཡིན། ཏུང་ཧོང་ཡིག་རྙིང་ནང་འཁོད་པར་གཞིགས་ན། བོད་རྗེ་སྟག་རི་གཉན་གཟིགས་ཀྱི་དུས་ན་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་ཁུལ་ཡིན་ནའང༌། སྟག་སྐྱ་བོ་ནི་གང་དང་ཅི་ལ་ཡང་ལྡོག་ཕྱོགས་ཀྱི་ངན་རྒུ་བྱ་རྒྱུར་དགའ་བས། དེ་ལ་དེའི་བློན་པོ་གཉའ་འཛི་ཟུང་ཡིད་མ་རངས་པར་ཟིང་པོ་རྗེ་ཁྲི་པངས་སུམ་ ༼དགུ་གྲི་ཟིང་པོ་རྗེའམ་དགུག་གྲི་ཟིང་པོ་རྗེ་ཡང་ཟེར།༽ ལ་མགོ་བཏགས་ཏེ་སྟག་སྐྱ་བོར་ངོ་ལོག་བརྒྱབ། སྟག་སྐྱ་བོའི་མངའ་ཁོངས་ཡུལ་ཡེལ་རབས་སྡེ་བཞི་དང༌། ཀླུམ་ཡ་གསུམ་རྣམས་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་མངའ་འོག་ཏུ་བསྡད། དེའི་བྱ་དགར་མནའ་གཙིགས་དོན་ཐོག་ཏུ་བཀལ་ནས་མཁར་སྡུར་བས་བཅད་དེ། ཀླུམ་ཡ་གསུམ་གྱི་སྨད་ནས་བྲན་གཡོག་ས་ཆ་འགའ་ཤས་སྤྲད། རྗེས་སུ་ཟིང་པོ་རྗེ་ཁྲི་པངས་སུམ་ཡང་སྟག་སྐྱ་བོ་དང་འདྲ་བས་དེའི་མངའ་ཞབས་བྲན་འཁོལ་མྱང་ཙེང་སྐུ་དང༌། དབས་དབྱི་ཚབ། མནོན་པང་སུམ་འདྲོན་པོ། ཚེས་པོང་ནག་སེང་སོགས་ཀྱིས་ཟིང་པོ་རྗེ་ཁྲི་པངས་སུམ་ངོ་ལོག་ནས་སྤུ་རྒྱལ་བཙན་པོ་སྟག་རི་གཉན་གཟིགས་ལ་མགོ་བཏགས། རིང་པོར་མ་སོང་བར་སྟག་རི་གཉན་གཟིགས་འདས་ནས་དེའི་སྲས་གནམ་རི་སྲོང་བཙན་དང་མནའ་སྐྱེལ་དམ་བཅའ་བཞག་ཐོག ཏུང་ཧོང་ཡིག་རྙིང་དུ། དེང་ཕན་ཆད། ཟིང་པོ་རྗེ་རྒྱབ་དུ་མྱྀ་དོར་རེ། སྤུ་རྒྱལ་པང་དུ་མྱྀ་ལེན་རེ། ཞེས་པའི་མནའ་ཚིགས་ཀྱང་ཡོད། དེ་ནས་དབས་དབྱི་ཚབ་སོགས་ཀྱིས་བཙན་པོ་གནམ་རི་སྲོང་བཙན་གྱི་དམག་སྣེ་དྲངས་ཏེ་ཡུལ་ངས་པོ་དང་བཅས་སྤུ་རྒྱལ་བཙན་པོའི་མངའ་འབངས་སུ་བཀུག་པ་མ་ཟད། བཙན་པོ་ཁྲི་སློན་བཙན་གྱྀས། བཀའ་སྩལ་ཏེ། ཡུལ་ངས་པོ་ལས། འཕན་ཡུལ་དུ་མྱྀང་སྤོས་སོ། །ཞེས་གསལ་བ་ལྟར་སྔར་བཙན་པོ་སྲོང་བཙན་སྒམ་པོས་བོད་ས་མཐོའི་རྒྱལ་ཕྲན་དང་རུས་རྒྱུད་ཚོ་པ་རྣམས་བོད་ཅེས་པའི་ཐ་སྙད་ཀྱི་ཁྱབ་ཁོངས་སུ་དངོས་སུ་གཅིག་གྱུར་མཛད་རྗེས། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་གི་ཡ་གྱལ་ཏེ། དབུ་རུའི་སྐུ་སྲུང་ཤར་ཕྱོགས་པའི་སྟོང་སྡེ་ནི་འཕན་ཡུལ་དུ་གནས་ཡོད། དེང་སང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་འཕན་པོ་ངན་ཆུ་རྒྱུག་ཁུལ་གྱི་ས་ཁུལ་རྣམས་ཡིན།

          དེས་ན་འཕན་པོ་ཞེས་པའི་མིང་མ་ཐོགས་གོང་ས་གནས་དེར་ངས་པོ་ཞེས་འབོད་ཅིང༌། ཡུལ་དེ་ཐོག་མར་ཟིང་པོ་རྗེ་སྟག་སྐྱ་བོའི་མངའ་ཁུལ་ཡིན་པ་དང༌། དེ་རྗེས་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་མངའ་རིས་སུ་གྱུར་བ་ཡིན་ནའང༌། བཙན་པོ་གནམ་རི་སྲོང་བཙན་གྱི་དུས་ན་བཙན་པོ་སྐུ་ངོ་མས་ཡུལ་ཡར་ལུང་ནས་དཔུང་དམག་ཁྲི་ཕྲག་ཁྲིད་དེ་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་མངའ་ཁོངས་རྣམས་དབང་དུ་བསྡུས་རྗེས་བཙན་པོའི་བཀའ་བཞིན་ངས་པོ་བྱ་བའི་ས་མིང་འཕན་ཡུལ་ཞེས་པར་བསྒྱུར་བ་ཡིན།

          གཞན་ཡང༌། ངས་པོའི་ཁྲ་གསུམ་ཞེས་པ་ནི་ཏུང་ཧོང་བོད་ཀྱི་ཡིག་ཆ་ལས། ཡུལ་ངས་པོའི་ཁྲ་སུམ་ན། རྗེ་དགུག་གྲིའི་ཟིང་པོ་རྗེ། བློན་པོ་མགར་དང་མཉན་གཉིས། ཞེས་གསལ་བའི་ལོ་རྒྱུས་དུམ་བུ་དེ་ནི་སྟག་རི་གཉན་གཟིགས་ཀྱི་སྐུ་སྨད་ཆད་ཡུལ་ངས་པོ་སྟེ་འཕན་ཡུལ་ཁུལ་དུ་ལྷག་པའི་གནས་ཚུལ་ཞིག་ཡིན་འདྲ་སྟེ། དེ་ཡང་དགུག་གྲི་ཟིང་པོ་རྗེའམ་ཟིང་པོ་ཁྲི་པངས་སུམ་གྱིས་ཡུལ་ངས་པོ་དབང་དུ་བསྡུས་པ་དང་མཉན་འཛི་ཟུང་དེ་དགུག་གྲི་ཟིང་པོ་རྗེའི་སྙིང་ཉེ་བའི་བློན་པོར་གྱུར་བའི་དུས་ཚོད་ནི་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་ཡིན་ཚུལ་ཏུན་ཧོང་ཡིག་རྙིང་ནང་གསལ། དེས་ན་ཏུན་ཧོང་ཡིག་རྙིང་ནང་དུ་ཡུལ་ངས་པོའི་ཁྲ་གསུམ་ན་ཞེས་དང༌། བཙན་པོའི་སློབ་བཙན་གྱྀས། བཀའ་སྩལ་ཏེ། ཡུལ་ངས་པོ་ལས། འཕན་ཡུལ་དུ་མྱྀང་སྤོས་སོ། །ཞེས་འབྱུང་བ་ལྟར། ཁྲ་སུམ་བྱ་བ་དེ་ཡུལ་ངས་པོ་སྟེ་བཙན་པོ་གནམ་རི་སྲོང་བཙན་དུས་ན་འཕན་པོའི་མངའ་ཁུལ་གྱི་ས་ཆ་ཞིག་ཡིན་པ་དང༌། དེང་སང་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་འཕན་པོ་ངན་ཆུ་རྒྱུག་ཁུལ་དུ་ཡོད་པའི་ཡུལ་སྔ་ཤང་གི་ཁོངས་སུ་ཡོད། དེར་འབྲོག་ས་ཞིག་ཡོད་པ་དེའི་མིང་ལ་ད་ལྟའང་ཁྲ་ཕུ་ཞེས་བྱུང་བས། ཁྲ་ཕུ་དེ་ནི་ཕལ་ཆེར་སྔར་གྱི་ཡུལ་མིང་ཁྲ་སུམ་ལས་འཕོས་འདྲ་བ་ཞིག་འདུག་སྙམ་པས་དཔྱད་པར་འཚལ།

སྤུ་རྒྱལ་གྱི་གདུང་རབས་སུམ་ཅུ་པ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་བོད་དབུས་ཀྱི་སའི་ཆར་རྒྱལ་ཕྲན་སྟོབས་ཆེ་བ་གསུམ་ཙམ་མཆིས་པ་ལས་ཟིང་པོ་རྗེ་སྟག་སྐྱ་བོའི་ཆབ་སྲིད་ཀྱི་ལྟེ་གནས་ནི་ཉེན་ཀར་ཡིན། ཉེན་ཀར་ནི་བཙན་པོའི་བཞུགས་གནས་ཕོ་བྲང་གི་མིང་ཡང་ཡིན། ཏུན་ཧོང་ཡིག་རྙིང་ནང་འཁོད་པར་གཞིགས་ན། རྒྱལ་ཕྲན་དེ་ཉིད་ཀྱིས་ཐོག་མར་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁོངས་ཀྱི་འཕན་པོའི་ཡུལ་ལྟེ་བར་བྱས་པའི་ཡུལ་ལུང་རྒྱ་ཆེ་ཙམ་ཞིག་ལ་དབང་མཛད་ནའང༌། ཟིང་པོ་རྗེ་སྟག་སྐྱ་བོ་ནི་བྱ་བ་གང་དང་གང་ཡང་ཕྱིན་ཅི་ལོག་པ་ཤ་སྟག་བྱེད་དེ། ལེགས་པ་རྣམས་ཉེས་པར་བཏང༌། ཉེས་པ་རྣམས་ལེགས་པར་བརྩི། དཔོན་ནི་གོང་ན་ཁྲོ་ཞིང་གཏུམ། བྲན་གཡོག་ནི་འོག་ན་སྐྲག་ཅིང་འདར་བ་ཞིག་བྱུང་བས། ཉེ་འཁོར་གྱི་རྒྱལ་ཕྲན་ཟིང་པོ་རྗེ་ཁྲི་པངས་སུམ་གྱིས་དབང་དུ་བསྡུས་པ་དང༌། དེ་རྗེས་ཡང་བཙན་པོ་གནམ་རི་སྲོང་བཙན་སྐབས་སུ་སྤུ་རྒྱལ་བཙན་པོའི་དབང་དུ་བསྡུས་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་འདུག དེ་ལ་བལྟས་ན། སྐབས་དེའི་ཉེན་ཀར་ནི་དེང་སང་འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་ཡོད་འདྲ་སྙམ་ཞིང༌། དེ་མིན་ཤིན་ཅང་དང༌། གཡས་རུ་སོགས་སུ་ཡང་ཉེན་ཀར་གྱི་མིང་ཅན་ས་གནས་ཡོད་པར་གྲགས་པས་ཞིབ་གསལ་གྱི་དཔྱད་གཞི་མ་རྙེད། 

          ༢ ཟིང་པོ་རྗེའི་མཁར་ཤུལ་དང་ཟིང་པ་ཁྱིམ་ཚང༌།

བོད་ལྗོངས་འཕན་པོ་ལྷུན་གྲུབ་རྫོང་ཁོངས་ལྕང་ར་ཤང་གི་མངའ་ཁོངས་ཟིང་པ་གྲོང་ཚོའི་ཉེ་འདབས་སུ་ཟིང་པ་ཞེས་པའི་ཁྱིམ་ཚང་ཞིག་ཡོད་པ་དེ་གནའ་དུས་ཀྱི་ཟིང་པོ་རྗེའི་མཁར་ཡིན་པ་དང༌། དེའི་བྱང་ངོས་ཀྱི་རིང་སྟེང་དུ་ཟིང་པ་སྟག་དགོན་པ་ཟེར་བའི་གྱང་རོ་ཞིག་ཡོད། ཟིང་པ་ཞེས་པའི་ཁྱིམ་ཚང་དེའི་མི་རྒྱུད་རྣམས་ཟིང་པ་རྗེའི་མི་རྒྱུད་ཡིན་སྐད་འདུག་ཅིང༌། བཤད་རྒྱུན་ལྟར་ན་ཁང་པ་ཐོག་བརྩེགས་ལྔ་ཅན་ཞིག་ཡོད་པ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་གཞུང་ནས་ཉམས་གསོ་ཐེངས་གཅིག་གནང་སྐད། ཟིང་པ་སྟག་དགོན་པ་ཞེས་པ་དེ་འབྲི་གུང་གི་ཁོངས་ཡིན་པ་དང༌། དགོན་པ་དེ་བར་སྐབས་ཤིག་ནས་འཐོར་ཞིག་སོང་འདུག་ཀྱང༌། ཟིང་པའི་ཁང་པ་དེ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི་སྤྱི་ལོ་ ༡༩༧༠ ལོ་བར་ཡོད་ཀྱང་དེ་རྗེས་མ་ཡུར་བཟོ་སྐབས་ཁང་པ་དེ་བཤིག་ནས་ད་ཆ་ས་ངོ་ཆོད་ཙམ་ཞིག་ལས་མེད་ཀྱང༌། རི་སྟེང་དུ་ཡོད་པའི་ཟིང་པོ་དགོན་པའི་ཤུལ་དེ་དང་གནས་སྤོས་བྱས་པའི་ཁྱིམ་ཚང་གི་མི་རྒྱུད་ད་ལྟ་བསྡད་ཡོད་ལ་དེང་སྐབས་ཀྱང་ཟིང་པ་གྲོང་ཚོ་དང་ཟིང་པ་ཁྱིམ་ཚང་ཞེས་པའི་མིང་རང་གསོར་གནས་ཡོད་པ་མ་ཟད། ཁྱིམ་ཚང་དེ་ཉིད་ཟིང་པའི་མི་རྒྱུད་དུ་ངོས་འཛིན་ཅིང་ལགས་སྐུ་ཞབས་ཞེས་འབོད་བཞིན་ཡོད་ལ། ཟིང་པའི་མི་རྒྱུད་ལགས་སྐུ་ཞབས་ནས་ཡུལ་དེའི་ཆར་འབེབས་དང༌། སད་སེར་གྱི་གནོད་འཚེ་འགོག་པའི་ཞབས་རིམ་སོགས་ཀྱི་འགན་འཁུར་བཞིན་ཡོད། ཟིང་པ་ཁྱིམ་ཚང་གི་སོ་ནམ་གྱི་ལས་རིགས་ཁག་ཟིང་པ་གྲོང་མིས་རོགས་རམ་གནང་ལམ་ཡོད་པ་བཅས་སོ།།     །། 

ཤམ་བྷ་ལའི་ཕོ་ཉའི་སློབ་སྟོན་པ་དགེ་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
གྲོགས་པོ་ལགས། ངའི་མིང་ལ་སྟག་ཚང་རིག་རྒོད་ཟེར། ཁྱེད་ཀྱི་རྩོམ་ཡིག་འདི་ངའི་སྐད་འཕྲིན་tibet-boy11ཐོག་ལ་སྐུར་རོགས།
གོང་ནས་འཕན་པོའི་ལོ་རྒྱུས་མཁས་དབང་དགེ་ཆོས་ཀྱི་དེབ་དཀར་ནང།ཡིག་རྙིང་གི་ བྱང་བུའི་སྐོར་ལས་ཟིང་བོའི་རྗེའི་ལོ་རྒྱུས་དར་རྒུད་དང་འབྲེལ་བའི་གསལ་ཆ་དོད་ཡོད་པ་དག།དེང་སང་ས་མིང་རུས་མིང་སོགས་ལ་ཞིབ་འཇུག་་བྱ་རྒྱ་གལ་ཆེན་རང་བཞིན་དུ་བརྩིས་ནས། ཕ་ཡུལ་འཕན་པོ་ནས་ཡིན་པ་རྣམས་ཐུགས་ཁུར་དོ་སྣང་མང་ཙམ་བྱ་རྒྱུ་གལ།
4 ༢༤༢༠༡༣༢༢༣༠
༄། འཕན་ཡུལ་གྱིི་ལོ་རྒྱུས་ཤིག་མིག་ལམ་དུ་འཆར་བར་དགའ་སྐྱོ་གཉིས་ལྡན་ཞིག་བྱུང༌། ད་དུང་ཡང་འཕན་ཡུལ་གྱི་རྩ་ཆེའི་དགོན་རྙིང་དང་ལྷ་ཁང་དང༌། ལོ་རྩ་བ་དཀའ་གདམས་པ་སོགས་ཀྱི་ལོ་རྒྱུས་རྣམས་ཀྱང་མཁོ་འདོན་གནང་ཐུབ་པའི་རེ་བ་ཞུ་ཡི་ཡོད་པ་བཅས་འཕན་པོ་སྐལ་ལྡན་ནས༌།
3 ༣༠༢༠༡༣༡༢༡༣
ཕ་མེས་རྒྱུད་པའི་ལོ་རྒྱུས་རྨང་ནས་བརྗེད། །
ཕ་སའི་དར་རྒུད་སྣང་བའི་ཟུར་ལ་མེད། །
ཕ་ཤུལ་འཛིན་པའི་གསོན་ཤུགས་ཡལ་བའི་མིར། །
ཕ་ཡུལ་ལོ་རྒྱུས་འདི་ཉིད་ཅིས་མི་མཁོ།།
བློ་ཕུག་ཆོས་ལ་གཏོད་མཁན་འཔན་པོ་བ། །
ཆོས་ཕུགས་སྤྲང་ལ་གཏོད་མཁན་འཔན་པོ་བ། །
སྤྲང་ཕུགས་ཤི་ལ་གཏོད་མཁན་འཔན་པོ་བ། །
ཤི་ཕུགས་གྲོགས་ལ་བསྟེན་མཁན་སླར་བྱོན་ཤོག །
2 ༠༦༢༠༡༣༡༩༣༤
ང་རང་ཕ་ཡུལ་འཕན་པོ་ནས་ཡིན། དེ་རིང་ང་རང་གི་འཕན་ཡུལ་ཞེས་པའི་མིང་བྱུང་ཚུལ་གྱི་སྐོར་འཁོད་པ་དེ་མཇལ་བྱུང་པས་དགའ་པོ་ཞེ་དྲག་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་
1 ༠༣༢༠༡༣༢༢༢༠
ད་དེང་འདིར་ཁྱེད་ཀྱི་འཕན་ཡུལ་གྱི་མིང་འདོག་ཚུལ་ཞིག་བྲིས་གནང་འདུག་པར་རྗེ་ཆེ༏༏



བརྗོད་གཞི་གཞན་ཁག་ལ་གཟིགས།