བཞི་གཅིག་བཞིའི་རྒྱལ་ཡོངས་མྱ་ངན།

ཟླ་བ་བཞི་བའི་ཚེས་ཉེར་གཅིག་ཉིན་རྒྱ་ནག་རྒྱལ་ཡོངས་ཀྱིས། བཞི་གཅིག་བཞིའི་དོན་རྐྱེན་ཏེ་ཡུལ་ཤུལ་ས་ཡོམ་ཆེན་མོར་མྱ་ངན་ཞུ་སླད་རྒྱལ་ནང་དང་ཕྱིར་རྒྱལ་གཞུང་ཚབ་སོ་སོ་ནས་རྒྱལ་དར་མར་ཕྱེད་ཙམ་ཕབས་ནས། གྲུ་གཟིངས་དང་རླངས་འཁོར་སོགས་ཀྱིས་དུས་གཅིག་ཏུ་ཤུལ་ལུས་ཉམ་ཐག་ཚོ་ཡི་བླ་སྲོག་ལ་འགུལ་སྐྱོད་དང་། གཤིན་པོའི་རྣམ་ཤེས་འཁྱམས་པོ་ཚོས་ཀྱང་དར་ཅིག་ཅེར་གྱིས་གསན་དགོས་པའི་གདུང་འབོད་ཀྱི་དུང་བརྡ་དུས་གཅིག་ཏུ་བསྒྲག་རྒྱུ་ཐག་གིས་བཅད། ཡིན་ནའང། མི་རིགས་རང་ལུགས་པའི་ཆབ་སྲིད་ཀྱི་ཀླད་པ་མཁྲེགས་པོ་ཅན་དག་གིས། མིའི་ནུས་ཤུགས་ལས་འགོང་པའི་རང་བྱུང་གི་གོད་ཆག་དང་ལྡོག་ཏུ་མེད་པའི་ཆོས་ཉིད་བཙན་པོ་དག་གི་སྐབས་འདི་འདྲ་དང་། དུས་དེ་འདྲ་ལ་སླེབ་དུས་ཀྱང་། ཁོ་ཚོ་རིག་པ་གྲུང་མདོག་དང་དཔྱོད་པ་མཁས་མདོག་གིས་མིའི་རིགས་ལ་ལྷན་སྐྱེས་སུ་གྲུབ་པའི་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་ཚོར་ཤེས་ལྷད་མེད་དག་ལ། ཡར་མར་བཅོ་བརྒྱད་བཤད་ནས་རྡོག་རོལ་གཏོང་རྐྱང་བྱེད་པ་ནི། ཁོ་བ་ཚོ་འདུ་ཤེས་ཀྱི་བྲན་གཡོག་བྱེད་རྒྱུ་མང་དྲགས་ནས་མིའི་ཤེས་པའི་རྟེན་གནས་གཙོ་བོ་ཀླད་པའི་ཕྱོགས་གཉིས་ལ་འདྲ་མཉམ་གྱིས་གཅེས་སྐྱོང་བྱེད་དགོས་པའི་གནས་ལུགས་ལ་རྨོངས་ཚོད་རེད། གང་ལྟར་ཡང་། འདི་འདྲའི་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་མྱ་ངན་གདུང་འབོད་བྱེད་ཐབས་ལ། འུ་ཚོའི་གཞུང་སྔོན་ལ་ཐོན་དགོས་ངེས་ཡིན་ཡང་། དྲན་རིག་རྒོད་པོ་ཚོ་ཤོར་ཟིན་པས། འདོད་མིན་ཇི་ལྟར་ཡང་། རྒྱ་ནག་རྒྱལ་ཡོངས་མྱ་ངན་སྲུང་བརྩིས་བགོད་འདོམས་བཞིན་འུ་ཚོའང་མ་ཕྱིན་ན་ཞབས་འདྲེན་དེ་ལས་ཀྱང་འཇོག་ཚོད་རེད།།


བརྗོད་གཞི་གཞན་ཁག་ལ་གཟིགས།