ལྷ་སའི་ཐུན་མོང་མ་ཡིན་པའི་བཞི་ཚན་ཁག་གི་གནའ་ཤུལ་ལོ་རྒྱུས།

ལེའུ་གསུམ་པ། ལྷ་སའི་ཐུན་མོང་མ་ཡིན་པའི་བཞི་ཚན་ཁག་གི་གནའ་ཤུལ་ལོ་རྒྱུས་ངོ་སྤྲོད།

ཉེར་བཞི། ལྷ་ས་རུ་བཞི། ང་ཚོས་རྟག་ཏུ་ལྷ་ས་རུ་བཞི་ཞེས་ངག་ལམ་ནས་བརྗོད་ཀྱང་ལྷ་ས་རུ་བཞི་བརྗོད་དོན་གང་ཡིན་མང་པོ་ཞིག་གིས་མཁྱེན་གྱི་མེད། དེ་ཡང༌། རུ་ནི་བརྡ་རྙིང་པ་ལ་དམག་གི་མིང་ཡིན་ཞིང༌། དམག་དཔོན་ལ་རུ་དཔོན་དང༌། མདུང་ལ་རུ་མཚོན། དམག་དཔོན་གཙོ་བོའི་བཞོན་རྟ་ལ་རུ་རྟ་དང༌། དམག་དར་ལ་རུ་དར་སོགས་ཀྱི་ཐ་སྙད་ནི་ད་ལྟའི་བར་དུ་ཡོད། བོད་ཡུལ་སྟོད་སྨད་ཀུན་ལ་ཡང༌། གཡས་རུ་དང༌། གཡོན་རུ། གུང་རུ། དབུ་རུ་སོགས་ཀྱི་ཐ་སྙད་ཡོད་པ་དེ་དག་ཀྱང་སྔོན་དུས་བཙན་པོའི་གཡས་གཡོན་མདུན་རྒྱབ་བཅས་ལ་འགྲོ་མཁན་གྱི་དམག་གི་སྐོར་ཚོ་བཞི་དང༌། དེ་དག་གི་སྣེ་འཁྲིད་མཁན་ལ་རུ་འདྲེན་སྡེ་བཞི་སོགས་ཀྱི་ཐ་སྙད་ཅིག་ཡིན།

དེར་བརྟེན་ལྷ་ས་རུ་བཞི་ཞེས་པ་དེ་ཡང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཀྱི་ཁོད་ཆེན་པོ་དྲུག་གཏན་ལ་ཕབ་པའི་ནང༌། དམག་དཔུང་གི་སྒྲིག་གཞི་གཙོ་བོར་བྱས་ཏེ་དབུས་ལ་དབུས་རུ་དང༌། གཡོ་རུ། གཙང་ལ་གཡས་རུ་དང༌། རུ་ལག་ཅེས་རུ་ཁག་ཆེན་པོ་བཞིར་དབྱེ་བར་མཛད། དང་ཐོག་དབུས་གཙང་རུ་བཞི་བྱ་བའི་ཐ་སྙད་ཀྱང་དེ་ནས་བྱུང་ཞིང༌། དབུས་གཙང་གི་དམག་སྡེ་ཆེན་པོ་དེ་དག་ལྷ་སར་འཛོམས་ཏེ་དམག་བཤེར་གཟིགས་འབུལ་ཞུ་སྐབས་ལྷ་ལྡན་གཙུག་ལག་ཁང་གི་གཡས་གཡོན་དང༌། རྒྱབ་མདུན་བཅས་ཕྱོགས་བཞི་སོ་སོར་གཡས་རུ་དང༌། གཡོན་རུ། དབུས་རུ་དང༌། རུ་ལག་བཅས་ཀྱི་དམག་སྒར་བཏབ་པའི་ས་མིང་ལ་ལྷ་ས་རུ་བཞི་ཞེས་མིང་ཐོགས་པ་ཡིན།

དེ་རྗེས་ས་ཡུལ་དེ་དག་ལ་རིམ་པས་གྲོང་ཁྱེར་ཆགས་སྟབས་སྤྱི་མིང་ལ་ལྷ་ས་རུ་བཞི་ཞེས་པའི་ཟེར་རྒྱུན་ཆགས་པ་ཡིན་ཏེ། དེའི་རྗེས་ཤུལ་མཚོན་པ་ནི་ལྷ་ལྡན་གཙུག་ལག་ཁང་གི་ལྷོ་ཕྱོགས་ཀྱི་ཁང་རྒྱུད་ལ་དཀར་རུ་ཤར། ༼དུས་ཕྱིས་དགའ་རུ་ཤར་ཟེར།༽ ཞེས་པ་དང༌། ཤར་རྒྱུད་དུ་དམར་རུ་ ༼དེང་སྐབས་རྨེ་རུ་ཞེས་འབོད།༽ རྙིང་པ་བྱ་བའི་ས་མིང་དེ་ད་ལྟའང་གནས་ཡོད། དཀར་རུ་དང་དམར་རུ་ཟེར་བའི་དོན་ནི་དམག་སྡེ་སོ་སོའི་རུ་དར་དཀར་པོ་དང་དམར་པོ་ཡིན་པ་ལ་བརྟེན་ནས་མིང་དེ་ལྟར་ཆགས་པ་ཡིན།

དུང་དཀར་ཚིག་མཛོད་ཆེན་མོ་ལས། མཁས་པའི་དགའ་སྟོན་དུ་ལྷ་སར་ཤར་དུ་དཀར་རུ་དང་དམར་རུ་གཉིས་ཞེས་འཁོད་པ་འདི་ཡི་གེ་ནོར་བ་སྟེ་ཀ་རུ་དང་རྨེ་རུ་ཟེར་བ་ཡིན་པར་རྒྱལ་རབས་གསལ་བའི་མེ་ལོང་ལས་བྱུང་ཞིང༌། ཀ་རུ་ནི་ཀརྨ་ཤར་ཞེས་པ་དེ་ཡིན་པ་དང༌། རྨེ་རུ་ཞེས་པ་ནི་དེང་སང་བཀའ་འགྱུར་བསྟན་འགྱུར་དཔར་ཁང་ཚུགས་ཡུལ་དེ་ཡིན་ཚུལ་ངག་རྒྱུན་དུ་གླེང་སྲོལ་ཡོད་ཅིང༌། ཡིག་ཐོག་ཏུ་བཀོད་པའི་ལོ་རྒྱུས་ད་ཕན་མ་མཐོང་ལགས་ཞེས་གསུངས་སོ།།

ཉེར་ལྔ། ལྷ་སའི་དར་ཆེན་བཞི། ལྷ་སའི་བར་སྐོར་གྱི་ཕྱོགས་བཞི་སོ་སོར་སྔར་ནས་ད་བར་འཛུགས་སྲོལ་ཡོད་པའི་གྲགས་ཅན་གྱི་དར་ཆེན་བཞི་ཡོད་པ་དེ་དག་གང་ཡིན་དང༌། སུ་ཞིག་གིས་དུས་ནམ་ཞིག་ལ་བཙུགས་པ། གང་གི་དོན་དུ་བཙུགས་པ་སོགས་ཀྱང་མཁྱེན་རྟོགས་དགོས་ངེས་ཡིན་ལ། ལྷ་སའི་བར་སྐོར་བྱང་ཆུབ་བྱོན་ལམ་གྱི་དར་པོ་ཆེ་བཞི་ནི། ཤར་སྐྱ་རེངས་དར་ཆེན་དང༌། ཇུས་ཡག་དར་ཆེན། དགའ་ལྡན་དར་ཆེན་དང༌། སྐལ་བཟང་དར་ཆེན་བཅས་བཞི་ལས།

ཀ༽ ཤར་སྐྱ་རེངས་དར་ཆེན་ནི། བར་སྐོར་ཤར་ལྷོའི་དུང་མཚོའི་ཟུར་དུ་ཡོད་ཅིང༌། དེ་ནི་རབ་བྱུང་བཅུ་བདུན་པའི་ས་གླང་སྤྱི་ལོ་ ༡༤༠༩ ལོར་རྗེ་ཙོང་ཁ་པ་ཆེན་པོས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཟང་གསར་གཏོད་མཛད་པའི་རྗེས་དྲན་དུ་བཙུགས་གནང་མཛད་ཅིང༌། བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཞོགས་པ་སྐྱ་བརྡ་མ་བཏང་གོང་སྐུ་བཞེངས་གྲུབ་དགོས་པའི་ལམ་སྲོལ་ཡོད་རྐྱེན་ཤར་སྐྱ་རེངས་ཞེས་མིང་དེ་ངག་རྒྱུན་དུ་ཆགས་ཤིང༌། དོན་དུ་དར་ཆེན་དེ་ནི་རྗེ་ཙོང་ཁ་པ་ཆེན་པོས་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་རྒྱས་ཡོང་བའི་ཐུགས་སྨོན་དང་བཅས་གསར་བཙུགས་གནང་བར་གྲགས་སོ།།

ཁ༽ ཇུས་ཡག་དར་ཆེན་ནི། ལྷ་ལྡན་གཙུག་ལག་ཁང་གི་མདུན་ངོས་གཡས་སུ་གནས་ཤིང༌། དར་ཆེན་དེ་ནི་བོད་རབ་བྱུང་བཅུ་གཅིག་པའི་ས་ཡོས་སྤྱི་ལོ་ ༡༦༣༩ ལོར་ྋརྒྱལ་དབང་ལྔ་པ་ཆེན་པོའི་ཆོས་སྲིད་གཉིས་ལྡན་གྱི་དཔུང་རྒྱབ་སོག་པོ་གུ་ཤྲིའ་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་མདོ་སྟོད་བེ་རི་རྒྱལ་པོ་ཆམ་ལ་ཕབ་ཅིང༌། སྡེ་དགེ་དང་སྨར་ཁམས་སོགས་ས་གནས་མང་པོ་ཚུར་བླངས་ཏེ་གཏམ་སྙན་ལྷ་སར་འབྱོར་སྐབས། ྋརྒྱལ་དབང་ལྔ་པ་ཆེན་པོའི་ཕྱག་མཚོད་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་སངས་རྒྱས་བསྟན་པའི་ཇུས་ཡག་ལམ་དུ་ལྷོངས་སོ་ཟེར་བའི་དྲིལ་བསྒྲགས་དང་བཅས་ཇུས་ཡག་དར་ཆེན་བཙུགས་པར་གྲགས།།

དེའི་འགྲམ་གྱི་ཁང་ཆེན་ ༼ལྷ་སའི་གཙུག་ལག་ཁང་ནས་རྩིས་པའི་ལྷོ་ནུབ་མཚམས་དེང་སང་ཐང་ཆེན་གྱི་ཟུར་ཅིག༽ དེར་དུས་རབས་བཅུ་བདུན་པའི་ནང་སྡེ་སྲིད་གཙང་པའི་དབང་བསྒྱུར་གཏོར་ཏེ་དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཛུགས་ཕྱིར་སོག་པོའི་དཔུང་དམག་བོད་དུ་བསྐོང་རྒྱུའི་ཆེད་དགའ་ལྡན་ཕོ་བྲང་པའི་ཕྱག་མཛོད་བསོད་ནམས་རབ་བརྟན་དང༌། སྡེ་པ་སྐྱིད་ཤོད་པ་སོགས་འཚོགས་ནས་ཇུས་གཞི་བཏིངས་པས་ཕྱིས་གྲུབ་འབྲས་ཆེན་པོ་ཐོབ་སྟབས་ཁང་མིང་དུ་ཇུས་འདིང་གནས་སམ་ཇུས་འདིང་གླིང་ ༼ཁ་རྒྱུན་དུ་ཇི་སྡེ་གླིང་ཞེས་ཟེར།༽ ཞེས་མིང་ཐོགས་ཤིང༌། ད་ལྟའང་དེ་ལྟར་འབོད་བཞིན་ཡོད།

ག༽ དགའ་ལྡན་དར་ཆེན་ནི། བར་སྐོར་བྱང་ཆུབ་བྱོན་ལམ་གྱི་བྱང་ཤར་ཟུར་དུ་བདེ་ཆེན་རབ་བརྟན་ཞེས་པའི་གྲོང་ཁྱིམ་ཐོག་བརྩེགས་ཅན་དེའི་ཉེ་འགྲམ་དུ་གནས་ཤིང༌། བདེ་ཆེན་རབ་བརྟན་ནི་རྒྱལ་པོ་དགའ་ལྡན་ཚེ་དབང་གི་ཕོ་བྲང་ཡིན་ཞིང༌། དེའི་མདུན་དུ་དགའ་ལྡན་དར་ཆེན་དེ་བཙུགས་ཡོད། སྤྱི་ལོ་ ༡༦༨༡ ལོར་དགའ་ལྡན་ཚེ་དབང་དཔལ་བཟང་ཟེར་བའི་སོག་རིགས་ཀྱི་རྗེ་བོ་ད་ལ་ཧོ་ཐའི་ཇིའི་བུ་བཀྲས་ལྷུན་དགོན་དུ་ཆོས་སྒོར་ཞུགས་བཞིན་པའི་སྐབས་སུ་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་བཀའ་ལུང་ཕེབས་པ་བཞིན། དམག་སྤྱིའི་ཐུགས་འགན་བཞེས་ཏེ་ཡན་ལག་དཔུང་ཚོགས་དང་བཅས་པ་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་ཟེར་བས་རང་རེའི་གངས་ཅན་མངའ་རིས་སྐོར་གསུམ་བཙན་བཟུང་བྱས་པར་དཔའ་ཞིང་བརྟུལ་ཕོད་པའི་ཕར་རྒོལ་འཐབ་ལག་ཤུགས་ཆེ་སྤྲད་པའི་མཐར་དགྲ་བོའི་གཡུལ་ལས་རྣམ་པར་རྒྱལ་བའི་དཔའ་ཉམས་རྟགས་སུ་ཐོག་མར་སྟོད་གངས་རིན་པོ་ཆེའི་མདུན་དུ་དགའ་ལྡན་དར་ཆེན་ཞེས་པ་ཞིག་བཙུགས་པ་དང༌། དེ་ནས་ཕྱི་ལོ་དེར་ལྷ་ལྡན་བར་སྐོར་དུ་དགའ་ལྡན་དར་ཆེན་དེ་ཉིད་བཙུགས་པ་དང༌། མིང་གཞན་དགའ་ལྡན་དར་སྨྱོན་ཞེས་ཀྱང་གྲགས་སོ།།

ང༽ སྐལ་བཟང་དར་ཆེན་ནི། བར་སྐོར་གྱི་ལྷོ་ངོས་གསུང་ཆོས་རྭ་བའི་མདུན་དུ་བཙུགས་ཡོད་ལ། དར་ཆེན་དེ་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་བྱ་ལོ་སྟེ་སྤྱི་ལོ་ ༡༧༢༠ ལོར་ྋརྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གངས་ལྗོངས་ལྷ་ལྡན་དུ་གདན་དྲངས་ཤིང༌། ྋརྒྱལ་བའི་ཡབ་གཞིས་ཀྱི་བཞུགས་ཡུལ་བསམ་གྲུབ་ཕོ་བྲང་དུ་གནང་བ་དང༌། དེ་གའི་མདུན་དུ་མཆོག་སྤྲུལ་འཁྲུལ་བྲལ་ངེས་རྙེད་བདེ་ཕེབས་ཀྱིས་ཕོ་བྲང་པོ་ཏཱ་ལར་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་བཤམས་པའི་ཉིན་དེར་ྋརྒྱལ་དབང་བསྐལ་བཟང་རྒྱ་མཚོའི་མཚན་གྱི་ཟུར་ནས་འཆང་ཞིང༌། བསྐལ་པ་བཟང་པོ་རྟག་ཏུ་བརྟན་པའི་ཐུགས་སྨོན་དང༌། ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཚོན་རྟགས་སུ་བསྐལ་བཟང་དར་ཆེན་དེ་ཉིད་བཙུགས་པར་མཛད་དོ།།

གཞན་ཡང་བཀྲ་ཤིས་དར་ཆེན་ནི་ལྷ་ལྡན་གཙུག་ལག་ཁང་གི་མདུན་ངོས་གཡོན་ཕྱོགས་སུ་གནས་ལ། དེ་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་སྤྱི་ལོ་ ༡༩༨༦ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ནས་མི་ལོ་ཉི་ཤུ་ལྷག་ཙམ་རིང་བར་ཆད་བྱུང་བའི་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སླར་ཡང་བསྐྱར་གསོ་གནང་སྟེ་གདན་ས་སེ་འབྲས་དགའ་གསུམ་གྱིས་གཙོས་དགེ་འདུན་ཞལ་གྲངས་ཉིས་སྟོང་ཙམ་ལྷ་ལྡན་གཙུག་ལག་ཁང་དུ་འདུ་འཛོམས་ཀྱིས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་རྒྱ་ཆེ་གཟབ་རྒྱས་ཤིག་འཚོགས་པ་དང་བསྟན་པ་ཡང་དར་མཚོན་བྱེད་དུ་བཀྲ་ཤིས་དར་ཆེན་ཞེས་པ་དེ་བཙུགས་གནང་མཛད་དོ།།

དེ་མིན་རྒྱ་སྟག་ར་མོ་ཆེ་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་དར་ཆེན་དེ་ནི། ྋརྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་ཇོ་ནང་ཏཱ་ར་ན་ཐས་བཙུགས་གནང་མཛད་པར་གྲགས་པ་བཅས་སོ།།

ཉེར་དྲུག ལྷ་སའི་སྔོན་གྱི་ལས་ཁུངས་བཞི། བལ་བཟའ་ཁྲི་བཙུན་གྱིས་སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་སྤྱི་ལོ་ ༦༤༧ ལོར་སྟོན་པ་དགུང་ལོ་བརྒྱད་ཀྱི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་གངས་ལྗོངས་སུ་གདན་དྲངས་པའི་བཞུགས་གནས་སུ། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་བཞེངས་གནང་མཛད་པའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ལྟེ་བའི་མཐའ་སྐོར་དུ་སྔོན་གྱི་ཞི་རྒྱས་དབང་དྲག་གི་ལས་ཁུངས་བཞི་སྟེ། ཤར་དུ་ཞི་བའི་ལས་ཁུངས་རྩིས་ཁང་ཕུན་ཚོགས་བཀོད་པ་དང༌། ལྷོར་རྒྱས་པའི་ལས་ཁུངས་སྤྱི་ཁྱབ་བཀའ་ཤག ནུབ་ཏུ་དབང་གི་ལས་ཁུངས་བླ་བྲང་ཕྱག་མཛོད་ཁང༌། བྱང་དུ་དྲག་པོའི་ལས་ཁུངས་བཤེར་ཁང་བདུད་སྡེ་ཚར་གཅོད་བཅས་བཞི་ཡོད།

ཀ༽ ཤར་དུ་ཞི་བ་མཐུན་གྱུར་གྱི་ལས་ཐབས་སུ་མངོན་པར་བརྩོན་པ་རྩིས་ཁང་ལས་ཁུངས་སྲིད་ཞི་ཕུན་ཚོགས་ནི་ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་ཤར་ངོས་སུ་གནས་ཤིང༌། འདི་ནི་ྋརྒྱལ་དབང་བདུན་པ་ཆེན་པོའི་སྐུ་དུས་སུ་གསར་དུ་བཙུགས་པའི་གཞུང་གི་ཀ་བ་ལྟ་བུའི་ལས་ཁུངས་ཤིག་ཡིན་ལ༑ ཤོད་སྐོར་སྤྱི་ཁྱབ་ལས་ཁུངས་ཤིག་ཀྱང་ཡིན། ལས་ཁུངས་འདིའི་འགན་དབང་ནི། གཞུང་ཞབས་ཤོད་སྐོར་དྲུང་འཁོར་རྣམས་ཐོག་མར་རྩིས་ཕྲུག་པར་གསར་ཞུགས་རྒྱུགས་ལེན་སྦྱོང་བརྡར། ཤོད་སྐོར་དྲུང་འཁོར་རྣམས་ལ་སྒྲིག་ཁྲིམས་གནོན་སྡེམ་བྱེད་རྒྱུ། རྒྱ་ཁྱབ་རྫོང་གཞིས་ཁག་ལ་བཀར་རྒྱ་བ་དང༌། བཀར་འཇུག་པ། ཡོང་སྡུད་པ་ཞེས་པའི་ཁྲལ་བསྡུའི་མི་འགྲོ་འོས་སྒྲིག་སོགས་ཀྱི་འགན་དབང་འཁུར་དགོས་པ་སོགས་སོ།།

ཁ༽ ལྷོར་རྒྱས་ཐབས་ཆབ་སྲིད་འཕྲིན་ལས་ཀྱི་སྤྱི་ཁྱབ་གཙོ་འཛིན་ལས་ཁུངས་བཀའ་ཤག་གི་གནས་ཡུལ་གཙུག་ལག་ཁང་གི་ལྷོ་སྒོའི་ཡང་སྟེང་དུ་ཡོད་ཅིང༌། སྤྱི་ཁྱབ་བཀའ་ཤག་ལས་ཁུངས་ནི་ཐོག་མར་བཀའ་བློན་ཞེས་པ་ལས་བཀའ་ཤག་ལས་ཁུངས་མེད་ཅིང༌། བཀའ་ཤག་ལས་ཁུངས་ནི་ཕྱི་ལོ་ ༡༧༥༡ ལོར་ྋརྒྱལ་དབང་བདུན་པ་ཆེན་པོས་གསར་འཛུགས་བསྐྱངས་ཤིང༌། རྟེན་གཙོར་རྗེ་ཙོང་ཁ་པ་ཆེན་པོའི་སྐུ་བརྙན་བཞུགས་སུ་གསོལ་ཐོག བཀའ་ཤག་གི་ཐམ་ཀ་སྲིད་ཞི་བདེ་སྐྱིད་མ་གསར་བསྐྲུན་མཛད་ཡོད་པ་དེ་ཉིད་ཕབ་རྒྱག་དབང་བསྒྱུར་བྱས་ཆོག་པའི་གཟེངས་བསྟོད་ཀྱང་མཛད། སྐབས་དེར་བཀའ་བློན་གྱི་དབུ་བཞུགས་བཀའ་བློན་ཁྲི་པ་རྡོ་རིང་གུང་པཌཎི་ཏ་དང༌། ལས་རོགས་སུ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཐོན་པ་སྲི་གཅོད་ཚེ་བརྟན། བཀའ་བློན་སེར་མོ་བ་ཛ་སག་དར་ཧན་ཉི་མ་རྒྱལ་མཚན་བཅས་བཞི་དང༌། བཀའ་བློན་གྱི་འོག་ཏུ་བཀའ་དྲུང་གཉིས་དང༌། བཀའ་མགྲོན་གསུམ། བཀའ་བློན་རེར་འགག་པ་རེ་བཅས་ཡོད། བཀའ་ཤག་ནི་དེ་སྔ་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་སྐབས། བོད་གཞུང་གི་སྲིད་འཛིན་དབང་ཆ་ཆ་ཚང་ཡོད་པའི་ལས་ཁུངས་མཐོ་ཤོས་དེ་ཡིན་ཅིང༌། དེར་ཆབ་སྲིད་དང༌། དཔལ་འབྱོར། རིག་གནས། དམག་དོན། འཕྲོད་བསྟེན། ཆོས་ལུགས། འགྲིམ་འགྲུལ། ཕྱི་འབྲེལ་ལ་སོགས་ཕྱི་ནང་གང་ཅིའི་སྟངས་འཛིན་འགན་དབང་ཆ་ཚང་ཡོད།

ག༽ ནུབ་ཏུ་འདོད་རྒུ་དཔལ་འབྱོར་གྱི་བང་མཛོད་ལ་མངའ་དབང་འབྱོར་བ་བླ་བྲང་འཕྲལ་བདེ་སྟེ་དབང་གི་ལས་ཁུངས་བླ་ཕྱག་ཞེས་པ་གནས་ཡུལ་ལྷ་ས་གཙུག་ལག་ཁང་གི་ཁྱམས་རའི་ཡང་སྟེང་དུ་ཡིན་ལ། ྋརྒྱལ་དབང་བདུན་པ་ཆེན་པོའི་སྐབས་གསར་དུ་བཙུགས་ཤིང༌། ལས་ཁུངས་འདིས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་གཏོང་སྒོའི་ལས་འགན་འཁུར་བས་སྨོན་ལམ་ཐོག་མར་གསར་འཛུགས་མཛད་མཁན་རྗེ་ཙོང་ཁ་པའི་བླ་བྲང་གི་མིང་དེ་ཆགས་པ་ཡིན། ལས་ཁུངས་འདིས་རྫོང་གཞིས་ཁག་གི་ལོ་འཁོར་ཡོང་འབབ་འབྲུ་རིགས་ཤ་མར་སོགས་བསྡུ་ལེན་དང༌། ཐེབས་སྦྱར་མ་དངུལ་སྐྱེད་གཏང་དང་སྐྱེད་འབབ་ཀྱིས་སྨོན་ལམ་དང་ཚོགས་མཆོད་སྐབས་སོ་སོར་དགེ་འདུན་པར་བསྙེན་བཀུར་སོགས་ཀྱི་འགན་དབང་བཞེས་ཀྱི་ཡོད།

ང༽ བྱང་དུ་དྲག་པོ་ཁྲིམས་ཀྱི་སྲོག་འཛིན་ལས་ཁུངས་བཤེར་ཁང་ནི་གནས་ཡུལ་གཙུག་ལག་ཁང་གི་བྱང་ངོས་སུ་གནས་ཤིང༌། ལས་ཁུངས་འདི་ཡང་ྋརྒྱལ་མཆོག་སྐུ་ཕྲེང་བདུན་པ་ཆེན་པོའི་སྐུ་དུས་སུ་གསར་བཙུགས་བཀའ་དྲིན་བསྐྱངས་ཤིང༌། ལས་ཁུངས་འདི་གཞི་རྩའི་ཐོག་ཁྲིམས་ལུགས་ལས་ཁུངས་ཤིག་ཡིན་པས་ཁྲིམས་ཡིག་དེབ་གཞི་ཁག་བདག་གཉེར་རྩ་བཟུང་གིས་དབུས་གཙང་སོགས་རྒྱ་ཁྱབ་ཡོངས་ལ་མི་གསོད་གྱོད་གཞི་བྱུང་རིགས་ལ་ཞིབ་དཔྱད་ཐག་གཅོད་བྱེད་པའི་ལས་ཁུངས་ཤིག་དང༌། ལྷ་ལྡན་གཙུག་ལག་ཁང་གི་རྟེན་གསུམ་མཆོད་ཆས་ཚང་མའི་རྟེན་དེབ་བཤེར་ཁང་ནས་འགོད་ཉར་ཐོག་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་དང་ཐུགས་རྗེ་ཆེན་པོ་རང་བྱུང་ལྔ་ལྡན་གྱིས་གཙོས་པའི་ལྷའི་རྒྱན་ཆའི་རིགས་དཀོན་གཉེར་དཔོན་ལ་རྩིས་སྤྲོད་སོགས་ཀྱི་འགན་དབང་ཁུར་བཞིན་ཡོད་ལ། སྤྱི་ལོ་ ༡༩༥༦ ལོར་བཤེར་ཁང་ལས་ཁུངས་འདི་གྱོད་ཞིབ་ལས་ཁུངས་སུ་ཟླ་སྒྲིལ་བཏང་བས་གོང་གསལ་འགན་དབང་རྣམས་གྱོད་ཞིབ་ལས་ཁུངས་ནས་སྤྱོད་པ་ཡིན་ནོ།།

ཉེར་བདུན། བོད་གཞུང་གི་ལས་ཁུངས་ཆེ་ཁག

གོང་གསལ་ཞི་རྒྱས་དབང་དྲག་གི་ལས་ཁུངས་གཙོ་བོར་གྱུར་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱལ་དོན་ཆབ་སྲིད་དང༌། དཔལ་འབྱོར་སོགས་ཀྱི་ལས་དོན་བྱེད་མིའི་རྒྱུན་ལས་ལས་ཁུངས་གལ་ཆེ་ཁག་ཅིག་ངོ་སྤྲོད་མདོ་ཙམ་རེ་ཞུས་པ་ལ། ༡༽ ཕྱི་ལོ་ ༡༧༥༢ ལོར་ྋརྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་སྐུ་སྒེར་ཡིག་ཚང་ལྟ་བུར་གསར་དུ་བཙུགས་ཤིང༌། རིམ་བཞིན་སེར་མོ་བ་ཡོངས་ཀྱི་སྤྱི་ཁྱབ་ཡིག་ཚང་ལས་ཁུངས་སུ་མིང་བསྒྱུར་བྱས་པའི་རྩེ་ཡིག་ཚང་ལས་ཁུངས་དང༌། ༢༽ རྩེ་གཟིམ་ཆུང་འགག་གི་འཆར་འཕར་མཛད་སྒོ་ཁག་དང༌། ལྷག་པར་དགོན་སྡེ་ཁག་གི་བླ་མ་ལས་སྣེ་དང༌། གཞུང་ཞབས་སེར་སྐྱ་ཆེ་འབྲིང་ཆུང་གསུམ་བསྐོ་འཐེན། གཞན་ཡང་ཕྱིའི་རྒྱལ་ཁབ་ཀྱི་མི་སྣ་མཇལ་ཞུ་སོགས་འགག་དེབ་ཏུ་བཀོད་པའི་རྩེ་གཟིམ་ཆུང་འགག ༣༽ ཕྱི་ལོ་ ༡༧༥༧ ལོར་ྋརྒྱལ་དབང་སྐུ་ཕྲེང་བདུན་པ་དགོངས་པ་ཞི་དབྱིངས་སུ་མནལ་རྗེས་དེ་མོ་བདེ་ལེགས་རྒྱ་མཚོས་སྲིད་སྐྱོང་ལས་འགན་བཞེས་སྐབས་གསར་གཏོད་གནང་བའི་ཤོད་འགག་ལས་ཁུངས། ༤༽ དཔལ་འབྱོར་བསྡུ་གཏོང་གི་ལས་ཁུངས་ཆེ་གྲས་འཕྲལ་བདེའམ་རྩེ་ཕྱག་ལས་ཁུངས། ༥༽ སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ནས་བཟུང་ཤ་མར་ཚྭ་གསུམ་དང༌། འབྲས་འབྲུ་རྩམ་གསུམ། ཇ་བུལ་སྣུམ་གསུམ་སོགས་ཀྱི་གཏོང་སྒོའི་ལས་ཁུངས་ཆེ་བ་གཉེར་ཚང་ལས་ཁུངས། ༦༽ ཕྱི་ལོ་ ༡༩༡༩ ལོར་གསར་བཙུགས་གནང་བའི་སྨན་རྩིས་ཁང་སོགས་ཀྱི་གྲོན་དངུལ་གཏོང་དམིགས་སོགས་དུས་བཀག་ལྟར་སྐྱེད་འབབ་བསྡུ་ལེན་བྱེད་པའི་རྩེ་རྣམ་གན་དངུལ་སྐྱེད་དོ་དམ་ལས་ཁུངས། ༧༽ བོད་གཞུང་དང༌། ཕྱོགས་མཐའ་སྤྱི་ཁྱབ་དང༌། རྫོང་གཞིས་ཁག་བཅས་ཀྱི་འཛུགས་སྐྲུན་ལས་ཁུངས་ཆེ་ཆུང་ཁག་སོགས་གཞུང་གྲོན་དགོས་རིགས་དང༌། གཞན་ཡང་བསྡུ་གཏོང་ལས་ཁུངས་ཀྱི་ལོ་རེའི་གཏོང་ཡོང་རྩིས་ཁྲ་ཁ་འཐབ་ཀྱི་ལྷག་ཆད་ཧེ་བག་ཡོད་མེད་ཞིབ་དཔྱད་འཆར་འབུལ་བྱེད་མཁན་གྱི་ཞིབ་ཁང་ལས་ཁུངས། ༨༽ གཙུག་ལག་ཁང་སྟེང་ཤོད་བར་གསུམ་ལ་མེ་རྐུན་སྲུང་འདོམས་སོགས་ཀྱི་འགན་འཁུར་དང༌། མཚམས་ཁུང་བཙུན་དགོན་དང༌། ལྷ་སྡོད་ཧུད་རིགས་ཀྱི་འགོ་འདོམས་བྱེད་མི་ལྷ་ས་གཉེར་ཚང་ལས་ཁུངས། ༩༽ རྒྱ་ཁྱབ་རྫོང་གཞིས་ཁོངས་སྒེར་ཆོས་འབྱེད་ཁྲ་དང༌། གཞུང་རྒྱུགས་ཞིབ་གཞུང་ནང་གསལ་གྱི་བདག་ཐོབ་ཡོད་པའི་ས་རིགས་ཕུད། དེ་བྱིངས་ས་སྟོང་བེད་སྤྱོད་སྟངས་འཛིན་བྱེད་པའི་མི་རྩ་དང་སོ་ནམ་སྐོར་དོ་དམ་བྱེད་པའི་བསྡུས་མིང་སོ་ནམ་ལས་ཁུངས། ༡༠༽ བོད་ཀྱི་ས་གནས་སུ་ནང་འདྲེན་བྱེད་པའི་ཇ་དང༌། ཕྱིར་ཚོང་བྱེད་པའི་ཚྭ་གཉིས་ཚོང་འགྲུལ་དོ་དམ་དང༌། ཚོང་རིགས་ཁག་མདོ་ཇ་དང་ཡུན་ནན་ཧ་རིལ། ཧིན་རྡུའི་ཇ་རིལ་བཅས་འདོན་འདྲེན་བྱས་པ་དེ་དག་ས་འགག་ཏུ་ཇ་ཁྲལ་བསྡུ་བའི་ཇ་ཚྭ་ལས་ཁུངས། ༡༡༽ ཕྱི་ལོ་ ༡༩༡༨ ལོར་གསར་དུ་བཙུགས་པའི་གཞུང་གྲོན་ཆེད་ཤོག་དངུལ་དང༌། ཟངས་ཊམ་གསར་དུ་པར་རྒྱག་བྱས་པ་དང༌། ཊམ་དཀར་ཡང་ཁ་རིས་དགའ་ལྡན་ཕོ་བྲང་འཁོད་པ་གསར་བཅོས་སོགས་བོད་དངུལ་གསར་བཟོ་དང༌། དངུལ་གྱི་སྟངས་འཛིན་བྱེད་ཡུལ་ལོར་ཁང་ལས་ཁུངས། ༡༢༽ ྋརྒྱལ་བ་སྐུ་ཕྲེང་བརྒྱད་པའི་སྐུ་དུས་སུ་གསར་བཙུགས་གནང་བའི་ལྷ་སྡོད་གོར་ཁའི་ཁོངས་བལ་པོའི་ཚོང་རིགས་དང༌། ཁ་ཚ་ར་རྣམས་དང༌། བོད་མིའི་དབར་འཁྲུག་རྩོད་བྱུང་རིགས་ཞིབ་གཅོད་དང༌། བལ་བོད་ས་མཚམས་ས་མིའི་རྩོད་གཞི་སོགས་ཞིབ་གཅོད་བྱེད་མི་གོར་བོད་ལས་ཁུངས། ༡༣༽ ཕྱི་ལོ་ ༡༩༢༠ ལོར་གསར་དུ་བཙུགས་པའི་ལྕགས་སྟག་ཞིབ་གཞུང་བཀོད་ཚུན་གྱི་གསར་སྦོལ་ས་ཞིང་རྣམས་ཐོ་བཀོད་སྟངས་འཛིན་སོགས་བྱེད་པའི་འབབ་ཞིབ་ལས་ཁུངས། ༡༤༽ ཕྱི་ལོ་ ༡༩༣༡ གསར་བཙུགས་གནང་བའི་གཞུང་དོན་ཕྱོགས་ཐོན་མི་སྣ་ཆེ་ཆུང་དང༌། དམག་ཕོགས་བསྐྱེལ་འདྲེན་སོགས་ལ་སྔར་ལམ་སྲིད་ཐམ་དང་བཀའ་ཐམ། མདོ་སྤྱིའི་ལམ་ཡིག རྫོང་གཞིས་ཁག་གི་སྒྲིགས་འབུལ་སོགས་ཀྱི་ལས་འགན་དང་ལམ་ཞིབ་ཞུ་བའི་ལམ་ཞིབ་ལས་ཁུངས། ༡༥༽ སྨོན་ལམ་རྔོད་ཆེན་ཞེས་སྨོན་ཚོགས་གཉིས་སུ་བཞུགས་པའི་དགེ་འདུན་རེ་ལོ་ལྟར་ཚྭ་རྩམ་དང༌། ལྔ་མཆོད་ཀྱི་མཆོད་སྣུམ། བཟོ་རིགས་ལས་གྲྭ་ཁག་གི་དགོས་ཆ། གཞུང་ཞབས་སོགས་ཀྱི་ཕོགས་ཐོབ། ཕྱོགས་འགྲུལ་མི་སྣའི་ཟུར་ཆས་སོགས་ཀྱི་འགན་འཁུར་བྱེད་པའི་རྩམ་བཞེས་ལས་ཁུངས། ༡༦༽ ཕྱི་ལོ་ ༡༩༡༤ ལོར་གསར་དུ་བཙུགས་པའི་ཡཱ་མོན་འཕྲུལ་བཟོ་ཁང་ནས་འཕྲུལ་མདའ་དང༌། མེ་སྒྱོགས། སྒྱོགས་མདེལ། བོད་རྫས། རྩེ་གྲི་རིང་ཐུང༌། མདུང་རིང་སོགས་བཟོས་ཤིང༌། ཕྱི་ལོ་ ༡༩༢༠ ལོ་ནས་ཟངས་པད་ཞོ་གང་སོགས་དངུལ་རིགས་དང༌། ལྕགས་རིགས་ཀྱི་དངོས་རྫས་བཟོ་སའི་གྲྭ་བཞི་ཡཱ་མོན་འཕྲུལ་བཟོ་ཁང༌། ༡༧༽ ཕྱི་ལོ་ ༡༩༡༩ ལོར་ནོར་སྟོད་གླིང་ཁར་གསར་བཙུགས་གནང་བའི་གསེར་ཊཾ་བོད་སྲང་ཉི་ཤུ་བྱས་པ་པར་རྒྱག་འགྲེམས་སྤེལ་སོགས་ཀྱི་འགན་དབང་སྤྱོད་པའི་གསེར་ཊཾ་ལས་ཁུངས། ༡༨༽ ཕྱི་ལོ་ ༡༩༢༤ ལོར་བྱང་ངོས་རིག་འཛིན་རྡོ་རྗེས་རྒྱུས་མངའི་བབས་ཀྱིས་གསར་བཙུགས་གནང་བའི་དོག་སྡེའི་གློག་འདོན་ཁང༌། ༡༩༽ རྩེ་ཕོ་བྲང་དང༌། གཙུག་ལག་ཁང་རྣམ་གཉིས། སྨན་རྩིས་ཁང༌། དམག་སྒར་སོགས་ཉམས་གསོ་ཞུ་དགོས་རིགས་དང༌། གསར་སྐྲུན་ལས་ཁུངས་ཀྱི་དོ་དམ་ཞུ་མི་ཨར་པོའི་ལས་ཁུངས། ༢༠༽ ཕྱི་ལོ་ ༡༩༣༨ ལོར་གསར་བཙུགས་གནང་བའི་སྤྱི་ཚོགས་བདེ་འཇགས་ལྟ་རྟོག་བདེ་ཞིབ་ལས་ཁུངས། ༢༡༽ ཕྱི་ལོ་ ༡༩༢༡ ལོར་བཙུགས་པའི་ཕྱི་རྒྱལ་རྒྱལ་ཁབ་ཁག་དང་ལས་དོན་གང་ཅིའི་སྐོར་འབྲེལ་ལམ་དང༌། ཕྱི་རྒྱལ་གྱི་མི་སྣ་འབྱོར་རིགས་ལ་ཐོག་མའི་སྣེ་ལེན་དང་འབྲེལ་གཏུགས་ཞུ་མི་ཕྱི་རྒྱལ་ལས་ཁུངས། ༢༢༽ ཕྱི་ལོ་ ༡༩༡༨ ལོར་བསྟན་རྒྱས་གླིང་གི་མདུན་དུ་གསར་དུ་བཙུགས་པའི་བོད་གཞུང་གི་སྦྲག་ཏར་ལས་ཁུངས། ༢༣༽ བསྟན་དགྲ་རྒྱ་དམར་གྱི་བོད་ལྗོངས་བཙན་བཟུང་མ་བྱས་པའི་སྔོན་ཏེ། ཕྱི་ལོ་ ༡༩༤༧ ལོར་བཙུགས་པའི་སྦྲག་ཏར་དང་རྒྱང་བསྒྲགས་གཉིས་ཀ་ལ་གོ་ཆོག་ཅིང༌། བོད་ཀྱི་ལོ་རྒྱུས་ཐོག་གི་སྦྲག་ཏར་ལས་ཁུངས་ཐོག་མ་བཙུགས་པའི་རླུང་འཕྲིན་ལས་ཁུངས། ༢༤༽ ལོར་བཙུགས་པའི་དམག་ཕོགས་སོགས་གང་ཅིའི་འདུ་འགོད་ཞུ་མི་འདུ་འགོད་ལས་ཁུངས། ༢༥༽ ཕྱི་ལོ་ ༡༩༥༤ ལོར་གསར་དུ་བཙུགས་པའི་བོད་གཞུང་གི་ལས་དོན་གང་ཅིའི་ཐད་ལ་རིམ་བཞིན་དུས་བསྟུན་ལེགས་བཅོས་བྱེད་པའི་ལེགས་བཅོས་ལས་ཁུངས། ༢༦༽ ཕྱི་ལོ་ ༡༩༥༦ གསར་དུ་བཙུགས་པའི་བོད་ཀྱི་གཞུང་སྒེར་ཆོས་གསུམ་གྱི་གྱོད་གཞི་ཞིབ་དཔྱོད་དང༌། དེ་སྔ་ལས་ཁུངས་ཁག་ལ་ལས་ཞོར་གྱོད་ཞིབ་བྱ་རྒྱུ་ཁག་མང་ཡོད་པ་རྣམས་ཟླ་བསྒྲིལ་བགྱིས་ཏེ་བྱུང་འབྱུང་གི་གྱོད་དོན་ཚང་མ་གྱོད་ཞིབ་ཐག་གཅོད་བྱེད་པའི་གྱོད་ཞིབ་ལས་ཁུངས། ༢༧༽ ཕྱི་ལོ་ ༡༩༥༧ ལོར་གསར་དུ་བཙུགས་པའི་རྫོང་གཞིས་ཁག་གི་གཞིས་འབྲུའི་འབབ་དེབ་ནང་གསལ་ལྟར་འབྲུ་རིགས་བསྡུ་གཏོང་གི་ལས་ཁུངས་གཞུང་འབྲུ་སྤྱི་མཛོད་ཁང༌། ༢༨༽ སྔར་ལྷ་ལྡན་སྨོན་ཚོགས་གཉིས་རིང་འགྱེད་དངུལ་མ་རྩ་སྲིད་གཞུང་ལ་བཞག་སྟེ་སྐྱེད་གཏོང་བྱས་པའི་སྐྱེད་དངུལ་སྟེང་ནས་ལོ་ལྟར་སྐུ་འགྱེད་འབུལ་རྒྱུར་འགན་ལེན་བྱེད་པའི་བླ་ཕྱག་ཐེབས་སྦྱར་དང༌། རྩེ་གན་ཐེབས་སྦྱར་རམ་ཐེབས་སྦྱར་ལས་ཁུངས་གཉིས། ༢༩༽ བོད་གཞུང་སྐབས་པོ་ཏཱ་ལར་ཡོད་པའི་ྋརྒྱལ་བ་སྐུ་ཕྲེང་རིམ་པའི་སྐབས་གསེར་དངུལ་གོས་དར་སོགས་བཀར་འཇུག་ཞུ་དགོས་པའི་རིན་ཆེན་བང་མཛོད་རྣམ་སྲས་གན་མཛོད། ༣༠༽ ཕྱི་ལོ་ ༡༩༢༡ ལོར་དབྱིན་ཁོངས་བོད་མི་ལེགས་ལྡན་ས་ཧེབ་ཀྱི་བཀོད་ཇུས་འོག་བཙུགས་པའི་བོད་གཞུང་གི་བདེ་སྲུང་ཉེན་རྟོག་གི་དམག་དཔུང་པུ་ལི་སིའི་ལས་ཁུངས། ༣༡༽ ཕྱི་ལོ་ ༡༧༨༢ ལོར་བཙུགས་པའི་དམག་ཕོགས་མ་རྩ་དངུལ་འབབ་སྐྱེད་གཏོང་གིས་དམག་ཕོགས་རྒྱག་སྤྲོད་དང༌། ཕྱིས་རྫོང་གཞིས་གཞུང་འཛིན་རྗེས་དྲུང་རིགས་སེར་སྐྱ་དང༌། དམག་སྒར་ཁག་སོགས་ཀྱི་ཕོགས་ཡིག་སྐུར་གཏོང་གི་འགན་དབང་སྤྱོད་པའི་ཕོགས་ཁང་ལས་ཁུངས། ༣༢༽ ཕྱི་ལོ་ ༡༩༡༢ ལོར་བོད་གཞུང་ནས་ལུའུ་ཅུན་རྒྱ་དམག་མཐར་འབུད་བཏང་རྗེས་ཕྱི་ལོ་ ༡༩༡༣ ལོར་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐབས་བཙུགས་པའི་དམག་སྤྱི་ལས་ཁུངས། ༣༣༽ སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་གསར་དུ་བཙུགས་པའི་རྩེའི་མེ་སྐྱོན་སོགས་བདེ་འཇགས་དང༌། རྩེའི་ཕྱག་མཛོད་ཀྱི་ལས་ཁུངས་རྩེ་ཕྱག་ལས་ཁུངས། ༣༤༽ སྔར་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་སྐབས། ཏཱ་ལའི་བླ་མ་སྐུ་སྒེར་གྱི་སྐུ་ཆས་བདག་གཉེར་བྱེད་མཁན་གྱི་ལས་ཁུངས་མཛོད་ཆུང་མཛོད་སྦུག ༣༥༽ བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྐབས་སུ་ྋརྒྱལ་བའི་སྐུ་ཕྱྭ་དང༌། བོད་ཀྱི་བསྟན་སྲིད་བདེ་ཐབས་སོགས་ཀྱི་ཞབས་རིམ་སྨིན་སྒྲུབ་ཀྱི་གཏོང་ཡོང་འགན་དབང་སྤྱོད་པའི་ཞོལ་དུ་ཡོད་པའི་ཞབས་བརྟན་ལས་ཁུངས། ༣༦༽ ཞོལ་དུ་ཡོད་པའི་གཏོང་སྒོ་དང་ཁྲིམས་ལུགས་ལག་བསྟར་གྱི་འགན་དབང་ཟུང་འབྲེལ་དུ་སྤྱོད་པའི་ཞོལ་གཉེར་ལས་ཁུངས། ༣༧༽ ཕྱི་ལོ་ ༡༧༥༡ ལོར་སྤྱི་ཁྱབ་བཀའ་ཤག་ལས་ཁུངས་གསར་འཛུགས་གནང་བའི་རྗེས་ལོར་ྋརྒྱལ་བ་སྐུ་ཕྲེང་བདུན་པའི་སྐུ་སྒེར་གྱི་ཡིག་ཚང་ལྟ་བུར་བཙུགས་པའི་ཡིག་ཚང་ལས་ཁུངས། ༣༨༽ ལྷ་སའི་ཉེ་འཁོར་ནས་འཆར་ཅན་ཁྲལ་འབབ་རྒྱས་བཅད་ལྟར་འབུད་ཤིང་གི་ཁྲལ་བསྡུ་སོགས་ཀྱི་འགན་དབང་སྤྱོད་པའི་ཤིང་གཉེར་ལས་ཁུངས། ༣༩༽ ཕྱི་ལོ་ ༡༩༡༦ ལོར་གསར་དུ་བཙུགས་པའི་ཧོར་ཚོ་པ་སོ་དགུ་སོགས་བྱང་རིགས་ས་སྲུང་ཁག་སོག་ཕོགས་འགན་འཁུར་སོག་ཕོགས་ལས་ཁུངས། ༤༠༽ སྔར་ཞོལ་དང་ནོར་གླིང་གི་ཆིབས་རར་གཟན་རྩྭ་མཁོ་འདོན་བྱེད་མཁན་གྱི་རྩྭ་གཉེར་ལས་ཁུངས། ༤༡༽ ཕྱི་ལོ་ ༡༩༡༤ ལོར་གྲོང་དྲག་དམག་དཔུང་གསར་དུ་སྒྲིག་འཛུགས་བྱས་པའི་གྲྭ་བཞི་དམག་སྒར། དེ་ཡང་དམག་སྒར་གྲྭ་བཞིའི་ས་སྟོང་ཐོག་བརྒྱབ་པར་བརྟེན་གྲྭ་བཞི་དམག་སྒར་ཞེས་མིང་ཆགས། ༤༢༽ ཕྱི་ལོ་ ༡༩༣༡ ལོར་ྋརྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་སུ་བཙུགས་པའི་གྲྭ་བཞི་གློག་འཕྲུལ་ལས་ཁུངས་ངོ་མཚར་མཐའ་ཀླས་རིག་འཕྲུལ་གཏེར་མཛོད་གསར་དུ་བཙུགས་རྗེས་གསེར་ཊམ་ལས་ཁུངས་དང༌། ལོར་ཁང་ལས་ཁུངས། ཡཱ་མོན་འཕྲུལ་བཟོ་ཁང་སོགས་ཟླ་སྒྲིལ་གྱིས་དོག་སྡེའི་ནང་གློག་ཁང་བཙུགས་ཐོག་ཡཱ་མོན་འཕྲུལ་བཟོ་ཁང་དང༌། ལྷ་སའི་གྲོང་མི་བཅས་ལ་གློག་གཏོང་བ་སོགས་མདོར་ན་བཟོ་ལས་གློག་འཕྲུལ་དང་དངུལ་རྩའི་དོ་དམ་འགོ་འདོམས་འགན་དབང་སྤྱོད་པ་ཡིན།

གཞན་ཡང་ཕྱི་ལོ་ ༡༧༥༤ ལོར་ྋརྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་གསར་དུ་བཙུགས་པའི་རྩེ་ཡིག་ཚང་ལས་ཁུངས་ཀྱི་རྩེ་སྐོར་སྲི་ཞུ་བའི་སློབ་གཉེར་གནང་ཡུལ་རྩེ་རིག་གནས་སློབ་གྲྭ་དང༌། ཕྱི་ལོ་ ༡༩༡༧ ལོར་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ནས་བཙུགས་པའི་ལྷ་ས་སྨན་རྩིས་ཁང་སོགས་ལོ་རྒྱུས་ཅན་གྱི་ལས་ཁུངས་ཆེ་འབྲིང་ཆུང་གསུམ་སོགས་འཆར་འཕར་གྱི་ལས་ཁུངས་མང་པོ་ཞིག་དང༌། ལས་ཁུངས་ཆེ་ཁག་རེ་རེའི་འོག་ཏུ་ཡང་དེར་གཏོགས་པའི་ལས་ཁུངས་ཆེ་ཆུང་མང་པོ་ཞིག་ཡོད། ལས་ཁུངས་དེ་དག་གི་འགན་འཛིན་ནམ། ལས་བྱ་རྣམས་ཏོག་གནས་དང༌། གདན་ཐོབ་མཐོ་དམའ་དང༌། སེར་སྐྱ་ཟུང་འབྲེལ་བྱས་པ་ཡང་མང་པོ་ཡོད། དེ་དག་ནི་རྒྱལ་ཁབ་ནང་གི་ལས་ཚན་ཁག་ཡིན།

ཕྱིའི་སྤྱི་ཁྱབ་ཁག་ནི་སྐོར་གསུམ་སྤྱི་ཁྱབ་དང༌། མངའ་རིས་སྒར་དཔོན། མདོ་སྨད་སྤྱི་ཁྱབ། སྡེ་དགེ་སྤྱི་ཁྱབ། སོག་ཕོགས་ཁང༌། ཧོར་སྤྱི། རྒྱལ་རྩེ་ཚོང་སྤྱི། གྲོ་སྤྱི། གཞིས་རྩེ་སྤྱི་རྫོང༌། ལྷོ་ཁ་སྤྱི་ཁྱབ། བྱང་སྤྱི། དྭགས་ཀོང་སྤྱི་ཁྱབ། ལ་སྟོད་སྤྱི་ཁྱབ། ཕྱོགས་མཐའི་རྫོང་གཞིས་གྲས་སུ་རྫོང་འགོ་ཆེ་འབྲིང་ཆུང་གསུམ་ཚྭ་ཤོ་ཁག་སོགས་རྒྱ་ཁྱབ་སྤྱི་ཁྱབ་ཁག་མང་དང༌། སྤྱི་ཁྱབ་རེའི་འོག་ཏུ་རྫོང༌། གཞིས་སྡོད། བླ་གཉེར། འགོ་པ། ཤོ་པ་སོགས་ཧ་ཅང་གི་མང་པོ་ཡོད་པ་དང༌། དེ་ཚོ་རེ་རེའི་འོག་ཏུ་གཞུང་སྒེར་ཆོས་བཅས་ཀྱི་གཙོ་དྲག་དང༌། ལས་དྲུང༌། རྒན་པོ་སོགས་བྱ་སྤུ་སྣོན་ལྟ་བུ་ཡོད།

མདོར་ན་འཛམ་གླིང་རྒྱལ་ཁབ་སྤྱི་དང་འདྲ་བར་རྒྱལ་ཁབ་ཅིག་དང༌། རྒྱལ་ཁབ་ཅིག་གི་རྒྱལ་སར་ཚང་དགོས་པའི་ལས་ཁུངས་སོགས་མ་ལག་ཡོངས་རྫོགས་ཚང་ཡོད། འདི་དག་གི་ཐོག་ནས་བོད་ནི་རྒྱལ་རབས་ལོ་རྒྱུས་ཀྱི་སྟེང་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་སུས་ཀྱང་སྙོན་དུ་མེད་པར་དངོས་ཡོད་བདེན་པའི་དཔང་རྟགས་གྲངས་མེད་མིག་མཐོང་ལག་ཟིན་དུ་ཡོད། འདིར་ཡིག་ཚོགས་ལ་འཇིགས་ནས་ལས་ཁུངས་རྣམས་ཀྱི་གྲངས་འདྲེན་དང་འགན་དབང་ཙམ་ལས་མ་བྲིས་སོ།།

 

ཉེར་བརྒྱད། ལྷ་སའི་ཕོ་བྲང་གྲགས་ཅན་བཞི། ལྷ་སའི་ཉེ་འཁོར་དུ་ཕོ་བྲང་བཞི་ཡོད་པ་ནི་འབྲས་སྤུངས་དགའ་ལྡན་ཕོ་བྲང་དང༌། རྩེ་ཕོ་བྲང་པོ་ཏཱ་ལ། ནོར་གླིང་སྤྱན་གསལ་ཕོ་བྲང༌། བསམ་གྲུབ་ཕོ་བྲང་བཅས་ལས། ཀ༽ འབྲས་སྤུངས་དགའ་ལྡན་ཕོ་བྲང་ནི། དུས་རབས་ལྔ་པའི་ནང་སྡེ་སྲིད་ཕག་གྲུས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་སྐབས། སྡེ་སྲིད་ཕག་གྲུ་རིམ་བྱོན་འབྲས་སྤུངས་སུ་ཕེབས་སྐབས་ཀྱི་བཞུགས་ཡུལ་རྡོ་ཁང་སྔོན་མོ་ཞེས་ཕག་གྲུའི་སྐབས་ཀྱི་དཔོན་ཁང་ཡིན་པ་དང༌། ཕག་གྲུའི་དཔོན་ངག་དབང་བཀྲ་ཤིས་གྲགས་པས་བོད་ཀྱི་སྲིད་དབང་བཟུང་ནས་ལོ་བཅུ་དྲུག་སོང་བ་རབ་བྱུང་དགུ་པའི་ས་སྟག་སྤྱི་ལོ་ ༡༥༡༨ ལོ་ནས་ཁོང་གིས་ྋརྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག་ལོ་ལྟར་ལྷ་ལྡན་ཆོ་འཕྲུལ་སྨོམ་ལམ་ཆེན་མོའི་ཚོགས་དབུར་གདན་ཞུ་དང༌། འབྲས་སྤུངས་སུ་ཡོད་པའི་སྣེ་གདོང་པའི་འཚེར་ཤག་རྡོ་ཁང་སྔོན་མོ་ཞུ་བ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་པར་ཕུལ་རྗེས་དེར་དགའ་ལྡན་ཕོ་བྲང་ཞེས་མཚན་གསོལ། དེའི་རྗེས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་སྤྱི་ལོ་ ༡༦༤༢ ལོར་ྋརྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་བོད་ཁམས་ལ་མངའ་དབང་བསྒྱུར་བ་ནས་བཟུང་གཞུང་གི་མིང་དུ་གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་འདོགས་གནང་མཛད་པ་ལགས་སོ།།

ཁ༽ རྩེ་ཕོ་བྲང་པོ་ཏཱ་ལ་ནི། སྤྱི་ལོའི་དུས་རབས་བདུན་པར་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་དམར་པོ་རིར་སྤྱན་རས་གཟིགས་ཀྱི་ཞིང་ཁམས་གཟུགས་སུ་གྲུབ་པའི་མཁར་དགུ་བརྒྱ་དགུ་བཅུ་གོ་དགུ་དང་རྩེ་མོ་རྟེན་དང་བཅས་མཁར་སྟོང་ཐམ་པ་གསར་བསྐྲུན་མཛད། དེ་ཡང་ཐོག་མར་ཆོས་རྒྱལ་སྲོང་བཙན་སྐབས་ཆོས་རྒྱལ་སྒྲུབ་ཕུག་དང་ཕོ་བྲང་དམར་པོ་བཞེངས། ཤིང་བྱ་སྤྱི་ལོ་ ༡༦༤༥ ལོར་ྋརྒྱལ་དབང་ལྔ་པ་ཆེན་པོ་དང༌། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དཀར་པོ་འཛུགས་སྐྲུན་གནང་བ་དང༌། དེ་སྔ་འབྲས་སྤུངས་དགོན་པར་བཙུགས་པའི་དགའ་ལྡན་ཕོ་བྲང་དེ་རྩེ་ཕོ་བྲང་དཀར་པོར་གནས་སྤོས་མཛད། སྤྱི་ལོ་ ༡༧༥༡ ལོར་ྋརྒྱལ་དབང་བདུན་པ་ཆེན་པོའི་སྐུ་དུས་སུ་བཀའ་དྲུང་དང༌། བཀའ་མགྲོན། འགག་པ། རྩེ་ཡིག་ཚང༌། རྩེ་སློབ་གྲྭ་སོགས་བཙུགས་པའི་སྲོལ་བཏོད། རྩེ་ཕོ་བྲང་ནི་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་འཛུགས་སྐྲུན་གནང་བ་ནས་ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་ཅིང༌། བོད་ཀྱི་ནང་བསྟན་ཆོས་ལུགས་དང༌། ཆབ་སྲིད། དཔལ་འབྱོར། རིག་གནས། སྒྱུ་རྩལ། འཛུགས་སྐྲུན་གང་ཅིའི་ཐད་ཀྱི་ཉིང་བཅུད་ལྟ་བུ་ཡིན།

ག༽ ནོར་གླིང་སྤྱན་བསལ་ཕོ་བྲང་ནི། བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི་ལོ་སྟེ་སྤྱི་ལོ་ ༡༩༢༢ ལོར་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་ནོར་གླིང་བཞུགས་སྒར་སླར་ཡང་རྒྱ་སྐྱེད་ཀྱིས་ནོར་གླིང་ལྕགས་རི་སེར་པོའི་ནུབ་ཏུ་ནོར་གླིང་སྤྱན་གསལ་ཕོ་བྲང་ཞེས་ཐོག་བརྩེགས་གསུམ་ལྡན་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་མཛད་ཐོག་རྩི་ཤིང་མེ་ཏོག་རིགས་ཀྱང་སྣ་མང་འདེབས་འཛུགས་གནང༌། སྤྱན་བསལ་གླིང་ཁ་དང༌། སྤྱན་བསལ་ཕོ་བྲང་ཞེས་པའི་མཚན་གྱི་འབྱུང་ལུགས་ནི་ཕོ་བྲང་འདིའི་ཨར་པོའི་དོ་དམ་སྤྱི་ཁྱབ་སྐུ་བཅར་ཐུབ་བསྟན་ཀུན་འཕེལ་ལ་སྤྱི་ཚོགས་ཐོག་སྤྱན་བསལ་ཀུན་འཕེལ་ལགས་ཞེས་འབོད་ཀྱི་ཡོད་པས་ཕོ་བྲང་གི་མཚན་དུ་ཡང་སྐབས་དེའི་ཨར་པོའི་དོ་དམ་སྤྱི་ཁྱབ་ཀྱི་མཚན་དོད་ནས་དྲས་ཏེ་སྤྱན་བསལ་ཕོ་བྲང་ཞེས་ཐོགས་པ་ནི་དམངས་ཁྲོད་ནས་བྱུང་བ་ལྟར་དུ་གྱུར། དེ་ནི་ཆབ་རྫིང་ཕོ་བྲང་དང་གྲུ་འཛིན་ཕོ་བྲང་ལས་བཟོ་བཀོད་དང་རྒྱན་སྤྲོས་ལྷག་པ་ཡོད།

ང༽ བསམ་གྲུབ་ཕོ་བྲང་ནི། ལྷ་ས་བར་སྐོར་གྱི་ལྷོ་ཕྱོགས་ངོས་སུ་ཡོད་པའི་ཁང་ཆེན་སྤེན་བད་ཅན་དེ་ཡིན་ཞིང༌། མིང་གཞན་ཕུན་ཚོགས་རབ་བརྟན་དཔལ་འབྱོར་རམ་དཔལ་འབྱོར་རབ་བརྟན་ཞེས་འབོད། བསམ་གྲུབ་ཕོ་བྲང་ནི་སྔར་དུས་རབས་ ༡༧ པའི་ནང་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཀྱི་སྲིད་དབང་བཟུང་སྐབས་བཞུགས་གནས་ཡིན་སྐད་དང༌། དུས་རབས་བཅོ་བརྒྱད་པའི་ནང་དཔལ་འབྱོར་རབ་བརྟན་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་ྋརྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡབ་ཡུམ་གྱི་བཞུགས་གནས་སུ་བོད་གཞུང་ནས་གསོལ་སྩལ་གནང་རྗེས་ཡབ་གཞིས་བསམ་གྲུབ་ཕོ་བྲང་ཞེས་པ་དེ་ནས་བྱུང་བར་གྲགས། ྋརྒྱལ་དབང་སྐུ་ཕྲེང་ན་རིམ་ལས་ཡབ་གཞིས་ལྷ་སར་ཡོད་པ་ཐོག་མ་དེ་ཡིན་ལ། ཁང་པར་སྤེན་བད་ཡོད་པ་ཡང་དེ་ལྟར་ཡིན་ཞེས་ཟེར་རྒྱུན་ཡོད་ཅིང༌། དེང་འོག་ཁང་ཟ་ཁང་དང༌། ཚོང་ཁང༌། བར་ཐོག་སྨན་ཁང་དང་བར་སྐོར་དོན་གཅོད་ཁྲུའུ། གྲོང་མི་སོགས་གནས་སྡོད་བྱེད་ཀྱི་ཡོད་ལ། དཔལ་གླིང་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་ཡིན།

ཉེར་དགུ། ལྷ་སའི་སྡེ་དཔོན་བཞི།

སྡེ་དཔོན་བཞི་ཞེས་པ་ནི་སྡེ་དཔོན་དགའ་བཞི་བ་དང༌། སྡེ་དཔོན་མདོ་མཁར་བ། སྡེ་དཔོན་ཐོན་པ་བ། སྡེ་དཔོན་བསམ་གྲུབ་ཕོ་བྲང་བཅས་བཞི་ཡིན། དེ་སྔོན་ལྷ་ལྡན་སྨོན་ལམ་ཆེན་མོའི་རྗེས་འབྲེལ་མཛད་སྒོའི་གྲྭ་བཞི་རྩིས་བཤེར་སྐབས། གཡུལ་ལས་རྣམ་པར་རྒྱལ་བ་གཡས་རུ་དང་པོ་ཐུ་ཅི་ནོ་ཀོ་སྡེ་དཔོན་དགའ་བཞི་བ་གཟབ་འདོན་དང་བཅས་རྟ་པ་ཉི་ཤུ་ཐམ་པ་ཞེས་དང༌། སྡེ་དཔོན་མདོ་མཁར་བ་གཟབ་འདོན་དང་བཅས་རྟ་པ་ཉི་ཤུ་ཐམ་པ། བཀའ་བློན་ག་གེ་མོ་རྟ་པ་ཉི་ཤུ་རྩ་བཞི་སོགས་གཡས་རུ་རྫོགས་རྗེས་གཡོན་རུ་དང་པོ་ཐུ་ཆི་འུབ་ཆི་སྡེ་དཔོན་བསམ་ཕོ་བ་གཟབ་འདོན་དང་བཅས་རྟ་པ་ཉི་ཤུ་ཐམ་པ། སྡེ་དཔོན་ཐོན་པ་བ་གཟབ་འདོན་དང་བཅས་རྟ་པ་ཉི་ཤུ་རྩ་བཞི་ཞེས་སོགས་སྡེ་དཔོན་བཞི་ཡི་རྟ་པའི་རུ་སྣེ་འཁྲིད་པ་ལྟ་བུར་སྔོན་དུ་ཡོད།

སྔར་གཞུང་སྒེར་ཆོས་གསུམ་ལས་སྒེར་པ་ཆེ་ཁག་གི་སྡེ་དཔོན་ཁག་བཞི་ནི། ལ་ལས་བཤད་སྒྲ་དང༌། ཕོ་ལྷ་སོགས་མི་དྲག་གི་ཁོངས་རྣམས་སྡེ་དཔོན་དུ་དྲངས་འདུག་ཀྱང༌། བཤད་སྒྲ་དང་ཕོ་ལྷ་སོགས་ནི་སྒེར་པ་ཆེ་ཁག་གི་གྲས་ཡིན་ནའང་སྡེ་དཔོན་བཞི་ཡི་གྲས་མིན་ཞིང༌། སྡེ་དཔོན་ཞེས་པའི་ཁྱིམ་ཚང་ལ་ཕ་གཞིས་རྐང་འདོན་ལྔ་བརྒྱ་ཐམ་པ་བརྒལ་ན་སྡེ་དཔོན་དང༌། དེ་མ་ལོངས་པར་སྡེ་དཔོན་ཞེས་མི་བརྗོད་པ་ཡིན། བཤད་སྒྲར་རྐང་འདོན་ལྔ་བརྒྱ་ཐམ་པ་མ་ལོངས་པ་ནི་སྡེ་དཔོན་གྱི་ཁྱིམ་ཚང་ལ་ཁྲལ་ཁྲི་ཆེ་བར་བརྟེན་བཤད་སྒྲའི་མི་རབས་གོང་མ་ཚོས་ཕ་གཞིས་ལེན་སྐབས་རྐང་འདོན་ལྔ་བརྒྱ་མ་ཟིན་ཙམ་ཞིག་ལས་བླངས་མེད་སྐད།

ཀ༽ སྡེ་དཔོན་དགའ་བཞི་རྡོ་རིང་ནི། ལྷ་ལྡན་གཙུག་ལག་ཁང་གི་མདུན་ངོས་སུ་གནས་ཀྱང༌། རིག་གསར་དང་འཛུགས་སྐྲུན་རིམ་བྱས་ཀྱིས་རྩ་མེད་དུ་སོང་སྟེ་དེང་སྐབས་བར་སྐོར་སྤྱི་བདེ་ཉེན་རྟོག་ཁང་གསར་རྒྱག་བྱས་ཡོད། སྡེ་དཔོན་བཞིའི་ནང་ནས་སྡེ་དཔོན་དགའ་བཞི་བ་ནི་ཕ་གཞིས་ཆེ་ཤོས་ཡིན་ལ། དགའ་བཞིའི་མི་ངོ་རྣམས་ལྷ་སའི་སྡོད་གནས་ལ་རྡོ་རིང་ཞེས་ཟེར་ཞིང༌། ལྷ་ས་བ་ཚོས་གཟིམ་ཤག་རྡོ་རིང་ཞེས་ཀྱང་འབོད་ཀྱི་ཡོད།

རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་བརྩམས་པའི་དགའ་བཞི་བའི་མི་རབས་ཀྱི་འབྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོ་ཞེས་པའི་ནང་དགའ་བཞི་ཞེས་པ་ནི། མྱང་སྟོད་རྒྱལ་མཁར་རྩེ་ཞེས་དེང་སྐབས་གཞིས་རྩེ་ས་ཁུལ་རྒྱལ་རྩེ་གྲོང་རྡལ་གྱི་ཉེ་འདབས་སུ། ཤར་དུ་ཆུ་སྣ་འཛོམས་པས་ཀླུ་རྣམས་དགའ། ལྷོ་རུ་ཤིང་སྣ་འཛོམས་པས་བྱ་རྣམས་དགའ། ནུབ་ཏུ་འབྲུ་སྣ་འཛོམས་པས་མི་རྣམས་དགའ། བྱང་དུ་རྩྭ་སྣ་འཛོམས་པས་ཕྱུགས་རྣམས་དགའ། ཞེས་གསལ་བ་ལྟར་རྡོ་རིང་པའི་མ་གཞིས་གནས་ཡུལ་རྒྱལ་རྩེ་དགའ་བཞི་ཞེས་པ་དེ་ནི་ཡུལ་གྱི་དགེ་མཚན་ནས་མིང་བཏགས་པ་ཡིན། དེའི་མི་རྒྱུད་ནི་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་བོད་ཀྱི་སྲིད་དབང་བདག་གིར་བཞེས་ཚུན་ནས་བོད་གཞུང་དགའ་ལྡན་ཕོ་བྲང་པའི་ལས་སྣེ་བྱས་པ་ལས། དའི་ཆིང་སྦ་དུར་གྱིས་ྋརྒྱལ་དབང་སྐུ་ཕྲེང་དྲུག་པའི་སྐུ་དུས་ནས་རྫོང་སྡོད་དང༌། གཞིས་སྡོད། བཀར་ཁང་དོ་དམ་སོགས་ལས་ཚན་རིམ་པའི་འགན་བླངས།

དེ་རྗེས་མངའ་རིས་སྐོར་གསུམ་གྱི་སྤྱི་ཁྱབ་སྟེ་མངའ་རིས་སྒར་དཔོན་གནང་སྐབས་སོག་པོ་ཇུན་གར་བས་རྩེ་ཕོ་བྲང་གི་རྟེན་གཙོ་འཕགས་པ་ལོ་ཀེ་ཤྭ་ར་སོགས་ནང་རྟེན་དང༌། རིན་ཆེན་རྒྱན་ཆ་རྣམས་འཁྱེར་ཏེ་བྲོས་འགྲོ་སྐབས་དའི་ཆིང་སྦ་དུར་གྱིས་རྩ་མེད་བཏང་ནས་རྐུ་འཕྲོག་བྱས་པའི་དངོས་པོ་རྣམས་ཕྱིར་བླངས་པ་སོགས་ཀྱི་མཛད་རྗེས་ལ་སྤྱི་ལོ་ ༡༧༢༡ ལོར་བཀའ་བློན་གཙོ་བོར་བསྐོ་བཞག་གནང༌།

སྤྱི་ལོ་ ༡༧༢༧ ལོར་བཀའ་བློན་ནང་ཁུལ་མ་མཐུན་སྟབས་བཀའ་བློན་ང་ཕོད་རྡོ་རྗེ་རྒྱལ་པོ་དང༌། ལུམ་པ་བ་བཀྲཤིས་རྒྱལ་པོ། སྦྱར་ར་བ་བློ་གྲོས་རྒྱལ་པོ་སྟེ་ང་ལུམ་སྦྱར་གསུམ་ནས་ད་ཆིང་སྦ་དུར་བཀྲོངས་ཐོག་བཀའ་བློན་ཕོ་ལྷ་བ་བཀྲོངས་རྩིས་བྱེད་སྐབས་ཕོ་ལྷ་བས་གཙང་ནས་མངའ་རིས་སུ་བསྐྱོད་དེ་དའི་ཆིང་གཅུང་པོ་ཚེ་བརྟན་བཀྲ་ཤིས་སྐུལ་སློང་གིས་མངའ་རིས་ཀྱི་དམག་དཔུང་རྣམས་དེ་གཙང་དམག་དང་མཉམ་དུ་དབུས་ཀོང་བཀའ་བློན་ང་ལུམ་སྦྱར་གསུམ་དམག་དཔུང་དང་འཐབ་སྐབས་ཚེ་བརྟན་བཀྲ་ཤིས་དམག་ཐོག་ཏུ་ཤོར། དབུས་གཙང་དམག་འཁྲུག་དེ་གཙང་ཕྱོགས་ལ་ཐོབ་སྟེ་ཕོ་ལྷ་བས་བོད་སྤྱི་ལ་དབང་སྒྱུར་གནང་སྐབས་དགའ་བཞི་ཚེ་བརྟན་བཀྲ་ཤིས་ཀྱི་སྲས་རྣམ་རྒྱལ་ཚེ་བརྟན་དང༌། གཅུང་པོ་མགོན་པོ་དངོས་གྲུབ་ལ་གུང་གི་ཆོ་ལོ་སོགས་གནང༌། མགོན་པོ་དངོས་གྲུབ་རིག་གནས་ཆེ་ཆུང་རྣམས་ལ་ཤིན་ཏུ་མཁས་པས་ྋརྒྱལ་དབང་སྐུ་ཕྲེང་བདུན་པ་དང༌། མི་དབང་ཕོ་ལྷ་བས་གཟེངས་བསྟོད་གནང་བས་རྡོ་རིང་པཌཎི་ཏ་ཞེས་འབོད། སྡེ་དཔོན་བྱ་བའི་མི་རྒྱུད་རྫོགས་པར་བརྟེན་དེའི་ས་མི་དབང་རིས་རྣམས་རྡོ་རིང་པཌཎི་ཏ་མི་མུས་བརྒྱུད་བཅས་ལ་དབང་བའི་འཇགས་གནས་ཀྱི་གཏན་ཚིགས་ཤེ་བམ་གནང༌། སྤྱི་ལོ་ ༡༧༥༡ ལོར་བཀའ་ཤག་ཐོག་མར་འཛུགས་སྐབས་ཀྱི་བཀའ་བློན་གཙོ་བོར་བསྐོ་བཞག་བྱུང༌། གཅེན་པོ་རྣམ་རྒྱལ་ཚེ་བརྟན་གྱི་སྲས་པ་སངས་ཚེ་རིང༌། དེའི་སྲས་རྡོ་རིང་པཌཎི་ཏ་བསྟན་འཛིན་དཔལ་འབྱོར། དེའི་སྲས་སོགས་རིམ་པ་བྱུང་བ་ཕལ་ཆེ་བར་སྔར་བཞིན་ཐའི་ཇིའི་གོང་མིང་ཡོད། སྔར་རྡོ་རིང་གཟིམ་ཤག་ལ་ས་ཞིང་སོན་ཁལ་བཞི་ཁྲི་ལྷག་ཡོད་འདུག་པ་བཅས་སོ།།

ཁ༽ སྡེ་དཔོན་མདོ་མཁར་བ་ནི། བོད་ཀྱི་མིའུ་གདུང་དྲུག་གི་ནང་ནས་ལྕགས་ཁམས་དབྲ་རིགས་ནང་ཚན་ག་ཟི་ཞེས་པའི་རིགས་ཡིན་ཚུལ་བཤད་ཅིང༌། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་བརྩམས་པའི་བཀའ་བློན་རྟོགས་བརྗོད་ནང་བདག་ཅག་གི་མེས་པོའི་བར་དུ་ནི་སྟག་ལུང་ག་ཟི་གདུང་རིགས་ཞེས་བྱང་སྟག་ལུང་གི་སེང་གེའི་ཁྲི་འཛིན་པ་དང༌། དཔོན་རིགས་ཀྱིས་ཕོད་མདོ། ལྷུན་གྲུབ་རྫོང་སོགས་ཀྱི་ཆབ་སྲིད་བདེ་བར་སྐྱོང་བ་ལས། ཕྲ་མེན་གྱི་རིག་པ་འཛིན་པ་བདུད་ཀྱི་ཁ་དྲོད་ཅན་དབྱེན་སྦྱོར་མཁས་པའི་སྐྱེ་བ་ལ་ལ་དག་གི་བྱེད་པ་ལ་བརྟེན་ནས་གཙོ་བོ་རྣམས་མཉེན་གཤིན་པ་ལས་བཟློག་སྟེ༑ ཞེས་སོགས་གསལ་བ་ལྟར་སྔོན་དུ་ག་ཟིའི་གདུང་བརྒྱུད་ཅེས་བྱང་སྟག་ལུང་ཁྲི་འཛིན་བླ་མ་དང༌། ཁྱིམ་པ་རྣམས་ཀྱིས་ལྷུན་གྲུབ་སོགས་འཕན་ཡུལ་དང༌། ཕོད་མདོ་ཁུལ་གྱི་སྲིད་ཀྱི་དབང་ཆ་འཛིན་པའི་མི་དཔོན་རིམ་པར་བྱུང་བ་ལས་སྤྱི་ལོ་ ༡༦༧༩ ལོར་སྟག་ལུང་དགོན་གྱི་ཁྲི་རབས་ཉེར་གསུམ་པ་འོད་འཇོ་ཞབས་དྲུང་བཀྲ་ཤིས་ཆོས་རྒྱལ་ཁྲི་བཞུགས་སྐབས་ཁུ་བོ་ཁྲི་ཟུར། ༼ཁྲི་ཐོག་ཉེར་གཉིས་པ།༽ རྫོང་ཞབས་དྲུང་རྣམ་རྒྱལ་ལེགས་གྲུབ་པས་ནུབ་གཅིག་ཞབས་ཕྱི་ཧྲག་བསྡུས་དང༌། སྡོམ་གསུམ་གླིང་གི་གྲྭ་ཤར་ཁག་གཅིག་ཁྲིད་དེ་བླ་བྲང་ཡང་དགོན་ལ་ཕེབས་ནས་ཁྲི་བཙན་ལེན་གནང་སྟབས་ཁུ་དབོན་བར་ཤོག་ཁ་ཆགས་ཏེ་ནང་འཁྲུག་བྱུང༌། ཁུ་དབོན་གཉིས་ལྷ་སར་ཕེབས་ཏེ་གྱོད་དོན་ཞུ་གཏུགས་བྱས་མཐར་སྟག་ལུང་པས་འཕན་ཡུལ་དང༌། ཕོད་མདོ། དར་སྤྲད་རོང་གསུམ་སོགས་ལ་དབང་བསྒྱུར་བ་དེ་མཇུག་སྒྲིལ་ཏེ་ག་ཟིའི་གདུང་རྒྱུད་རྣམས་ལ་གསོལ་སྐལ་འཕན་པོ་ཁུལ་ནས་གཞིས་ཀ་ཁག་བརྒྱད་དང༌། དབུ་རུ་ལུང་གི་འབྲོག་སྡེ་ཙམ་མ་གཏོགས་སྟག་ལུང་དགོན་པའང་ལོ་བཞི་བཅུ་ཙམ་གཞན་དབང་དུ་སོང་བ་དང༌། དབང་རིས་བྱིངས་རྣམས་གཞུང་བཞེས་ཀྱིས་འཕན་པོ་དང༌། ཕོད་མདོའི་རྫོང་གཞིས་རྣམས་བཙུགས།

ག་ཟིའི་གདུང་བརྒྱུད་ལས་བྱུང་བའི་སྟག་ལུང་ཁྲི་པའི་རྒྱུན་ཆད་པ་དང༌། སྟག་ལུང་སྡེ་པའི་མི་རྒྱུད་ཀྱང་ལྷ་སར་གནས་སྤོས་ཀྱིས་ལྷ་སའི་ཤར་ངོས་སྡེ་པ་རགས་པ་སྟོངས་ཤུལ་གྱི་གཞིས་ས་བཟུང་སྟེ་གྲོང་ནང་གི་ཁང་པར་རགས་ཁ་ཤག་ ༼བར་སྐོར་གྱི་ལྷོ་ནུབ་མཚམས་སུ་ཡོད།༽ ཅེས་འབོད། མིང་ངོ་ངག་དབང་ཚངས་པས་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཞུས་ནས་རུ་དཔོན་སོགས་ལས་གནས་འཁུར་བའི་བྱས་རྗེས་སུ་ལྷོ་མདོ་མཁར་གཞིས་ཀྱི་དབང་རིས་བྱུང་བས་ཕྱིས་སུ་སྡེ་དཔོན་མདོ་མཁར་བ་ཞེས་གྲགས།

དེའི་སྲས་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་ཞེས་རིག་པའི་གནས་ལ་ཤིན་ཏུ་མཁས་ཤིང༌། ཕྱིས་སུ་བཀའ་བློན་ཞབས་དྲུང་ཞེས་འབོད། ྋརྒྱལ་དབང་སྐུ་ཕྲེང་བདུན་པས་བཀའ་ཤག་གསར་འཛུགས་གནང་སྐབས་བཀའ་བློན་གྱི་གྲས་སུ་ཡོད། སྡེ་དཔོན་མདོ་མཁར་ ༼རགས་ཤག༽ བར་མ་གཞིས་མཚོ་སྣ་རྫོང་ཁོངས་ལྷོ་མདོ་མཁར་དང༌། འཛིན་ཁོངས་གཞིས་ལག་ལྷ་ས་དང༌། འཕན་པོ་སོགས་སུ་ཡོད་ཅིང༌། མདོར་ན་མདོ་མཁར་བ་ནི་སྡེ་དཔོན་བཞིའི་ཡ་གྱལ་ཡིན་ལ། སྟག་ལུང་དགོན་པའི་དགོན་བདག་ཀྱང་ཡིན་པ་མ་ཟད། ག་ཟིའི་གདུང་རྒྱུད་ཅེས་སྟག་ལུང་གི་གདུང་རྒྱུད་རྩ་ཆེར་བརྩིས་སྲོལ་ལྟར་མདོ་མཁར་བའི་མི་ངོ་སྐྱེས་པ་ཁྱིམ་པ་ཞིག་ཡིན་རུང་སྟག་ལུང་གི་གྲྭ་པས་ཕྱག་འཚལ་སྲོལ་ཡོད་ལ། མདོ་མཁར་བའི་མི་ངོ་སྐྱེས་པ་རྒན་གཞོན་གང་འདྲ་ཞིག་འདས་གྲོངས་སོང་རུང་དེའི་སྤུར་ཞུགས་འབུལ་གྱིས་སྤུར་ཐལ་བཅུག་པའི་དངུལ་གྱི་མཆོད་རྟེན་བཞེངས་ཏེ་བྱང་སྟག་ལུང་དགོན་པར་འཇོག་སྲོལ་ཡོད་པ་བཅས་སོ།།

ག༽ སྡེ་དཔོན་བསམ་གྲུབ་ཕོ་བྲང་ནི། ལྷ་ལྡན་གཙུག་ལག་ཁང་གི་ལྷོ་ངོས་སུ་ཆགས་ཤིང༌། དེ་ནི་ཐོག་མར་སྤྱི་ལོ་ ༡༦༤༢ ལོའི་རྗེས་སུ་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་བཞུགས་གནས་སུ་བསྐྲུན་ཅིང༌། ཐོག་མར་དེར་ཕུན་ཚོགས་རབ་བརྟན་དཔལ་འབྱོར་རམ་དཔལ་འབྱོར་རབ་བརྟན་ཞེས་འབོད། ཕྱིས་སུ་ྋརྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡབ་གཞིས་ལ་ཁང་པ་དེ་གསོལ་སྩལ་བྱུང་བས་ཡབ་གཞིས་བསམ་གྲུབ་ཕོ་བྲང་ཞེས་བྱ་བ་དེ་ནས་བྱུང་བར་གྲགས། ཁང་པར་སྤེན་བད་ཡོད་པ་ཡང་དེ་ལྟར་ཡིན་ཞེས་ཟེར་རྒྱུན་ཡོད་ཅིང༌། རྗེས་སུ་རྒྱལ་པོ་ལྷ་བཟང་ཁང་ལྷ་ལྡན་གཙུག་ལག་ཁང་གི་ནུབ་ཕྱོགས་གཞུང་སྒོ་ཆེན་མོའི་མདུན་གྱི་ཁང་ཆེན་ཡོངས་གྲགས་སུ་དཔལ་འབྱོར་རབ་བརྟན་དུ་སྤོས་སྐད།

སྡེ་དཔོན་བསམ་ཕོ་བའི་མི་ངོ་དང་པོ་བསོད་ནམས་དར་རྒྱས་སམ་དགེ་འདུན་དར་རྒྱས་ནི་ཆུང་དུས་ནས་འབྲས་སྤུངས་དགོན་དུ་གྲྭ་པ་གནང་ཞིང་དགེ་གཡོག་ཀྱང་མཛད། དེ་རྗེས་དཀའ་བཅུ་དོན་ལྡན་དབང་པོ་ལི་ཐང་གཉེར་པར་བསྐོ་གཏོང་གི་གཡོག་ཏུ་སོང་བར་ཕྱིས་སྐྱ་བབ་སྟེ་ཁྱིམ་སོ་བཟུང་བར་ྋརྒྱལ་སྐུ་ཕྲེང་བདུན་པ་སྐུ་འཁྲུངས་སྟབས་ཡབ་རྗེ་བསོད་ནམས་དར་རྒྱས་སུ་གྲགས། ལས་དོན་ལ་འཁུར་སེམས་ཆེ་ཞིང་འཇོན་ཐང་ཅན་ཞིག་ཡིན་འདུག སྤྱི་ལོ་ ༡༧༢༨ ལོར་ྋརྒྱལ་བ་སྐུ་ཕྲེང་བདུན་པ་མགར་ཐང་དུ་ཕེབས་སྐབས་ལྷན་ཕེབས་གནང་ཞིང༌། སྤྱི་ལོ་ ༡༧༢༩ ལོར་མན་ཆིང་གོང་མ་ཡུང་ཀྲེན་དང་མཇལ་འཕྲད་བཀུར་བཟོས་ཆེན་པོ་གནང་ཐོག་གུང་གི་གོ་མིང་རིམ་པའི་ཆོ་ལོ་གནང༌། ལྷོ་ཁ་གྲ་ནང་གྲ་ཐང་དང༌། ཟངས་རི་སོགས་འཛིན་ཁོངས་དབང་རིས་ཆེ་ཐོག་བསམ་གྲུབ་ཕོ་བྲང་གི་ཁང་པ་ཡང་བདག་ཐོབ་བྱུང༌། ཡབ་རྗེ་བསོད་ནམས་དར་རྒྱས་སྐུ་འདས་རྗེས་ྋརྒྱལ་བ་སྐུ་ཕྲེང་བདུན་པའི་གཅུང་པོ་ཀུན་དགའ་བསྟན་འཛིན་ལ་གོང་མ་ཆན་ལུང་ལིང་གུང་གི་ཆོ་ལོ་གནང༌། བསམ་ཕོ་ནི་སྡེ་དཔོན་བཞིའི་གྲས་ཡིན་ལ་རྒྱལ་བའི་ཡབ་གཞིས་ཀྱང་ཡིན་པ་བཅས་སོ།།

ང༽ སྡེ་དཔོན་ཐོན་པ་ནི། སྔ་དུས་སྙེ་མོ་ཁུལ་དུ་དབང་བསྒྱུར་བྱེད་མཁན་གྱི་སྡེ་དཔོན་ཞིག་ཡིན་འདུག དེ་ཁུལ་མི་སེར་གྱི་ཤོད་རྒྱུན་དུ་ཐོན་པ་ནི་ཐོན་མི་སམ་བྷོ་ཊའི་མི་རྒྱུད་ཡིན་སྐད་དང༌། ཐོན་གྱི་ཕུར་ཡོད་པའི་དགའ་ལྡན་རྫོང་ཞེས་པ་དེ་ཐོན་པའི་མི་ངོའི་གནས་གཞི་ཡིན་པ་དང༌། ཐོན་མི་སམ་བྷོ་ཊའི་གདུང་ཡང་དེ་གར་ཡོད་ཟེར། མི་དབང་རྟོགས་བརྗོད་ནང་ཐོན་རིགས་ཀྱི་ས་ལ་སྤྱོད་པ་ཞེས་འཁོད།

སྤྱི་ལོ་ ༡༧༥༡ ལོར་བཀའ་ཤག་གསར་འཛུགས་གནང་སྐབས་ཐོན་པ་སྲིད་གཅོད་རྡོ་རྗེ་བཀའ་བློན་གྱི་གྲས་སུ་ཡོད། ཐོན་པ་བའི་ལྷ་སའི་སྡོད་ཁང་ནི་ལྷ་སའི་བར་སྐོར་གྱི་ལྷོ་ངོས་སུ་ཡོད་པའི་བླ་བྲང་རྙིང་པ་ཞེས་པ་དེ་ཡིན། གོང་གསལ་སྡེ་དཔོན་བཞི་པོའི་ཁང་པ་ནི་བར་སྐོར་གྱི་ནང་དུ་ཡོད་པ་དང༌། སྡེ་དཔོན་སོ་སོར་ས་རིས་དབང་ཐོབ་ལ་གཞིགས་ཏེ་མི་ངོ་ཞིག་གིས་དེ་སྔའི་བོད་གཞུང་གི་གཞུང་ཞབས་སྐྱ་བོ་རེ་བྱེད་དགོས་པར་གཞུང་ཞབས་ཀྱི་གྲས་སུ་ཚུད་ཉིན་ནས་སྲས་རྣམ་པ་ ༼རིམ་བཞི་ཆུང་བ།༽ ཞེས་པའི་ཐོབ་ཐང་ཡོད་ལ༑ དགའ་བཞི་ ༼རྡོ་རིང༌།༽ དང་བསམ་ཕོར་ཐའི་ཇིའི་གོ་མིང་ཡང་འཛིན་སྐལ་ཡོད་འདུག ༼གནའ་རབས་ཀྱི་དྲག་ཆས་སྤྲད་པའི་རྟ་དམག༽ བཅོ་ལྔ་མཆོད་པ༑ ལྷ་ས་ཚོ་པའི་ཚོ་དཔོན། ཁང་ཡོད་ཁང་ཆུང་སོགས་ཁྲི་ཆ་སྣ་ཚོགས་ཡོད་པ་བཅས་སོ།།

སུམ་ཅུ། རིགས་གསུམ་ལྷ་ཁང་བཞི། སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཀྱི་བདག་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་དང༌། སངས་རྒྱས་ཐམས་ཅད་ཀྱི་མཐུ་སྟོབས་དང་ནུས་པའི་བདག་ཉིད་དཔལ་ཕྱག་ན་རྡོ་རྗེ། སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེའི་བདག་ཉིད་འཕགས་མཆོག་སྤྱན་རས་གཟིགས་བཅས་རིགས་གསུམ་མགོན་པོར་མ་འདུས་པའི་སངས་རྒྱས་མེད་པར་གྲགས་ལ། གྲུབ་མཐའ་རིས་མེད་ཀྱིས་སྐྱབས་སུ་འཛིན་ནས་དད་གུས་བྱེད་པ་ཡིན། བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡང་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཡིན་པ་སོགས་དགག་དགོས་རྒྱུ་མཚན་དུ་མར་གཟིགས་ནས་ཕྱོགས་བཞིའི་རིགས་གསུམ་མགོན་པོའི་ལྷ་ཁང་བཞི་པོ་བཞེངས་སྐྲུན་མཛད་ཅིང༌། ལྷ་སའི་དབུས་སུ་ར་སའི་འོ་ཐང་གི་མཚོའི་སྟེང་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་རྒྱ་བཟས་རྩིས་བསྐོར་ཏེ་བལ་བཟའ་ཁྲི་བཙུན་གྱིས་གཙུག་ལག་ཁང་བཞེངས་རྗེས་མཐའ་སྐོར་དུ་རིམ་བཞིན་ཆགས་པའི་ཕྱོགས་བཞིའི་རིགས་གསུམ་མགོན་པོའི་ལྷ་ཁང་བཞི་ནི།

ཀ༽ ཤར་རིགས་གསུམ་མགོན་པོའི་ལྷ་ཁང་ནི། གནས་ཡུལ་རྒྱ་ལྷ་ཁང་ངམ་ཨི་སི་ལམ་ཕྱག་ཁང་དང་ཉེ་བའི་ནུབ་བྱང་མཚམས་སུ་ཡོད་པ་ལ་རིག་གནས་གསར་བརྗེའི་རྙིང་བཞི་རྩ་གཏོར་གྱི་ལོ་བཅུའི་ཟང་ཟིང་གི་ལས་འགུལ་སྐབས་རྩ་གཏོར་ཤུལ་མེད་དུ་སོང་སྟབས་ད་ལྟ་ཉམས་གསོ་ཞུ་ཐུབ་མེད།

ཁ༽ ལྷོ་རིགས་གསུམ་མགོན་པོའི་ལྷ་ཁང་ནི། གནས་ཡུལ་གཟིམ་ཤག་རམ་པའི་ཤར་ངོས་སུ་གནས་ཤིང༌། ད་ལྟ་ཉམས་གསོ་ཞུས་ཏེ་སྔར་སྲོལ་ལྟར་རི་བོ་དགེ་ལྡན་པའི་མ་དགོན་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་བདག་འཛིན་གནང་མུས་ཡིན།

ག༽ ནུབ་རིགས་གསུམ་མགོན་པོའི་ལྷ་ཁང་ནི། གནས་ཡུལ་གཡུ་ཐོག་ཟམ་པའི་བྱང་ངོས་ཉེ་འགྲམ་དུ་ཡོད་ལ། རྗེས་སུ་ཀླུ་སྦུག་རྒྱལ་སྒོའི་འགྲམ་དུ་སྤོས་གནང་བས། ད་ལྟ་གསར་བཞེངས་ཞུས་རྗེས་འབྲི་གུང་ཡང་རི་སྒར་གྱིས་བདག་འཛིན་གནང་མུས་ཡིན། ང༽ བྱང་རིགས་གསུམ་མགོན་པོའི་ལྷ་ཁང་ནི། གནས་ཡུལ་ཐོག་མར་ར་མོ་ཆེའི་བྱང་ངོས་གླིང་སྐོར་ལམ་དུ་ཡོད་པ་ལ། དེ་རྗེས་ར་མོ་ཆེ་རྡོ་ཟམ་འགྲམ་དུ་གནས་སྤོས་ཀྱིས་ཉམས་གསོ་ཞུས་རྗེས་ད་ལྟ་གར་དགོན་བསམ་གཏན་གླིང་བཙུན་དགོན་གྱིས་བདག་འཛིན་གནང་མུས་ཡིན།

ཕྱོགས་བཞིའི་རིགས་གསུམ་མགོན་པོའི་ལྷ་ཁང་རྣམས་མེས་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས་སྐད་དང༌། ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་ཕྱོགས་བཞིར་རིགས་གསུམ་མགོན་པོའི་ལྷ་ཁང་དེ་དག་གི་ཉེ་འཁྲིས་སུ་བཞེངས་པའི་འཇིགས་བྱེད་ལྷ་ཁང་བཞི་ཡོད་སྐད་དང༌། ལྷོ་རིགས་གསུམ་མགོན་པོའི་དཀར་ཆག་ནང་འཁོད་པ་ལྟར་ན། རིགས་གསུམ་མགོན་པོའི་ལྷ་ཁང་གི་ཉེ་འཁྲིས་སུ་ཡོད་པའི་སྔར་གྱི་འཇིགས་བྱེད་ལྷ་ཁང་གི་ཤུལ་དུ་ཚེ་དཔག་ལྷ་ཁང་བཞེངས་ཚུལ་ཡང་འཁོད་འདུག་པ་ལས་ཞིབ་ཕྲའི་ལོ་རྒྱུས་མ་རྙེད་ཁར། འཇིགས་བྱེད་ལྷ་ཁང་རྣམས་དུས་ནམ་ཞིག་ལ་གཏོར་བཤིག་སོང་མིན་ཆ་འཚལ་མོད། དེང་སྐབས་ང་ཚོའི་མིག་ལམ་དུ་མཇལ་རྒྱུ་མེད་པ་བཅས་སོ།།

སོ་གཅིག ལྷ་སའི་གླིང་བཞི།

གངས་ལྗོངས་ཀྱི་རྒྱལ་ས་ལྷ་སར་བཞི་ཚན་མང་དུ་ཡོད་པ་ལས། ལྷ་སའི་གླིང་བཞི་ནི། ཀུན་བདེ་གླིང་དང༌། བསྟན་རྒྱས་གླིང༌། ཚེ་སྨོན་གླིང༌། བཞི་སྡེ་བསམ་གཏན་གླིང་བཅས་ལ་ལྷ་སའི་གླིང་བཞི་ཞེས་གྲགས། ཀ༽ ཀུན་བདེ་གླིང་ནི་བར་མ་རིའི་འདབས་སུ་གནས་ཤིང༌། མཚན་རྒྱས་པར་དབུས་གཙང་ཀུན་བདེ་གླིང་ཞེས་ཞུ་ཞིང༌། འདི་ནི་བོད་རབ་བྱུང་བཅུ་གསུམ་པའི་ཤིང་བྱི་སྤྱི་ལོ་ ༡༨༠༤ ལོར་རྟ་ཚག་རྗེ་དྲུང་སྐུ་ཕྲེང་བརྒྱད་པས་བོད་ཀྱི་རྒྱལ་ཚབ་གནང་ ༼སྤྱི་ལོ་ ༡༨༠༤ ནས་སྤྱི་ལོ་ ༡༨༡༠ བར་སྲིད་ཚབ་བསྐྱངས།༽ སྐབས་སུ་དགོན་དེ་ཕྱག་བཏབ་གནང་མཛད། ཀུན་བདེ་གླིང་ནི་ལྷ་ས་གྲོང་ཁྱེར་གྱི་གླིང་ཁག་བཞིའི་ནང་གི་བླ་བྲང་གྲགས་ཅན་གྱི་གྲས་ཤིག་ཡིན་ཅིང༌། སྤྱི་ལོ་ ༡༨༧༥ ྋརྒྱལ་བ་སྐུ་ཕྲེང་བཅུ་གཉིས་པ་དགོངས་པ་རྫོགས་རྗེས་ཀུན་གླིང་རྟ་ཚག་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་མེ་ཁྱི་ ༡༨༨༦ བར་བོད་ཀྱི་སྲིད་ཚབ་བསྐྱངས་པ་བཅས་ཀུན་གླིང་རྟ་ཚག་ནས་སྲིད་ཚབ་སྔ་རྗེས་ཐེངས་གཉིས་ཙམ་གནང༌། སྔར་དགེ་འདུན་ཞལ་གྲངས་ ༡༡༢ ནས་རི་བོ་དགེ་ལྡན་པའི་ཕྱག་བཞེད་མཛད་པ་ཡིན། དགོན་འདི་རིག་གསར་སྐབས་གཏོར་བཤིག་གིས་དེང་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད།

ཁ༽ བསྟན་རྒྱས་གླིང་ནི་ལྷ་ལྡན་སྨན་རྩིས་ཁང་གི་བྱང་ངོས་སུ་གནས་ཤིང༌། དེ་མོ་བདེ་ལེགས་འཇམ་དཔལ་རྒྱ་མཚོས་རབ་བྱུང་ ༡༣ པའི་ཆུ་རྟ་སྤྱི་ལོ་ ༡༧༦༢ ལོར་བཞེངས་ཤིང༌། དེ་མོ་ཧོ་ཐོག་ཐུ་རང་ཉིད་ཀྱིས་དགོན་པ་འདིར་བཏགས་པའི་མཚན་ནི་དགའ་ལྡན་གསང་སྔགས་དགའ་ཚལ་ཞེས་ཞུ། ཡང་གོང་མ་ཆན་ལུང་གིས་བསྟན་རྒྱས་གླིང་ཞེས་པའི་སྒོ་བྱང་བོད་རྒྱ་མན་སོག་བཞིའི་ཡི་གེར་འཁོད་པ་ཞིག་གནང་བ་ནས་ཡོངས་གྲགས་སུ་བསྟན་རྒྱས་གླིང་ཞེས་ཞུ། བསྟན་རྒྱས་གླིང་བླ་བྲང་ནི་ལྷ་སའི་གླིང་ཁག་བཞིའི་ནང་གི་བླ་བྲང་སྟོབས་ཆེ་ཤོས་དེ་ཡིན་ཅིང༌། བསྟན་རྒྱས་གླིང་ནི་ལྷ་སའི་གླིང་ཁག་བཞིའི་བྱུང་སྔ་ཤོས་དང༌། འཛུགས་སྐྲུན་ཡང་གཞི་རྒྱ་ཆེ་ཤོས་ཡིན། དེ་མོ་སྐུ་ཐོག་ནས་བོད་ཀྱི་སྲིད་ཚབ་ཐེངས་གཉིས་གནང་མྱོང༌། དེང་བསྟན་རྒྱས་གླིང་གི་བདག་ཐོབ་བསམ་ཡས་དགོན་ནས་གནང་བཞིན་འདུག་པ་བཅས་སོ།།

ག༽ ཚེ་སྨོན་གླིང་ངམ་བྱང་ཆུབ་གླིང་གི་གསང་སྔགས་ཚེ་སྨོན་གླིང་ནི། ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་ཞི་བདེ་དགོན་གྱི་ཤར་ངོས་སུ་གནས་ཤིང༌། རབ་བྱུང་བཅུ་བཞི་པའི་ཤིང་སྤྲེལ་སྤྱི་ལོ་ ༡༨༢༤ ལོར་ཚེ་སྨོན་གླིང་རྒྱལ་ཐོག་གཉིས་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོས་ཕྱག་བཏབ། སྔོན་གོང་མ་ཆན་ལུང་གི་སྐུ་ཚེ་ཚེ་སྒྲུབ་གནང་ས་ཡིན་པས་མཚན་དེ་ལྟར་ཐོགས། སྔར་དགེ་འདུན་ཞལ་གྲངས་ ༧༥ ནས་རི་བོ་དགེ་ལྡན་པའི་སྔགས་ཆོག་ཕྱག་བཞེད་མཛད་ཅིང༌། སེར་སྨད་གྲྭ་ཚང་གི་མངའ་ཁོངས་ཡིན། ཚེ་སྨོན་གླིང་བླ་བྲང་ནི་ལྷ་སའི་གླིང་ཁག་བཞིའི་གྲགས་ཅན་གྱི་གྲས་ཤིག་ཡིན། ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས་མཆོག་ནས་སྲིད་ཚབ་ལོ་ ༡༠ དང༌། ཚེ་གླིང་ངག་དབང་འཇམ་དཔལ་རྒྱ་མཚོས་སྲིད་ཚབ་ལོ་ ༢༦ ཚེ་གླིང་བློ་བཟང་རྒྱལ་མཚན་ནས་སྲིད་ཚབ་ལོ་ ༤ བཅས་གནང་མྱོང་ཡོད།

ང༽ ཞི་བདེ་དགའ་ལྡན་བསམ་གཏན་གླིང་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་ཚེ་སྨོན་གླིང་གི་ནུབ་ངོས་སུ་གནས་ཤིང༌། བོད་རབ་བྱུང་གསུམ་པ་སྤྱི་ལོའི་དུས་རབས་བཅུ་གཉིས་གཡས་གཡོན་ལ་ཚལ་པ་ཁྲི་དཔོན་དགའ་བདེ་བཟང་པོས་ཕྱག་བཏབ་ཅིང༌། གཙུག་ལག་ཁང་དུ་ཐོག་མར་མཆོད་འབུལ་བ་བཞི་གྲྭ་ཞིག་བཙུགས་པས་མིང་ལའང་བཞི་སྡེ་བ་ཞེས་བཏགས་པར་གྲགས། སྔར་དགེ་འདུན་ ༣༠༠ སྐོར་གྱིས་ཐོག་མར་ཕ་དམ་པ་སངས་རྒྱས་སོགས་བཀའ་བརྒྱུད་ཕྱག་བཞེད་མཛད་པ་ལས་ྋརྒྱལ་བ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ་རི་བོ་དགེ་ལྡན་པར་འགྱུར་ཞིང༌། རྗེས་སུ་རི་བོ་དགེ་ལྡན་གྱི་སྔགས་ཆོག་ཕྱག་བཞེད་མཛད་པ་ཡིན། རིག་གནས་གསར་བརྗེའི་སྐབས་གཏོར་བཤིག་གིས་ད་ལྟ་ཉམས་གསོ་ཞུ་མ་ཐུབ་པར་ཤེས་རིག་གསར་བརྗེའི་དྲན་རྟེན་ལྟ་བུར་གནས་པ་འདི་ཉིད་ཡིན།

འགའ་ཞིག་ཏུ་གླིང་བཞི་བརྩི་སྐབས་ཞི་བདེ་བསམ་གཏན་གླིང་གི་ཚབ་ཏུ་གྲིབ་ཚེ་མཆོག་གླིང་དྲངས་འདུག་པས། གྲིབ་ནི་ལྷ་སའི་ཁོངས་སུ་མི་བརྩི་བ་ནི་སྐྱིད་ཆུས་བཅད་པའི་ས་ཆ་ཡིན་ལ། གཞན་ཡང་རི་རྒྱ་བསམ་གཏན་གླིང་དང༌། སྟག་བྲག་བསམ་གཏན་གླིང་སོགས་གླིང་གི་མིང་ཅན་མང་པོ་ཡོད་ཀྱང་དེ་དག་ནི་ལྷ་སའི་གླིང་ཁག་བཞིའི་ཁོངས་དྲངས་སྲོལ་མེད་དོ།།

སོ་གཉིས། ལྷ་སའི་ལྷ་ཁང་བཞི། ལྷ་སའི་ལྷ་ཁང་བཞི་ནི་ཡུན་རིང་ལྷ་ཁང་དང༌། བཞི་སྡེ་སྙུང་གནས་ལྷ་ཁང༌། སྨིན་གྲོལ་གླིང་སྒྲོལ་མ་ལྷ་ཁང༌། ཞི་ཁྲོའི་ལྷ་ཁང་བཅས་བཞི་ལས། ཀ༽ ཡུན་རིང་ལྷ་ཁང་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སྦྲ་ནག་ཞོལ་ཁུལ་དུ་གནས་ཤིང༌། ལྷ་ཁང་སྒོ་ཤར་བལྟ་ཅན་ཞིག་ཡོད། ལྷ་ཁང་འདི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བཞེངས་སྐད།

ཡང་དུས་རབས་བཅོ་བརྒྱད་པའི་ནང་ྋརྒྱལ་བ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནས་གོང་མ་ཁང་ཤིས་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་བཞེངས་པར་གྲགས་ལ། ཡུན་རིང་ལྷ་ཁང་ཞེས་པའི་མཚན་ཡང་དེ་ནས་ཐོགས་པར་སེམས། སྔར་ལྷ་ཁང་འདིར་སྙུང་གནས་ཀྱི་རྟེན་མ་དང༌། སྐུ་བརྙན་གཞན་དག་མང་པོ་ཡོད་འདུག་ཅིང༌། རིག་གསར་སྐབས་ལྷ་ཁང་འདི་རྩ་གཏོར་བཏང་སྟེ། ལྷ་སྐུ་རྣམས་བཙོག་གཅིན་འགྲོ་ཡུར་ཁག་གི་རྡོ་ཟམ་དུ་བརྒྱབ་ཅིང༌། ཆོས་དད་སླར་གསོ་བྱུང་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་རབ་གནས་ཕོགས་པར་གྲགས་པའི་རྡོ་བརྐོས་ཀྱི་སྟོན་པ་ཤཱཀྱ་ཐུབ་པའི་གཙོ་ཞལ་དང༌། གུ་རུ་མཚོ་སྐྱེས་རྡོ་རྗེ། ཁྲོ་བོ་མི་གཡོ་བ། རྒྱལ་ཆེན་ཡུལ་འཁོར་སྲུང་བཅས་མང་ཚོགས་ནས་བཙོག་གཅིན་འགྲོ་ཡུར་གྱི་ཟམ་རྡོ་ལས་ཡར་བཏོན་ཐོག་དེང་པོ་ཏཱ་ལའི་ཤར་ལྡེབས་མཁར་རྔ་གདོང་གྲུ་འཛིན་ཞིང་གི་སྒོ་མོ་དང་པོའི་རང་བྱོན་ཡོད་སར་གདན་དྲངས་ནས་དེར་སྤྱི་ལོ་ ༡༩༧༨ ལོར་ལྷ་ཁང་གསར་བཞེངས་ཀྱིས་དེར་བཞུགས་སུ་གསོལ་ཞིང༌། ཡུན་རིང་ལྷ་ཁང་དེ་ཉིད་རིག་གསར་སྐབས་རྩ་གཏོར་སོང་སྟེ་དེང་སྐབས་དེ་ཁུལ་གྲོང་མི་སྡོད་ཡུལ་གྱི་ཁང་ཁུངས་འཛུགས་སྐྲུན་གསར་རྒྱག་གིས་རྗེས་ཤུལ་ཙམ་ཡང་ལྷག་མེད་པས། ཡུན་རིང་ལྷ་ཁང་གི་ས་གནས་ཀྱང་ངོ་འཛིན་དཀའ་བའི་གནས་སུ་གྱུར་ཡོད།

ཁ༽ བཞི་སྡེ་སྙུང་གནས་ལྷ་ཁང་ནི། བཞི་སྡེ་དགོན་པའི་ཤར་ལྷོའི་མཚམས་སུ་གནས་ཤིང༌། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་ྋརྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་སློབ་མ་སྙུང་གནས་བླ་མ་ཡེ་ཤེས་བཟང་པོས་བཞེངས་གནང་མཛད་ཅིང༌། ཐོག་མར་ལྷ་ཁང་དེར་ལྷ་ས་བ་ཚོས་ས་ག་ཟླ་བའི་ནང་སྙུང་གནས་ཚུགས་སྲོལ་ཡོད་ཅིང༌། ལྷ་ཁང་དེའི་འཛིན་བདག་བཞི་སྡེ་གྲྭ་ཚང་ནས་བྱེད།

དེང་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་དང༌། བཞི་སྡེ་སྙུང་གནས་ལྷ་ཁང་གཉིས་ཀ་རིག་གནས་གསར་བརྗེ་ཟེར་བའི་ལོ་བཅུའི་ཟང་ཟིང་སྐབས་རྙིང་བཞི་རྩ་གཏོར་གྱི་ལས་འགུལ་སྐབས་གཏོར་བཤིག་གིས་ད་ལྟ་ཉམས་གསོ་ཞུ་ཐུབ་མེད་ཅིང༌། བཞི་སྡེ་སྙུང་གནས་ལྷ་ཁང་རྩ་གཏོར་སོང་བས་དེང་ས་གནས་གང་དུ་ཡོད་མེད་ཀྱང་ངོས་འཛིན་དཀའ་བའི་གནས་སུ་གྱུར་འདུག

ག༽ སྨིན་གྲོལ་གླིང་སྒྲོལ་མ་ལྷ་ཁང་ངམ། མཚན་གཞན་སྨོན་གྲོང་སྒྲོལ་མ་ལྷ་ཁང༌། ཡང་ན་མོན་འགྲོ་སྒྲོལ་ལ་ལྷ་ཁང་ཡང་ཞུ་བ་འདི་ནི། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚོགས་ཁང་གི་ནུབ་ངོས་རྨེ་རུ་གྲོང་ལྷན་གྱི་མངའ་ཁོངས་སུ་གནས། མོན་འགྲོ་ཀླུ་བཙན་ནི་ྋརྒྱལ་བ་སྐུ་ཕྲེང་དྲུག་པ་རིག་འཛིན་ཚངས་དབྱངས་རྒྱ་མཚོ་དང་ལྷན་དུ་མོན་རྟ་དབང་ནས་ཡོང་བ་རེད་ཅེས་བརྗོད་སྲོལ་ཡོད། རྗེས་སུ་མོན་འགྲོ་ཀླུ་བཙན་དེའི་བྱང་ངོས་མོན་འགྲོ་སྒྲོལ་མ་ལྷ་ཁང་བཞེངས་ཏེ་རིགས་གསུམ་མགོན་པོ་དང༌། སྒྲོལ་མའི་སྐུ་བཅས་ཡོད་སྐད། ཕྱི་ལོ་ ༡༩༥༩ ལོའི་བར་མང་ཚོགས་ཀྱིས་ཁྲོ་ཆེན་ཞུ་བ་དང་མཆོད་འབུལ་སོགས་བྱེད་མུས་ཡིན། རྨེ་རུ་དགོན་ནས་དཀོན་གཉེར་བཙུགས་ཏེ་བདག་གཉེར་བྱེད་ཀྱི་ཡོད། འོན་ཀྱང་རིག་གསར་སྐབས་གཏོར་བཤིག་ཕོག་སྟེ་ད་ལྟ་ཉམས་གསོ་ཞུ་ཐུབ་མེད་ལ། སྔར་གྱི་རིག་གནས་གསར་བརྗེ་དང༌། དེང་གི་བོད་གསར་འཛུགས་སྐྲུན་གཉིས་ཀྱིས་སྔར་ཡོད་ལྷ་ཁང་རིག་གསར་སྐབས་རྩ་གཏོར་སོང་བ་དང༌། དེང་སྐབས་དེ་ཁུལ་དུ་ཁང་ཁུངས་གསར་རྒྱག་གིས་སྔར་གྱི་དྲན་གསོའི་ཚུལ་དུ་གྱང་རོའི་ཟུར་ཙམ་ཞིག་ལས་ལྷག་མེད།

ང༽ ཞི་ཁྲོའི་ལྷ་ཁང་ནི། རྗེ་འབུམ་སྒང་ལྷ་ཁང་གི་བྱང་དང༌། ར་མོ་ཆེའི་ལམ་གྱི་ཤར་ངོས་སུ་གནས་ཤིང༌། ཞི་ཁྲོ་ལྷ་ཁང་ནི་སྔར་ཀ༔ཐོག་དམ་པ་བདེ་གཤེགས་ཀྱིས་བཞེངས་པའི་ལོ་རྒྱུས་ཡོད་ལ། དུང་དཀར་ཚིག་མཛོད་ལས། དུས་རབས་བཅུ་དགུ་པའི་ནང་བོད་གཞུང་ནས་གསར་དུ་བཞེངས་ཚུལ་འཁོད་འདུག་ཅིང༌། རྟེན་གཙོར་གསེར་ཟངས་ཀྱི་ཇོ་བོ་དང༌། རྡོར་སེམས། སློབ་དཔོན་རིན་པོ་ཆེ་བཅས་ཀྱི་སྐུ་མི་ཚད་དང༌། ཞི་ཁྲོ་དམ་པའི་རིགས་བརྒྱའི་འཇིམ་སྐུ་སོགས་ཡོད། ལྷ་ས་བའི་ཞི་ཁྲོའི་སྐྱིད་སྡུག་གིས་བདག་པོ་བྱེད་ཅེས་གསལ་བ་ཙམ་ལས་ཞིབ་ཕྲའི་ལོ་རྒྱུས་མ་རྙེད།

ཞི་ཁྲོ་ལྷ་ཁང་ཡང་རིག་གསར་སྐབས་ནང་རྟེན་མཐའ་དག་རྩ་གཏོར་སོང་ཞིང༌། ཕྱི་བཀོད་ཁང་རྙིང་རང་སོར་གནས་པར་དེང་སྐབས་གངས་ལྗོངས་ཀུན་སྤྲོ་བདེ་སྐྱིད་གསོལ་ཚིགས་ཁང་དང༌། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྱོན་ཆས་བཟོ་གྲྭ་བཞི་པ། དེ་མིན་གྲོང་མི་གནས་སྡོད་བྱ་ཡུལ་དུ་གྱུར་བས། ལྷ་ཁང་གི་བཟོ་དབྱིབས་ཙམ་ཡང་ཧ་ལམ་མངོན་རྒྱུ་མེད་པར་གྱུར། དེ་མིན་ཚེས་བཅུ་ལྷ་ཁང་དང༌། མཎི་ལྷ་ཁང་སོགས་ཡོད་སྐད་ཀྱང་ལོ་རྒྱུས་ཡིག་ཆ་མ་རྙེད་ཁར་དེ་དག་རིག་གསར་སོགས་ཀྱི་སྐབས་རྩ་གཏོར་དུ་སོང་སྟེ་དེང་མིང་གི་ལྷག་མར་གྱུར་ཟིན་འདུག་གོ།

 

སོ་གསུམ། ལྷ་སའི་སྒང་བཞི།

ལྷ་སའི་ས་མིང་རྙིང་པ་སྒང་བཞི་ནི། རྗེ་འབུམ་སྒང་དང༌། གཡུལ་ཁ་སྒང༌། ཐལ་སྤུངས་སྒང༌། ས་སྦོག་སྒང་བཅས་བཞི་ལས། ཀ༽ རྗེ་འབུམ་སྒང་ནི། གཙུག་ལག་ཁང་ནས་ར་མོ་ཆེར་འགྲོ་སའི་ལམ་གྱི་ཤར་ངོས་དང༌། དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ནུབ་ངོས་སུ་གནས་ཤིང༌། ལྷ་ཁང་འདི་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པ་སྟེ་ྋརྒྱལ་དབང་ལྔ་པ་ཆེན་པོའི་སྐུ་དུས་སུ་ཕྱག་བཏབ་གནང་མཛད། སྔོན་ལྷ་ཁང་འདི་ནི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་ནས་འཛིན་སྐྱོང་གནང་ཞིང༌། སྔར་ལྷ་ཁང་འདིའི་རྟེན་གཙོར་རྗེ་ཙོང་ཁ་པའི་སྐུ་བརྙན་དང༌། དེའི་མཐའ་འཁོར་དུ་སྐུ་རྒྱུ་རྫ་ལས་གྲུབ་པའི་རྗེ་ཚེ་འཛིན་མའི་སྐུ་བརྙན་མཁྱིད་གང་ཙམ་འབུམ་ཐེར་གཅིག་ཡོད་པས་རྗེ་འབུམ་སྒང་ལྷ་ཁང་ཞེས་པའི་མཚན་ཡང་དེ་ནས་བྱུང་ངོ༌།།

གཞན་ཡང་ལྷ་ཁང་འདིའི་དབྱིབས་ནི་བློས་བསླངས་དཀྱིལ་འཁོར་གྱི་དབྱིབས་ཅན་ཕྱོགས་བཞིར་སྒོ་བཞི་རྟེན་དང་བརྟེན་པར་བཅས་བཞུགས་སུ་གསོལ་ཡོད་ཅིང༌། རིག་གསར་སྐབས་སྐུ་རྟེན་ཡོངས་རྫོགས་རྩ་གཏོར་བཏང་སྟེ། ལྷ་ཁང་ནང་གྲོང་ཁྱེར་བྱང་ཕྱོགས་ས་ཁུལ་གྱི་རྩམ་པ་ཚོང་ཁང་བྱས་པ་དང༌། པར་ཁང་ནང་གྲོང་མིའི་སྡོད་ཁང་བྱས་པ་མ་ཟད། ད་དུང་སྐུ་རྟེན་བཤིགས་པའི་འཇིམ་རོ་རྣམས་ལས་བཟོས་པའི་ས་ཕག་གི་སྤྱི་པའི་གསང་སྤྱོད་བརྒྱབ་ཏེ་དེང་སྐབས་ཀྱང་མང་ཚོགས་རྣམས་ཀྱིས་གསང་སྤྱོད་དུ་བེད་སྤྱོད་བྱེད་བཞིན་པ་ནི་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡིན་ལ། འདི་ལས་བསྟན་དགྲ་རྒྱ་མིས་བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་བཤིག་ཅིང༌། ཆོས་བྱེད་ཀྱི་རང་དབང་ཡོངས་སུ་འཕྲོགས་པ། བོད་མིའི་ཡུལ་གོམས་གཤིས་ལུགས་ལ་རྩིས་མེད། མི་སྤྱོད་ལས་འདས་པའི་བྱ་ངན་རིམ་པར་ལག་བསྟར་བྱས་པ་དངོས་ར་གསལ་འཕྲོད་ཐུབ་པ་ཡིན།

སྤྱི་ལོ་ ༡༩༩༦ ལོའི་སྐབས་སུའང་རང་གནས་ལས་འགྱུར་བ་གང་ཡང་བྱུང་མེད་ལ་ད་ལྟའང་དེ་བཞིན་དུ་གནས་ལ། རྗེ་འབུམ་སྒང་དུ་དེང་སྐབས་གྲོང་ཁྱེར་ལྷ་ས་ཁྲེང་ཀོན་ཆུས་འབྲུ་རིགས་ཅུས་ཀྱི་མཛོད་ཁང་ལྔ་པ་དང༌། རྒྱའི་མཛོད་ཁང་དང་ཚོང་ཁང་བྱེད་མུས་ཡིན་ཞིང༌། ལྡེབས་རིས་ད་ལྟའང་བསྡད་ཡོད་སྐད་བཅས་སོ།།

ཁ༽ རྒྱ་འབུམ་སྒང་ནི། ལྷ་ས་གྲོང་ཁྱེར་གྱི་དཀྱིལ་བརྒྱུད་ར་མོ་ཆེར་འགྲོ་བའི་ལམ་ཆེན། ཤར་ཕྱོགས་རྗེ་འབུམ་སྒང་ལྷ་ཁང་དང༌། ནུབ་ཕྱོགས་ལྕང་ཁྱབ་ཁང་གསར་འཁེལ་བའི་བར་གྱི་གཞུང་ལམ་ལ་ཟེར། སྔར་ཕོ་ལྷ་ཐའི་ཇིའི་བུ་ཝང་འགྱུར་མེད་རྣམ་རྒྱལ་ཁྲོམ་གཟིགས་སྒང་དུ་རྒྱའི་ཨམ་བན་འཁོར་བཅས་ནས་བཀྲོངས་རྗེས་ཟིང་འཁྲུག་བྱུང་ཞིང༌། དེའི་ཡ་ལན་དུ་ཝང་འགྱུར་མེད་རྣམ་རྒྱལ་གྱི་མགྲོན་གཉེར་བློ་བཟང་བཀྲ་ཤིས་སོགས་ཀྱིས་ལྷ་སར་ཡོད་པའི་བོད་སྡོད་ཨམ་བན་སོགས་རྒྱ་རིགས་ཕོན་ཆེ་བསད་པའི་སྡིག་བཤགས་སྒྲིབ་སྦྱོངས་སུ་རྒྱ་རིགས་ཤི་པོ་རྣམས་ཀྱི་རུས་པ་བསྲེགས་པའི་སཙྪ་འབུམ་ཡོད་པའི་ཙྪ་ཁང་ཞིག་བརྒྱབ་པ་ནས་བཟུང་ལམ་རྒྱུད་དེར་རྒྱ་འབུམ་སྒང་དུ་གྲགས་པ་ཡིན་ཞེས་ངག་རྒྱུན་དུ་འདུག་ལ། ལ་ལས་སྐབས་དེར་ས་གནས་དེར་རྒྱ་རིགས་མི་གྲངས་འབུམ་གཅིག་བསད་པའི་གནས་ཡིན་པས་རྒྱ་འབུམ་སྒང་དུ་མིང་ཐོགས་གསུངས་པ་ནི་དངོས་བྱུང་ལོ་རྒྱུས་དང་མི་མཐུན་པ་ཤིན་ཏུ་གསལ་ལོ།།

དུང་དཀར་ཚིག་མཛོད་ཆེན་མོ་ལས། ལྷ་ས་རྗེ་འབུམ་སྒང་ལྷ་ཁང་ནི་དེ་སྔ་དུས་རབས་བཅོ་བརྒྱད་པའི་སྟོད་ཆར་ཝང་འགྱུར་མེད་རྣམ་རྒྱལ་གྱི་མགྲོན་གཉེར་བློ་བཟང་བཀྲ་ཤིས་སོགས་ཀྱིས་བོད་སྡོད་ཨམ་བན་སོགས་རྒྱ་རིགས་ཁྱོན་ཆེ་བསད་པ་ཚོའི་སྒྲིབ་སྦྱོངས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་རྗེ་ཙོང་ཁ་པའི་སྐུ་བརྙན་སོར་ལྔ་བྱས་པ་འབུམ་གཅིག་ཕྱག་བསྟར་མའི་པར་འདེབས་གནང་སྟེ་ནང་བཞུགས་བྱས་པའི་བྱང་ཆུབ་མཆོད་རྟེན་ཐོག་རྩེགས་ལྔ་ཙམ་ཞིག་གསར་བཞེངས་གནང༌། མཆོད་རྟེའི་དེའི་དབུ་ཏོག་འོག་ནས་ཕྱོགས་བཞིར་ལྕགས་ཐག་ལ་དྲིལ་བུ་བཏགས་ཡོད་པས་རླུང་བུ་རྒྱག་སྐབས་དྲིལ་བུའི་སྒྲ་གྲོང་ཁྱེར་ཁུལ་ཀུན་ཏུ་ཁྱབ་ཀྱི་ཡོད་པ་དང༌། མཆོད་རྟེན་གྱི་ནང་དུ་ཡོད་པའི་ལྷ་ཁང་བརྒྱུད་ཆོས་འཁོར་བཅུ་གསུམ་གྱི་ནང་ནས་སྐས་འཛེག་སྟེ་དབུ་ཏོག་འོག་ནས་དོན་ས་ཡོད་པས།

རྒྱ་འབུམ་མཐོ་བའི་སྒང་ལ། །

མཐོ་རིང་སྐས་འཛེག་བཙུགས་ཤག །

ཕྱོགས་བཞི་གང་ལ་བལྟས་ཀྱང༌། །

སྙན་པའི་དྲིལ་བུའི་སྐད་རེད། ། ཅེས་པའི་དམངས་གཞས་ཀྱང་ཡོད་འདུག དུས་རབས་བཅུ་དགུ་པའི་མཇུག་ཏུ་སྲིད་སྐྱོང་དེ་མོ་འཕྲིན་ལས་རབ་རྒྱས་ཀྱི་དུས་མཆོད་རྟེན་དེར་ཉམས་གོག་ཆེ་ཙམ་བྱུང་བའི་སྐབས་དེ་དང་བསྟུན་ནས་ཕྱི་རྒྱར་རྩེ་ཕོ་བྲང་གི་ཤར་དུ་མཆོད་རྟེན་ཡོད་པ་མི་ལེགས་ཚུལ་དང༌། དོན་དུ་བསྟན་རྒྱས་གླིང་༼བསྟན་རྒྱས་གླིང་ནི་དེ་མོའི་བཞུགས་གནས་ཡིན།༽ གི་ཤར་དུ་མཆོད་རྟེན་འཁེལ་བས་ཡིན་ཡང་ཟེར་ཞིང༌། དོན་དུ་ཤར་དུ་མཆོད་རྟེན་ཡོད་ན་ནུབ་ཀྱི་གྲོང་སྟོངས་ཞེས་པ་མི་ལེགས་པ་ཡིན་ཚུལ་ལ་དགོངས་ཏེ་མཆོད་རྟེན་དེ་བཤིག་ཐོག་མཆོད་རྟེན་གྱི་ནང་བཞུགས་པའི་རྗེ་སྐུ་རྣམས་ལམ་དཀྱིལ་དུ་གསར་དུ་སྐྲུན་པའི་ཙྪ་ཁང་རིང་པོའི་ནང་བཞུགས་སུ་བཅུག་ནས་མཆོད་རྟེན་གྱི་ཤུལ་དུ་བསམ་ཡས་གཙུག་ལག་ཁང་ལ་དཔེ་བྱས་ནས་ལྷ་ཁང་གསུམ་ཐོག་གསར་བཞེངས་ཀྱིས་རྟེན་གཙོར་བྱམས་པའི་འཇིམ་སྐུ་ཉིས་ཐོག་སོགས་དང༌། ཁོར་ཡུག་ཏུ་རྗེ་ཙོང་ཁ་པའི་འཇིམ་སྐུ་དཔར་མ་ཐོ་གང་ཙམ་བྱས་པ་འབུམ་གཅིག་བཞེངས་ཞེས་གསལ་ལ། རིག་གསར་གྱི་སྐབས་ནས་ཚཙྪ་ཁང་གཏོར་ནས་རླངས་འཁོར་འགྲོ་ལམ་བཟོས་པས་དངོས་བྱུང་ལོ་རྒྱུས་ཀྱི་དཔང་རྟགས་རྣམས་འདི་ལྟར་ཤུལ་མེད་དུ་སོང་ཞིང༌། ལྷག་མར་ཡོད་པ་ནི་མིང་འདི་ཁོ་ན་ཡིན།

ག༽ ཐལ་སྤུངས་སྒང་ནི་དེ་སྔ་ལྷ་ས་གྲོང་ཁྱེར་གྱི་ཉེ་འཁོར་ཞིང་པ་རྣམས་ལྕི་བ་དང་མེ་ཤིང་འཚོང་ཁུལ་ཡིན་ཞིང༌། དེ་སྔོན་ས་ཆ་དེ་གོ་ཐལ་ཕུང་གསོག་རྒྱག་ས་ཆེན་པོ་ཞིག་ཡིན་སྐད་འདུག་པས་ཐལ་སྤུངས་སྒང་ཞེས་པའི་མིང་དེ་ཡང་དེ་ནས་ཐོགས་པ་ཡིན་ནམ་སྙམ། དེང་སྐབས་ལྷ་ལྡན་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་གནས་པས་སྔར་གྱི་མིང་གནས་རྗེས་འབྲེལ་གྱིས་ཐལ་སྤུངས་སྒང་དེ་མཐོང་ལམ་དུ་མེད།

ང༽ ས་སྦོག་སྒང་ནི། ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་དབུ་སྐྲ་མདུན་ངོས་སུ་ཡིན། སྔར་དེ་གའི་ཁུལ་དུ་ས་སྦོག་ཏུ་གནས་པས་ས་དབྱིབས་ཀྱི་ཆ་ནས་ས་སྦོག་སྒང་ཞེས་མིང་ཐོགས་པ་ཡིན། དེ་མིན་ལྷ་སའི་སྒང་བཞིའི་གྲས་སུ་གཡུལ་ཁ་སྒང་དང༌། ཕྱག་འཚལ་སྒང་ཡང་དྲངས་སྲོལ་འདུག་པ་བཅས་སོ།།

སོ་བཞི། ལྷ་སའི་བཙན་ཁང་བཞི། ལྷ་སའི་བཙན་ཁང་བཞི་ནི། རབ་གསལ་བཙན་ཁང་དང༌། ཀརྨ་ཤག་བཙན་ཁང༌། རགས་ཁ་སྨད་བཙན་ཁང་ངམ་རགས་བརྒྱབ་བཙན་ཁང༌། གཡུ་ཐོག་བཙན་ཁང་བཅས་བཞི་ལས། ཀ༽ རབ་གསལ་བཙན་ཁང་ནི། བར་སྐོར་དུང་མཚོའི་ཟུར་གྱི་ལྷོ་ངོས་ཀུན་བཟང་རྩེའི་ཤར་ངོས། མཚམས་ཁུང་བཙུན་དགོན་གྱི་ནུབ་ངོས་སུ་གནས་ཤིང༌། རབ་གསལ་ཞེས་པ་ནི། སྔོན་ལྷ་སའི་སྐྱིད་ཆུའི་ཆུ་རགས་ཀྱི་ཟེ་ལ་གནས་པའི་རགས་ཟེ་སྟེ་རྗེས་སུ་རབ་གསལ་ཞེས་པར་སྒྲ་འགྱུར་ཞེས་གསུངས།

རབ་གསལ་བཙན་ཁང་ནི། ཇོ་བོ་ཤཱཀྱ་མུ་ནེའི་བཀའ་སྲུང་ཀླུ་བཙན་མཐུ་སྟོབས་དབང་ཕྱུག་གི་བཙན་ཁང་ཡིན་ལ། དེ་ཡང་སྔོན་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་དཀར་དུ་བཞུགས་སྐབས་བཀའ་སྲུང་འདི་ཉིད་རྒྱ་གར་དུ་ཡོད་ཅིང༌། དེ་རྗེས་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་ནག་ཏུ་གདན་དྲངས་རྗེས་བཀའ་སྲུང་འདི་རྒྱ་ནག་ཏུ་བྱོན་པ་དང༌། ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཇོ་བོ་ཤཱཀྱ་མུ་ནེ་བོད་གངས་ཅན་ལྗོངས་སུ་གདན་དྲངས་རྗེས་བཀའ་སྲུང་དེ་ཉིད་ཀྱང་བོད་དུ་ཕེབས་པ་ཡིན་ཞེས་གྲགས། རིག་གསར་སྐབས་གཏོར་བཤིག་གིས་དེང་ཉམས་གསོ་གནང་བ་མཇལ་རྒྱུ་ཡོད།

ཁ༽ ཀརྨ་ཤག་བཙན་ཁང་ནི། ལྷ་ལྡན་བར་སྐོར་གྱི་ཤར་ངོས་འོང་སྟོད་ཞིང་ཁའི་ལྷོ་ངོས་སུ་གནས་ཤིང༌། སྔོན་དུས་དེ་གར་ཀརྨ་པ་སྐུ་ཕྲེང་ཁ་ཤས་བཞུགས་སྟབས་ཀརྨ་ཤག་ཅེས་མིང་ཐོགས་པ་དང༌། ཡང་ན། སྔོན་གནས་དེའི་ལྷོ་ངོས་སུ་བཀའ་ཤག་ལྷོ་ཞེས་གཞུང་གི་བཀའ་ཤག་ཚོགས་སའི་ཁང་པ་སེར་པོ་གསུམ་ཐོག་ཅན་ཞིག་ཡོད་པ་དེའི་སྲུང་མ་ཁང་ལྟ་བུར་གྱུར་བས་ཀརྨ་ཤག་ཅེས་མིང་ཐོགས་ཞེས་དང༌། ཡང་གསུང་སྲོལ་གཞན་ཞིག་ནི། ཀརྨ་དགོན་གསར་ཇུན་གར་བས་གཏོར་རྗེས་དེའི་སྲུང་མ་བཞུགས་ཡུལ་དུ་སྲུང་མ་ཁང་དེ་བསྐྲུན་པས་ཀརྨ་ཤག་ཅེས་མིང་ཐོགས་ཞེས་གྲགས།

ཀརྨ་དགོན་གསར་གྱི་རྒྱ་ཕིབས་སེ་ར་དགོན་པར་ཕུལ་རྗེས་སྲུང་མ་ཁང་དེའི་བདག་ཐོབ་ཀྱང་སེ་ར་དགོན་པར་སྦྱར་བས་སྔར་སེ་ར་བླ་སྤྱིས་བདག་དབང་བྱེད། ཀརྨ་ཤག་སྲུང་མ་ཁང་དུ་གཙོ་བོ་ལྷ་སའི་ས་བདག་གམ་ཡུལ་ལྷ་ཆོས་སྐྱོང་ཀརྨ་ཤག་གི་བཙན་ཁང་ཡིན། མཚན་དངོས་ལ་ཆོས་སྐྱོང་བྱ་ཁྲི་སྤྱན་གཅིག་ཞུ། དེ་ནི་སྐུ་ལྔའི་ནང་ཚན་ཤར་ཕྱོགས་སྐུ་ཡི་རྒྱལ་པོའི་བློན་པོ་ཡིན། བྱ་ཁྲི་སྤྱན་གཅིག་ཅེས་པ་ནི། ལྷ་དེའི་སྐུ་བརྙན་རྒྱུན་གཏན་གྱི་སྤྱན་གཉིས་བཙུམས་ཤིང༌། དཔྲལ་བའི་ཡེ་ཤེས་ཀྱི་སྤྱན་འབུར་ཚུགས་སུ་གཟིགས་པ་དེས་ནམ་མཁར་བྱ་ཁྲི་གཅིག་འཕུར་ཀྱང་ཐམས་ཅད་སྤུ་མདོག་མ་ནོར་བར་ཁྲ་ལྷམ་མེར་གཟིགས་ཐུབ་ཅེས་ཟེར། དེའང་བྱ་ཁྲི་སྤྱན་གཅིག་སྐུ་ཤིན་ཏུ་འཚུབ་པས་གུ་རུ་རིན་པོ་ཆེས་སྤྱན་གཉིས་བཏོན་གནང་སྟེ་ད་ཁྱོད་ཀྱིས་ཅི་མཐོང་ངམ་ཞེས་གསུངས་པར་ངའི་མིག་གིས་ནམ་མཁར་ཁྲི་གཅིག་འཕུར་བ་མཐོང་བྱུང་ཞེས་ཞུས་པར་ཆོས་སྐྱོང་གི་མཚན་ལའང་བྱ་ཁྲི་སྤྱན་གཅིག་ཅེས་གསོལ། ཆོས་སྐྱོང་སྐུ་ཕེབས་གནང་སའི་ལྕོགས་དང་བཅས་པ་ཡོད་ལ། ཁང་པའི་མིང་ཆོས་སྐྱོང་ལ་ཐོགས་ཏེ་ཀརྨ་ཤག་ཆོས་སྐྱོང་ཞེས་ཟེར། སྔར་ལོ་ལྟར་འཛམ་གླིང་སྤྱི་བསངས་ཉིན་རང་གི་འཁོར་རགས་རྒྱབ་བཙན་ཁང་དང་ལྷན་དུ་སྐུ་ཕེབས་དང༌། དཔལ་ལྷའི་དུས་ཆེན་ལ་སྐུ་ཕེབས་གནང་གི་ཡོད། རིག་གསར་སྐབས་ཉམས་ཆགས་ཤུགས་ཆེ་བྱུང་བ་དེང་སྐབས་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་ཡོད་པ་བཅས་སོ།།

ག༽ རགས་ཁ་སྨད་བཙན་ཁང་ནི། དེ་སྔ་གཙང་པོའམ་ལྷ་སའི་སྐྱིད་ཆུ་རྒྱུགས་ཁུལ་ད་ལྟའི་མཚམས་ཁུང་བཙུན་དགོན་གྱི་སྒོ་འགྲམ་དུ་ཡིན་པས་དེ་རྒྱུད་ཀྱི་ས་ཆར་རགས་ཁའམ་རགས་རྒྱབ་ཅེས་ཟེར། དེ་ཡང་སྤྱི་ལོའི་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལྷ་སའི་སྐྱིད་ཆུ་གང་སར་གྲམ་ནས་རྒྱུགས་པ་དེ་དབྱར་ཆུ་རྒྱས་སྐབས་ལྷ་ས་ཆུས་འཇིག་ཉེན་ཆེ་བས། ལྷ་སའི་ཤར་ཕྱོགས་རགས་རི་ཟུར་ནས་འགོ་བཙུགས་ཏེ་ཆུ་རགས་ཀྱི་དུམ་བུ་གཅིག་ད་ལྟའི་མཚམས་ཁུང་བཙུན་དགོན་གྱི་ལྷོ་ངོས་སུ་འཁེལ་བའི་ས་ཆ་དེ་རྒྱུད་དུ་རགས་ཁའམ་རགས་རྒྱབ་ཅེས་ཅིང་ཐོགས་པ་ཡིན།

རགས་ཁ་སྨད་བཙན་ཁང་གི་མིང་གཞན་ལ་རགས་རྒྱབ་བཙན་ཁང་ཞེས་བརྗོད་ཅིང༌། དེ་ནི་མཚམས་ཁུང་དགོན་པའི་ཤར་ཕྱོགས་སུ་གནས་ཤིང༌། རགས་རྒྱབ་བཙན་ཁང་གི་སྲུང་མའི་མཚན་ལ་དགྲ་འདུལ་གཉེན་སྐྱོང་ཞེས་ཞུ་བ་དང༌། བཙན་སྐུ་དེ་ཉིད་དེ་སྔ་ཀརྨ་ཤག་བཙན་ཁང་དུའང་ཡོད་ཟེར། མཚམས་ཁུང་བཙུན་དགོན་གྱི་ནུབ་ཕྱོགས་སུ་རགས་རྒྱབ་དུར་ཁྲོད་ཅེས་སྤྱི་ལོ་ ༡༩༦༦ ལོ་བར་སྐུ་མཁར་ཤག་བཙན་ཁང་ཤིང་སྒྲོ་བའམ་གླང་ཚེར་སྡོང་པོ་ཁ་ཤས་དང༌། ཕུང་པོ་འཇོག་སའི་བྲག་རྡོ། མཆོད་རྟེན་ཞིག་དང༌། ས་མཐིལ་དུ་རྡོ་གཅལ་ཡོད་པ་ཞིག་ད་ལྟ་གླིང་སྐོར་ལྷོ་ལམ་འཁེལ་ས་འདི་སྔ་དུས་དུར་ཁྲོད་ཡིན་ཞིང་དེ་གར་མཐོང་རྒྱུ་ཡོད་སྐད།

དེ་ཡང་རགས་བརྒྱབ་པ་ནི་སྤྲང་པོའི་མིང་གཞན་ཞིག་ཡིན་པ་དང༌། རགས་སྟོབས་པ་ཞེས་པ་ནི་སྡོད་གནས་སྐྱིད་ཆུའི་རགས་ཁ་དང༌། ལས་རིགས་སྟོབས་ལྡན་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན་ཞིང༌། ཕྱིས་ཡོངས་གྲགས་སུ་རགས་བརྒྱབ་པ་ཞེས་འབོད། དུང་དཀར་ཚིག་མཛོད་ལས། ཟངས་དཀར་ལོ་ཙཱ་ ༼རབ་བྱུང་དང་པོའི་དཀྱིལ་དང་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ།༽ བས་ལྷ་སའི་གྲོང་ཁྱེར་ནང་སྡོད་པའི་སྤྲང་པོ་ཚོར་སྤྲང་ཚང་ཟེར་བའི་ཁང་པ་ཟུར་དུ་བརྩིགས་པ་གནང་ཞིང༌། ལྷ་ས་དང༌། བསམ་ཡས། མཐའ་འདུལ་གྱི་གཙུག་ལག་ཁང་བཅོ་ལྔ་ཙམ་ལ་ཞིག་གསོ་ཕུལ་ཕྱིན་མཛད་ཅེས་དང༌། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། ལྷ་སའི་སྤྲང་ཚང་བཏོན། ཞེས་པའི་དོན་ནི། གུ་བཀྲའི་ཆོས་འབྱུང་དུ། ལྷ་སའི་ཇོ་ཁང་བདག་མེད་དུ་སོང་ནས་སྤྲང་ཚང་བཅས་ཡོད་པ་ལས། སྤྲང་པོ་རྣམས་ལ་ཁང་པ་དང་ནོར་བྱིན་ནས་སྤྲད། མ་སོང་བ་རྣམས་ཞེས་དང༌། ཕྱིའི་རགས་བརྩིགས་པ་ཡང་ཐོག་མ་མངའ་བདག་མྱང་གི་སྲས་འགྲོ་བའི་མགོན་པོས་རྡོ་རྣམས་རྫུ་འཕྲུལ་གྱིས་དེད་ནས་ཆུ་རགས་མཛད། དེ་ནས་ལྷ་རྗེ་དགེ་བ་འབུམ་དང༌། དེའི་ལྕམ་ཡེ་ཤེས་མཆོག་དང༌། ཞིག་པོ་༼ལྷོ་རོང་ཆོས་འབྱུང་ལས། ཞིག་པོ་བདུད་རྩི་ནི་ལྷ་སའི་ཆུ་རགས་མཛད་པས་མཚན་གྱི་རྟེན་འབྲེལ་གྱིས་ཆུ་རགས་མ་ཚུགས་ཞེས་གསལ།༽ བདུད་རྩི་སོགས་ཀྱི་ཆུ་རགས་ཀྱི་ཞབས་ཏོག་རྒྱ་ཆེར་མཛད། ཅེས་གསུངས་པས་ལྷ་སའི་གཙང་པོར་ཆུ་རགས་བརྩིགས་པའི་སྲོལ་ཐོག་མའང་ཟངས་དཀར་ལོ་ཙཱ་བའི་སྐབས་སུ་བྱུང་ཞིང༌། དེས་ན་རགས་བརྒྱབ་པ་ཟེར་བའང་ལྷ་སའི་གཙང་པོར་རགས་རྩིགས་པའི་ཉེ་གནས་སུ་འཚོ་བ་རོལ་བའི་སྤྲང་པོ་དེ་ཚོར་ངོས་འཛིན་དགོས་ཤིང༌། དེ་འདྲའི་སྤྲང་པོ་མང་པོ་ནི་ཟངས་དཀར་ལོ་ཙཱ་བས་སྤྲང་པོ་རྣམས་གཙུག་ལག་ཁང་ནས་ཕྱིར་ལོགས་སུ་བན་པ་ནས་བྱུང་བས་རགས་བརྒྱབ་པ་ཞེས་སྤྲང་པོའི་ཚོགས་པ་ཞིག་དར་བར་གྲགས།

དེ་ཡང་ཇོ་ཁང་ནས་སྤྲང་པོ་ཚུར་བཏོན་རྗེས་ཕལ་ཆེར་ཀླུ་སྦུག་ཏུ་གུར་བརྒྱབ་སྟེ་འཚོ་སྡོད་དང༌། ཕྱིས་སུ་མཚམས་ཁུང་བཙུན་དགོན་གྱི་ཉེ་འདབས་སུ་གནས་སྤོས་ཏེ་ཟས་སློང་གི་འཚོ་བ་བསྐྱལ་གྱི་ཡོད་ཅིང༌། ལོ་རྒྱུས་ཐོག་རགས་བརྒྱབ་པ་ཚོར་རགས་བརྒྱབ་པའི་དཔོན་པོ་དང་རགས་བརྒྱབ་པའི་ཨ་མ༑ པིང་བརྡུང་བ་བཅས་སྒྲིག་གཞི་ཅུང་ཆ་ཚང་བ་ཞིག་ཡོད་པ་དང༌། རགས་བརྒྱབ་པ་ཚོ་སྤྲང་པོ་རེ་འགའ་བ་དང་མི་འདྲ་བ་ནི་ཁོ་ཚོ་ཟས་སློང་བར་འགྲོ་དུས་ཞྭ་མོ་འབོག་ཏོ་གྱོན་ཏེ་འགྲོ་ཞིང༌། སྒྲིག་འཛུགས་དེའི་རྣམ་པའི་ཐོག་ནས་ཁོ་ཚོ་རགས་བརྒྱབ་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་མིན་རགས་བརྒྱབ་པར་རགས་དུར་ཁྲོད་དང་རགས་བརྒྱབ་བཙན་ཁང་བཅས་ཡོད་པ་ནི་ད་ལྟའི་ཆར་ཇོ་ཁང་གི་ཤར་ལྷོའི་མཚམས་ཨ་ནེའི་མཚམས་ཁུང་ནས་བྱང་ངོས་སུ་ཅུང་ཙམ་ཕྱིན་ན་ཀུན་བཟང་རྩེ་ཞེས་པའི་ཁང་པ་གནས་ས་དེར་ཡོད་པར་བཤད་ལ། དེང་སྐབས་ཁྱིམ་ཚང་གི་ངོ་བོར་གནས་ཡོད་པ་བཅས་སོ།།

ང༽ གཡུ་ཐོག་བཙན་ཁང་ལྷ་སའི་ས་གནས་གང་དུ་ཡོད་མེད་དང༌། དུས་ནམ་ཞིག་ལ་སུས་ཕྱག་བཏབ་མིན། ག་དུས་གཏོར་བཤིག་སོང་མིན་བཅས་དཔྱད་གཞིའི་ཡིག་ཆ་ལག་སོན་མ་བྱུང་བས་འདིར་ཞིབ་ཕྲ་བཀོད་ཐབས་བྲལ། བཙན་ཁང་དེ་ཉིད་ཀྱི་མཚན་གྱི་ཐོག་ནས་བལྟས་ན་གཡུ་ཐོག་ཟམ་པ་དང༌། ཡབ་གཞིས་གཡུ་ཐོག་གང་རུང་གི་ཉེ་འཁྲིས་སུ་མེད་དམ་སྙམ་མོད། དེང་སྐབས་གཡུ་ཐོག་ཟམ་པའི་གཡས་གཡོན་དུ་གཡུ་ཐོག་བཙན་ཁང་ཟེར་བ་ཞིག་མིག་གི་མཐོང་རྒྱུ་མི་འདུག་ཅིང༌། དེ་ཁུལ་དུ་རྒྱ་ལུགས་ཀྱི་ཁང་པ་གསར་རྒྱག་བྱས་འདུག་སྟབས། གཡུ་ཐོག་བཙན་ཁང་དེ་ཉིད་མིང་གི་ལྷག་མར་གྱུར་ཟིན་ནམ་སྙམ་མོ།།

སོ་ལྔ། ལྷ་སའི་ཡཱ་མོན་ཁག་བཞི། གངས་ལྗོངས་ལྷ་ལྡན་དུ་ཡོད་པའི་ཡཱ་མོན་བཞི་ནི། གར་གླིང་ཡཱ་མོན་དང༌། མེ་སྐྱིད་ཡཱ་མོན། གྲྭ་བཞི་ཡཱ་མོན། ཁྲོམ་གཟིགས་སྒང་བཅས་བཞི་ཡིན། དེ་ཡང་ཡཱ་མོན་ཞེས་པ་ནི་སྔར་མན་ཇུ་གོང་མའི་སྐབས་ཀྱི་བོད་སྡོད་སྐུ་ཚབ་ཨམ་བན་ཀྱི་སྡོད་གནས་ཀྱི་ཁང་པའི་མིང་ལ་བརྗོད་ཅིང༌། དེ་ཡང་དུང་དཀར་ཚིག་མཛོད་ལས། གོང་མ་ཁང་ཤིས་ཁྲི་ལོ་ཞེ་བརྒྱད་པ་རབ་བྱུང་བཅུ་གཉིས་པའི་ས་གླང་ ༡༧༠༩ ལོ་ནས་བོད་སྡོད་ཨམ་བན་གཏོང་འགོ་ཚུགས་ཚུལ་རྒྱུ་མཚན་དང་བཅས་པ་བཀོད་འདུག་པ་དེ་ནི་བཀས་མངགས་ཨམ་བན་རྣམས་བོད་སྡོད་ཨམ་བན་ཡིན་པའི་དབང་དུ་བཏང་ནས། གོང་མ་ཁང་ཤིས་ཁྲི་ལོ་ཞེ་བརྒྱད་པ་ས་གླང་ ༡༧༠༩ ལོ་ནས་མན་ཆིང་རྒྱལ་རབས་ཀྱི་གོང་མ་ཐ་མ་ཧཕུ་ཡིས་ཤོན་ཐུང་ཁྲི་ལོ་གསུམ་པ་ལྕགས་ཕག ༡༩༡༡ བར་ལོ་ཉིས་བརྒྱ་བཅུ་མེད་གཉིས་རིང་ཨམ་བན་གཏོང་ཐེངས་བརྒྱ་དང་བཞི་བཅུ་ཞེ་བརྒྱད་བྱུང་བ་དང༌། དེའི་ནང་བློན་ཆེན་ངོ་མའི་གྲས་བརྒྱ་དང་བཅུ་མེད་གསུམ། དེ་འཕྲོས་རྣམས་བློན་ཆེན་གཞོན་པ་ཡིན་པ་སོགས་འཁོད་འདུག བོད་ཡིག་གི་གཞུང་ཡིག་ནང༌། མན་མིང་གོང་མ་ཡུང་ཀྲེང་ཁྲི་ལོ་ལྔ་པ་མེ་ལུག ༡༧༢༧ ལོར་བཀའ་བློན་ང་ལུམ་སྦྱར་གསུམ་གྱིས་དའི་ཆིང་སྦ་དུར་བསད་པ་དང༌། དབུས་གཙང་དུས་ཟིང་རྗེས་བོད་ལྗོངས་སུ་ཨམ་བན་སེང་གེ་ངལ་བོད་སྡོད་ཨམ་བན་དུ་བསྐོ་གཞག་གནང་བ་ནས་འགོ་ཚུགས་ཞེས་གསལ་ཡོད།

ཕྱི་ལོ་ ༡༧༥༠ ལོར་བོད་སྡོད་ཨམ་བན་སོགས་རྒྱ་རིགས་རྣམས་བོད་ནས་ཕྱིར་འབུད་བཏང་ཡོད་ལ། དེ་རྗེས་ཕྱི་ལོ་ ༡༩༡༡ ལོར་སུན་ཀྲུང་ཧྲན་གྱིས་འགོ་ཁྲིད་གནང་བའི་གསར་བརྗེའི་ལས་འགུལ་གྱིས་མན་ཆིང་གོང་མའི་སྲིད་གཞུང་གཏོར་ནས་ཀྲུང་ཧྭ་མིན་གོའི་སྲིད་གཞུང་བཙུགས་པས་བོད་སྡོད་ཨམ་བན་ཡང་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། ཞིབ་ཕྲ་ལོ་རྒྱུས་ཁུངས་མ་རྣམས་སུ་གཟིགས་པར་འཚལ།

ཀ༽ གར་གླིང་ཡཱ་མོན་ནི། རྡོ་རིང་པཌཎི་ཏའི་རྟོགས་བརྗོད་ནང་སྔོན་དུས་ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་ཀླུ་སྦུག་གི་ས་ཆར་གླིང་ཁ་ཆེན་པོ་ཞིག་ཡོད་པ་དེར་བོད་སྡོད་ཨམ་བན་གྱི་ལས་ཁུངས་ཚུགས་ཡུལ་ཡིན་པ་རྗེས་སུ་རྡོ་རིང་གཟིམ་ཤག་རྒྱ་བསྐྱེད་སྐབས་དེ་ཡཱ་མོན་རྙིང་པ་དང་ས་བརྗེས་བརྒྱབ་པ་ཡིན་ཚུལ་གསལ་བ་དང༌། ཀླུ་སྒུག་ལྕང་ཆུང་སྒོར་མོ་ཞེས་པ་ནི། སྔོན་དུས་རྡོ་རིང་བསྟན་འཛིན་དཔལ་འབྱོར་སྐུ་ན་ཕྲ་སྐབས་རྡོ་རིང་གི་འཁྲིས་སུ་ཀླུ་སྒུག་གླིང་ཁ་ཆུང་ངུ་ཞིག་ཡོད་པ་དེ་བོད་བཞུགས་ཨམ་བན་གྱི་ཡཱ་མོན་སྡོད་ཁང་དུ་བླངས་པའི་ཚབ་ལ་ཡཱ་མོན་རྙིང་པ་བསམ་གྲུབ་ཁང་གསར་རྡོ་རིང་ལ་བྱུང་ཚུལ་རྡོ་རིང་པཌཎི་ཏའི་རྣམ་ཐར་ནང་གསལ།

ཁ༽ མེ་སྐྱིད་ཡཱ་མོན་ཞེས་པ་ནི། དེང་སྐབས་བོད་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་དུ་ཡོད་པའི་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་མདུན་ངོས་ ༼དེང་སྐབས་དམག་ཁུལ་ཁང་གི་སྣེ་ལེན་ཁང་གཉིས་པ་གནས་ཡུལ།༽ སུ་སྔ་དུས་མེ་ཏོག་སྐྱིད་ཚལ་ཞེས་པའི་ལྕང་གསེབ་དང་མེ་ཏོག་ལྡུམ་ར་ཡོད་པའི་ས་ཆ་དེ་དག་སྡེ་དཔོན་དགའ་བཞིའམ་རྡོ་རིང་པཌཎི་ཏས་དོ་དམ་བྱེད་ཅིང༌། བར་སྐོར་གྱི་ནུབ་ཏུ་ཡོད་པའི་རྡོ་རིང་གི་ཁང་པའི་ལྷོ་ངོས་སུ་ཨམ་བན་གྱི་སྐུ་སྲུང་དམག་མི་སྡོད་ས་ཞིག་ཡོད་པ་དེ་གཉིས་ས་བརྗེས་བརྒྱབ་སྟེ་ཀླུ་སྦུག་ཏུ་ཨམ་བན་གྱི་ཡ་མོན་གསར་རྒྱག་བྱས་ཤིང༌། དེ་གར་མེ་སྐྱིད་མ་ཡོན་ཞེས་འབོད། དམག་སྒར་སོགས་གཞི་ཁྱོན་ཆེ་བ་ཡོད་ཐོག་ནུབ་བྱང་དུ་ཚལ་ཞིང་ཡང་རྒྱ་ཆེ་ཙམ་ཡོད། གཞུང་སྒོ་ཤར་ལྟ་ཡིན་པའི་སྒོ་འགྲམ་དུ་རྡོའི་སེང་གེ་གཉིས་ཡོད་སྟབས་ལམ་གྱི་མིང་ལ་རྡོ་སེང་གེ་ལམ་ཞེས་པ་དེ་ནས་ཐོགས་པ་དང༌། དེང་སང་ཡང་རྡོ་སེངྒེ་ལམ་ཞེས་འབོད་མུས་ཡིན།

ག༽ གྲྭ་བཞི་ཡཱ་མོན་ནི། ལྷ་སའི་ཉེ་འདབས་གྲྭ་བཞི་རྒྱུད་དུ་དེ་སྔ་ཨམ་བན་གྱི་ཡཱ་མོན་ལས་ཁུངས་དང་དམག་སྒར་སོགས་གཞི་ཁྱོན་ཆེ་ཙམ་ཡོད་པ་དེ་ནི་རབ་བྱུང་ ༡༢ པའི་ཆུ་གླང་སྤྱི་ལོ་ ༡༧༣༣ ལོར་མི་དབང་ཕོ་ལྷ་བས་གོང་མ་ཡུང་ཀྲིར་སྙན་ཞུ་ཕུལ་བའི་ལན་དུ་ཕེབས་པ་ལྟར་གྲྭ་བཞིའི་ཐང་དུ་ཁང་པ་གསར་རྒྱག་བྱས་ནས་ལྷ་སར་བཅའ་སྡོད་དམག་ཅིའུ་ཏ་ལོ་ཡེ་ཞེས་པ་སོགས་དཔུང་དམག་ལྔ་བརྒྱ་དང་བཅས་པ་དེ་གར་སྤོས་པ་ནས་བཟུང་གྲྭ་བཞི་ཡཱ་མོན་དང༌། གྲྭ་བཞི་དམག་སྒར་ཞེས་པ་དེ་ནས་བྱུང༌། སྔར་ལྷ་ས་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་གྲྭ་བཞི་དང༌། ཕྱོགས་གཅིག་ལ་བོད་པའི་དམག་སྒར། ཕྱོགས་གཅིག་ལ་གྲྭ་བཞི་བརྟན་བཞུགས་དགོན་ཡོད་ས་དེ་བརྒྱུད་ལ་གྲོང་སྨད་གྲྭ་བཞི་ཟེར། གྲྭ་བཞི་ཡཱ་མོན་ནི་དེང་སང་གྲྭ་བཞི་གྲོང་ལྷན་གྱི་ཞིང་པའི་གཡུལ་ཁ་ཡོད་ས་དེར་རྡོ་རིང་ལེབ་མོ་རྒྱ་ཡིག་བརྐོས་པ་གཉིས་ཡོད་པའང་རིག་གནས་གསར་བརྗེའི་བར་ཉམས་མེད་ཡོད་སྐད། གྲྭ་བཞི་ཡཱ་མོན་དང༌། གྲྭ་བཞི་དམག་སྒར། གྲྭ་བཞི་གློག་འཕྲུལ་ལས་ཁུངས། གྲྭ་བཞི་རྩིས་བཤེར་སོགས་གྲྭ་བཞི་བརྟན་བཞུགས་དགོན་པའི་གཡས་གཡོན་དུ་ཆགས་པས་མིང་དེ་ལྟར་ཐོགས་པར་གྲགས།

ང༽ ཁྲོམ་གཟིགས་ཁང་ནི། མཛཉུ་གོང་མའི་ཨམ་བན་བཞུགས་ས་ཡིན། རྒྱ་ནག་གོང་མའི་སྐུ་ཚབ་ཨམ་བན་བོད་ལ་གཏོང་བའི་སྲོལ་དེ་ཡང་ཐོག་མར་སྤྱི་ལོ་ ༡༧༢༧ ལོ་ནས་བྱུང་ཞིང༌། དུས་དེ་ནས་བཟུང་ལོ་ངོ་ ༡༨༣ གྱི་དུས་ཡུན་ནང་མཛཉུ་གོང་མས་སྔ་རྗེས་སུ་བོད་ལ་ཨམ་བན་བཞུགས་གནས་གོང་གསལ་ཁག་བཞི་ཙམ་བྱུང་རུང༌། ད་ལྟ་དངོས་སུ་སྤྱན་ལམ་དུ་རིག་རྒྱུ་ཡོད་པ་ནི་ཁྲོམ་གཟིགས་ཁང་ལས་མེད། དེ་ཡང་ཐོག་མར་ལྷ་སའི་ཁྲོམ་ར་གྲགས་ཅན་ཞིན་ཡིན་སྐད།

དེ་ཡང་ཁྲོམ་གཟིགས་ཁང་ནི་རྒྱལ་པོ་ལྷ་བཟང་གི་ཕོ་བྲང་ཡིན་པ་དང༌། དེ་སྔོན་ལྷ་སའི་བར་སྐོར་གྱི་བྱང་རྒྱུད་དུ་ཡོད་པའི་ཁང་པ་ཆེན་པོ་སྤེན་བད་ཡོད་པ་ཞིག་སྟེ། སྔར་བོད་སྡོད་ཨམ་བན་གྱི་ལས་ཁུངས་ཡཱ་མོན་ཚུགས་ས་བྱེད་ཀྱི་ཡོད། ཁང་པ་དེའི་ནང་རབ་བྱུང་ ༡༣ པའི་ལྕགས་རྟ་སྤྱི་ལོ་ ༡༧༥༠ ལོའི་ཟླ་ ༡༠ ཚེས་ ༡༣ ཉིན་བོད་བཞུགས་ཨམ་བན་ཧཕུ་ཆིན་དང༌། ལབ་ཏུན་གཉིས་ཀྱིས་མི་དབང་ཕོ་ལྷ་བའི་སྲས་ཝང་འགྱུར་མེད་རྣམ་རྒྱལ་གསོལ་སྟོན་ལ་གདན་དྲངས་ནས་གློ་བུར་རལ་གྲི་བསྣུན་ཏེ་ལྐོག་གསོད་བྱེད་ས་དེ་ཡིན། ཝང་འགྱུར་མེད་རྣམ་རྒྱལ་གྱི་རྗེས་འབྲངས་པ་མགྲོན་གཉེར་བློ་བཟང་བཀྲ་ཤིས་སོགས་ནས་གནས་ཚུལ་དེ་མཐོང་འཕྲལ་ཨམ་བན་གྱི་སྡོད་གནས་ཁྲོམ་གཟིགས་ཁང་མཐའ་བསྐོར། དམག་འཐབ་ཆུ་ཚོད་འགའ་ཞིག་བྱས་མཐར་ཨམ་བན་ཧཕུ་ཆིན་དང་ལས་རོགས་ལབ་ཏུན་དམར་གསོད་བཏང༌། སྐུ་སྲུང་བ་དང་ཞབས་འབྲིང་མི་གྲངས་བརྒྱ་ལྷག་ཙམ་དུས་གཅིག་ཏུ་ཁྲོམ་གཟིམས་ཁང་གི་ཉེ་འགྲམ་དུ་བཀྲོངས་པས་ས་ཆ་དེར་ཕྱིས་རྒྱ་འབུམ་སྒང་ཞེས་མིང་ཆགས། འདི་སྐོར་ཞིབ་ཕྲ་ལྷ་སའི་སྒང་བཞིའི་སྐབས་སུ་གསལ་བས་དེར་གཟིགས་པར་འཚལ།

ཁྲོམ་གཟིགས་ཁང་ནི་དེང་སང་ཁྲོམ་གཟིགས་ཁང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཁོངས་ཡིན་ལ། ཉེ་རབས་ལྷོ་ངོས་བར་སྐོར་གྱི་ཕྱོགས་རང་འཇགས་ལས་ཕྱོགས་གཞན་རྣམས་གཏོར་བཤིག་གིས་རྒྱ་ལུགས་ཁང་པ་གསར་རྒྱག་བྱས་ཡོད་ཅིང༌། སྔར་གྱི་ཁྲོམ་གཟིགས་ཁང་གི་ཁང་ཁུངས་གཏོར་བཤིག་བྱེད་སྐབས་དེ་ཁུལ་ནས་ལོ་རྒྱུས་ཅན་གྱི་རྡོ་རིང་ཐོན་པ་རྒྱ་གཞུང་ནས་གསང་བ་དམ་པོས་བདག་ཉར་འོར་འདྲེན་བྱས་པ་དང༌། སྐབས་དེར་རྒྱ་མི་ལས་བཟོ་པ་འགའ་ཞིག་གློ་བུར་དུ་ཤི་སྐྱོན་བྱུང་བ་སོགས་ཡ་མཚན་ཅན་གྱི་གནས་ཚུལ་འགའ་ཞིག་བྱུང་བ་དེ་ཁུལ་གྱི་མང་ཚོགས་ལ་གསུང་རྒྱུ་འདུག་ཅིང༌། ཁྲོམ་གཟིགས་ཁང་དུ་དེང་སྐབས་དེ་ཁུལ་གྱི་གྲོང་མི་སོགས་གནས་སྡོད་བྱེད་མུས་ཡིན།།

སོ་དྲུག ལྷ་སའི་རགས་ཆེན་བཞི།

ལྷ་སའི་རགས་ཆེན་བཞི་ནི། ཤར་དུ་ཇོ་བོ་རགས་ཆེན་དང༌། ལྷོ་རུ་ཐོག་བརྩེགས་རགས་ཆེན། ནུབ་ཏུ་ཆོས་རྒྱལ་རགས་ཆེན། བྱང་དུ་བྱེ་མའི་རགས་ཆེན་བཅས་བཞི་ཡོད་པ་ལས།

༡ ཤར་དུ་ཇོ་བོ་རགས། གནས་ཡུལ་ལྷ་ས་སྐྱིད་ཆུའི་ཟམ་ཆེན་གྱི་ཉེ་འགྲམ། ༢ ལྷོ་རུ་ཐོག་བརྩེགས་རགས། གནས་ཡུལ་དེ་སྔོན་ཕྱག་མཛོད་གླིང་ཁའི་རྒྱུད། ༼དེང་བོད་དམག་ཁུལ་ཁང་གི་ཤར་ངོས་འགྲུལ་སྐྱེལ་རླངས་འཁོར་བབས་ཚུགས་གནས་ཡུལ།༽ ༣ ནུབ་ཏུ་ཆོས་རྒྱལ་རགས། གནས་ཡུལ་རྒྱ་མཚོ་སྨད། ༤ བྱང་དུ་བྱེ་མའི་རགས། གནས་ཡུལ་སེ་ར་དགོན་པའི་ཕྱོགས་སུ་ཡོད།

ཀ༽ ཤར་གྱི་ཇོ་བོ་རགས་ཁ་ནི། ལྷ་སའི་ཤར་ངོས་སྐུ་འབུམ་ཐང་གྲོང་ཚོའི་འགྲམ་གྱི་སྐྱིད་ཆུའི་རགས་སྟེང་གི་ཇོ་བོ་རགས་ཁ་ནི། དུས་རབས་བརྒྱད་པའི་ནང་གཙང་ཆུ་ཤོར་ནས་ལྷ་སར་ཆུ་ཉེན་ཤིན་ཏུ་ཆེ་བ་བྱུང་སྟབས་ཉང་ཉི་མ་འོད་ཟེར་གྱིས་རྫུ་འཕྲུལ་གྱིས་རགས་རྡོ་གྱེན་ལ་འདེད་དེ་ཇོ་རགས་ཐོག་མར་བསྐྱོན་པ་དང༌། དེ་རྗེས་ཞིག་པོ་བདུད་རྩིས་ཆུ་རགས་ཞབས་འདེགས་ལན་བཞི་མཛད་ཀྱང་མཚན་གྱི་ཆ་ནས་རྟེན་འབྲེལ་མ་འགྲིགས་པའམ་ཕན་རླབས་དེ་ཙམ་མ་བྱུང་སྐད།

དུས་རབས་བཅུ་གཉིས་པའི་ནང་གུང་ཐང་བླ་མ་ཞང་གི་སློབ་མ་ལྷ་རྗེ་དགེ་བ་འབུམ་གྱིས་ཆུ་རགས་ལ་ཞིག་གསོ་གནང་བ་མ་ཟད། སྐུ་གཤེགས་པའི་ཚེ་སྐུ་སྨད་རགས་རྡོའི་དཀྱིལ་དུ་བཞུགས་པར་གྲགས་ལ། སྐུ་གདུང་ཡང་ཆུ་རགས་ཀྱི་འགྲམ་དུ་མཆོད་རྟེན་བཞེངས་པའི་ནང་བཞུགས་སུ་གསོལ་བས་སྐུ་འབུམ་ཐང་མཆོད་རྟེན་ཞེས་གྲགས། ཆུ་རགས་ཀྱི་ཁ་དེར་རྡོ་སྤུངས་ཆེན་པོ་ཞིག་ཡོད་པ་དེར་ཇོ་བོ་རགས་ཁ་ཟེར་ཞིང༌། དེ་ནི་དུས་རབས་བཅུ་དྲུག་པའི་ནང་ལྷ་སར་ཆུ་ཉེན་ཆེན་པོ་བྱུང་སྐབས་ྋརྒྱལ་མཆོག་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་རྗེས་འབྲེལ་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པ་རྣམས་ལ་སྐུལ་སློང་གིས་ལོ་ལྟར་ཆུ་རགས་ཉམས་གསོར་རགས་རྡོ་སྐྱེལ་བའི་སྲོལ་བཏོད་པའི་རགས་རྡོ་བྱིན་ཅན་དེ་ཉིད་ཡིན།

དུས་དེ་ནས་བཟུང་ཇོ་བོ་རགས་གསོ་ཞེས་ལོ་ལྟར་བོད་ཟླ་ ༡ ཚེས་ ༢༥ ཉིན་སྨོན་ལམ་ཆེན་མོར་ཚོགས་བཞུགས་ཀྱི་དགེ་འདུན་པ་རྣམས་ནས་རང་མོས་ཀྱིས་བཅོ་ལྔ་མཆོད་པའི་འཚོ་འཛིན་ཁོག་རྡོ་ཉོས་ཏེ་ཇོ་བོ་རགས་རྒྱག་ཏུ་རགས་རྡོ་ཁ་གསོས་སྐྱེལ་བ་དང༌། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་རབ་གནས་སུ་ཕེབས་རྒྱུ་བཅས་དེ་སྐབས་ཐོག་མར་སྲོལ་གཏོད་པ་དེ་ཡིན།

ཁ༽ ལྷོ་ཡི་ཐོག་བརྩེགས་རགས་དང༌། ག༽ ནུབ་ཀྱི་ཆོས་རྒྱལ་རགས་གཉིས་ཀྱི་ས་གནས་དང༌། ཇི་ལྟར་བྱུང་མིན། དེང་སྐབས་གནས་སྟངས་ཇི་ཡིན་བཅས་ཀྱི་དཔྱད་གཞིའི་ཡིག་ཆ་མ་རྙེད་ཁར། བགྲེས་སོང་རྣམས་ལའང་གསུང་རྒྱུ་མི་འདུག་སྟབས། སྐབས་འདིར་གྲངས་འདྲེན་ཙམ་ལས་ཞིབ་ཕྲའི་ལོ་རྒྱུས་བཀོད་མ་ཐུབ་པས་གཟུར་གནས་མཁྱེན་ལྡན་རྣམས་པས་ཆད་པ་ཁ་སྐོང་གནང་སྐྱོང་འཚལ་ཞེས་ཞུའོ།།

ང༽ བྱང་གི་བྱེ་རགས་ནི། ལྷ་སའི་བྱང་ངོས་གླང་ཆེན་རི་ཟུར་ནས་འགོ་ཚུགས་པའི་བྱེ་རགས་དེ་ནི་དོག་སྡེའི་ཕུ་ཆུ་དེ་སེ་ར་དགོན་པའི་ལྷོ་ངོས་ནས་ནུབ་ཏུ་རྒྱུགས་འགྲོ་བའི་རྒྱུད་ལ་བྱེ་མའི་རགས་ཤིག་ཡོད་པ་དེ་ནི་ལོ་ལྟར་དོག་སྡེའི་ཕུ་ཆུ་རྒྱས་ནས་ལྷ་སའི་གྲོང་ཁུལ་དུ་གནོད་འཚེ་བཟོ་བ་འགོག་ཕྱིར་ཡུར་བུའི་ནང་གི་བྱེ་མ་རྣམས་གཡས་གཡོན་དུ་སྤུངས་པ་ལས་ཆགས་པ་ཞིག་ཡིན།

སྐབས་འགར་གྲོང་ནང་ཆུའི་གནོད་འཚེ་མི་འབྱུང་ཆེད་བྱེ་རགས་ཀྱི་བྱང་ངོས་གཤག་ནས་ཆུ་གློད་སྟབས་ཚེས་གསུམ་ཐང་རྒྱུད་ཀྱི་ཞིང་ཁ་བྱེ་མས་མནན་པའི་ལོ་རྒྱུས་ཀྱང་བྱུང་མྱོང་ཡོད་ཅིང༌། མཐར་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་སྤྱི་ལོ་ ༡༩༧༥ ལོར་བྱེ་རགས་རྩ་བཅོས་བྱས་ཏེ་ཤར་གླང་ཆེན་རི་ཟུར་ནས་ནུབ་བྲག་རི་ཁུག་མདུན་གྱི་འདམ་རའི་སྣེ་བར་ཁ་ཞེང་ཆེ་ལ་གཏིང་ཟབ་པ་དང༌། གཡས་གཡོན་དུ་རྡོ་ཆེན་གྱི་རགས་དང་མཐིལ་དུ་རྡོ་བཅལ་བཏིང་ཐོག་གླང་ཆེན་རི་ཟུར་གྱི་ནུབ་ངོས་སུ་བྱེ་མ་འཁྱིལ་སའི་རྫིང་སོགས་བཟོས་པ་མ་ཟད། དེང་སྐབས་དེ་སྔའི་བྱེ་རགས་ཀྱི་རྒྱུད་དུ་ཁང་པ་མང་པོ་གསར་བསྐྲུན་དང༌། གླིང་ཁ་སོགས་ཀྱིས་མཛེས་པར་བྱས་པ་སོགས་ཀྱིས་སྔར་གྱི་བྱེ་རགས་ཀྱི་རྣམ་པ་དེ་དག་དེང་སྐབས་མིག་གིས་མཐོང་ལམ་མེད་པར་གྱུར་ཟིན་ཡོད།།

སོ་བདུན། ལྷ་སའི་ཟམ་པ་བཞི། ལྷ་ལྡན་གྲོང་ཁྱེར་གྱི་བཙོག་ཆུ་རྣམས་རྒྱུགས་ཡུལ་ས་འོག་ཏུ་ཆུ་ཡུར་འགའ་ཞིག་ཡོད་པར་དེ་དག་རྒྱུགས་སའི་ལྷ་སའི་གྲགས་ཅན་གྱི་གནའ་བོའི་ཟམ་པ་བཞི་ཡོད་པ་ནི། གཡུ་ཐོག་ཟམ་པ་དང༌། སྨོན་གྲོང་ཟམ་པ། འདོད་འཇོ་ཟམ་པ། སྐལ་བཟང་ཟམ་པ་བཅས་བཞི་ཡོད་པ་ལས། ༡ འདོད་འཇོ་ཟམ་པ༑ གནས་ཡུལ་ལྕགས་པོ་ ༼ ལྕོག་རིལ།༽ རིའི་མདུན། ༢ སྐལ་བཟང་ཟམ་པ། གནས་ཡུལ་བོད་དམག་ཁུལ་ཁང་གི་ནུབ་སྒོའི་ཉེ་འགྲམ། ༣ སྨོན་གྲོང་ཟམ་པ། གནས་ཡུལ་ལྷ་ས་གྲོང་ཁྱེར་སྨན་ཁང་ ༼མཌཎལ་སྦུག༽ གི་ཉེ་འགྲམ། ༤ གཡུ་ཐོག་ཟམ་པ། གནས་ཡུལ་གཙུག་ལག་ཁང་གི་མདུན་ཐད་མི་རིང་བའི་གཡུ་ཐོག་ལམ་ཟུར་དུ་གནས་ཡོད་པ་ལས།

ཀ༽ གཡུ་ཐོག་ཟམ་པ་ནི། ལྷ་ལྡན་གཙུག་ལག་ཁང་གི་མདུན་ཐད་མི་རིང་བའི་སར་གཡུ་ཐོག་ལམ་གྱི་ལྷོ་ངོས་སུ་ཡོད་ཅིང༌། དེ་ནི་སྔར་ལྷ་ས་དང་ཞོལ་བར་གྱི་འགྲུལ་ལམ་གཙོ་བོ་ཞིག་ཡིན་ཞིང༌། རྫ་གོ་གཡུ་རྩིའི་རྒྱ་ཕིབས་ཅན་གྱི་ཐོག་ཅན་ཟམ་པ་དེའི་རིང་ཚད་ལ་སྤྱི་ཁྲེ་ ༢༨།༣ དང༌། ཞེང་ཚད་ལ་སྤྱི་ཁྲེ་ ༦།༥ ཟམ་མིག་ལྔ་ཡོད་པའི་སྟེང་དུ་མཐོ་ཚད་ལ་སྤྱི་ཁྲེ་ ༣ ཡན་ཡོད་པའི་རྡོ་རྩིག་དང༌། ཟམ་མིག་སྟེ་ཤར་ནུབ་ཏུ་བར་སྟོང་ལྔ་རེ་ཡོད་པའི་བར་བར་ན་རྒྱུགས་སྒྲོམ་ཡོད་པ། རྩིག་ཐོག་ཏུ་གདུང་མ་དགུའི་སྟེང་ནས་རྒྱ་ཕིབས་ཀྱི་སྒྲོམ་བཟོས་ཡོད། དེའི་བཟོ་རྩལ་ནི་བོད་རྒྱའི་ལག་རྩལ་ཟུང་སྦྲེལ་བྱས་པ་ཞིག་ཡིན།

ཟམ་འོག་དེར་དེ་སྔ་ལྷ་སའི་གྲོང་ནང་གི་རྫབ་ཆུ་ཕལ་ཆེར་འདུ་ཞིང༌། གདུང་མ་དཀྱིལ་མའི་ངོས་སུ་ལྕགས་ཀྱི་ཨ་ལོང་ཞིག་ཡོད་པ་དེ་ལྷ་སའི་སྣང་རྩེ་ཤག་དང༌། ཞོལ་པ་ལས་ཁུངས་ཀྱི་ཁྱབ་ཁོངས་དབྱེ་བ་ཡིན་སྐད། ཟམ་པ་དེ་དམངས་ཁྲོད་དུ་རྒྱ་བཟའ་ཀོང་ཇོས་བསྐྲུན་པ་རེད་ཟེར་ཡང་རི་མོ་རྙིང་མ་ཚད་ལྡན་རྣམས་སུ་གཡུ་ཐོག་ཟམ་པ་མི་གསལ་ལ། ཀོང་ཇོས་བསྐྲུན་སྐོར་ལོ་རྒྱུས་ཡིག་ཆར་དེ་བས་མི་སྣང་ངོ༌།།

ཡང་ལ་ལས་དེ་ནི་དུས་རབས་བཅོ་བརྒྱད་པའི་ནང་ཆིང་རྒྱལ་རབས་ཀྱི་བོད་བཞུགས་ཨམ་བན་ཞིག་ནས་བསྐྲུན་སྐད་འདུག་པ་དེ་ཁུངས་དག་པར་སེམས་ལ། བོད་ཀྱི་སྲིད་དོན་རྒྱལ་རབས་ལས་མན་ཇུའི་ཨམ་བན་ཞིག་གིས་ལྷ་ས་དང༌། ཞོལ་གྱི་བར་ཆུ་ཆེན་ལ་དབྱར་དུས་རྒྱུ་འགྲུལ་དཀའ་བས་རྒྱང་གྲགས་ལྔ་ཡོད་པའི་གཡུ་རྩིའི་རྒྱ་ཕིབས་ཅན་གྱི་ཟམ་ཆེན་བསྲ་བརྟན་ཡིད་དུ་འོང་བ་ཞིག་རྒྱ་བོད་མཆོད་ཡོན་འབྲེལ་བ་གོང་འཕེལ་འབྱུང་ཆེད་རྒྱབ་ཚུལ་གྱི་གོང་མའི་མཛོད་ནས་རྒྱ་དངུལ་སྲང་ཁྲི་ཕྲག་མང་པོ་བླངས་པ་རྗེས་སུ་རྫུན་ཁུངས་བརྡོལ་དེ་ཨམ་བན་ཁྲིམས་ཐོག་བསད་པའི་ལོ་རྒྱུས་ཤིག་བཤད་སྲོལ་ཡོད་ཅེས་འཁོད།

གཡུ་ཐོག་ཟམ་པའི་སྒང་ལ། །

རྟ་ཕོའི་ཉིན་ལམ་བཅོ་བརྒྱད། །

རྒས་མོ་ང་རང་ཕྱིན་ན། །

ཞོགས་ལམ་གཅིག་གི་ས་རེད། ། ཅེས་པ་ལྟར་དམངས་ཁྲོད་ཀྱི་ངག་རྒྱུན་དུ་གཏམ་བརྒྱུད་འདི་འདྲ་ཞིག་བཤད་སྲོལ་ཡོད་དེ། སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་གཤེགས་རྗེས་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་ཡུལ་དུ་གདན་འདྲེན་ཞུ་སླད་རྒྱ་དམག་བོད་དུ་ཡོང་སྟེ་ལྷ་སའི་གཡུ་ཐོག་ཟམ་པའི་ཉེ་འགྲམ་བར་དུ་འབྱོར་ཞིང༌། སྐབས་དེར་མ་གཅིག་དཔལ་ལྡན་ལྷ་མོ་རྒས་མོ་ཞིག་ཏུ་སྤྲུལ་ནས། རྒྱབ་ཏུ་ཟོམ་ལྷམ་རལ་ཟད་དུ་གྱུར་པ་སླེ་པོ་གང་བསྣམས་ཏེ་གཡུ་ཐོག་ཟམ་པའི་སྟེང་ནས་བྱོན་པས། རྒྱ་དམག་གིས་གཡུ་ཐོག་ཟམ་པ་ནས་ལྷ་ས་བར་ད་དུང་ཇི་ཙམ་བསྐྱོད་དགོས་མིན་དྲིས་པས། དཔལ་ལྷའི་སྤྲུལ་པ་རྒས་མོ་དེས་གོང་གི་ཚིགས་བཅད་དེ་གསུངས་ཤིང༌། འདི་ནས་ལྷ་ས་བར་རྟ་བཞོན་ནས་སོང་ཚེ་ཉིན་མཚན་བཅོ་བརྒྱད་འགོར་ཚུལ་དང༌། རྒས་མོ་རང་ཉིད་ཀྱང་ལྷ་ས་ནས་གཡུ་ཐོག་ཟམ་པ་བར་རྒྱབ་ཀྱི་སླེ་པོའི་ནང་གི་ལྷམ་རྣམས་ཟད་ཟད་ཡོང་བ་མ་ཟད། ད་དུང་རྐང་པར་གྱོན་པའི་ལྷམ་ཡང་ཟད་ལ་ཉེ་ཚུལ་བརྗོད་པས་རྒྱ་དམག་རྣམས་མུ་མཐུད་ལྷ་སར་བསྐྱོད་རྒྱུར་ཡིད་ཐང་ཆད་ནས་ཕྱིར་ལོག་གིས་རྒྱ་དམག་བཟློག་པའི་ངག་རྒྱུན་ལོ་རྒྱུས་འདི་འདྲ་ཞིག་བཤད་རྒྱུན་དུ་ཡོད་པས་བདེན་མིན་དཔྱད་པར་འཚལ་ལོ།།

དེང་སྐབས་ཟམ་པ་དེ་འགྲུལ་ལམ་དུ་གོ་མི་ཆོད་ཀྱང་གྲོང་ཁྱེར་གྱི་གནའ་ཤུལ་སྲུང་སྐྱོབ་བྱ་ཡུལ་གྱི་གྲས་སུ་ཚུད་ཅིང༌། དེང་གཡུ་ཐོག་ཟམ་པའི་ལྷོ་ངོས་སམ་རྒྱབ་ཕྱོགས་དུམ་བཞིའི་ཆ་གཅིག་ཤང་ནའེ་ཨར་ཞེས་པའི་རྒྱ་མིའི་གྱོན་གོས་ཚོང་ཁང་དང༌། བྱང་ངོས་སམ་མདུན་ངོས་བཞི་ཆ་གསུམ་ཁྱད་ལྡན་ཡུལ་ཟོག་ནོར་རིགས་བཟོ་རྩལ་ཕྱག་རྟགས་ཚོང་ཁང་ཞེས་སྒོ་བྱང་ཅན་གྱི་ཚོང་ཁང་བྱེད་བཞིན་ཡོད།

ཁ༽ འདོད་འཇོ་ཟམ་པ་དང༌། ག༽ སྐལ་བཟང་ཟམ་པ། ང༽ སྨོན་གྲོང་ཟམ་པ་ནི་དེབ་ཐེར་ཀུན་གསལ་མེ་ལོང་ལས། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐོག་མར་ལྷ་ལྡན་དུ་གདན་ཞུ་གནང་སྐབས་སྨོན་གྲོང་ཟམ་པ་བརྒྱུད། ཤར་སྐྱ་རེངས་ནས་རྒྱ་བོད་དམག་དཔུང་རུ་བསྒྲིགས་ཏེ་སྤོས་སྣེ་སྤོས་འཛུགས་ཞུས། གསུང་ཆོས་རར་ཕེབས་སྐབས་གནང་ཆུང་འོད་ལྡན་དཀར་པོའང་ཕེབས་བསུར་བཅར་ཞེས་སོགས་འཁོད་པས་སྐབས་དེར་སྨོན་གྲོང་ཟམ་པའི་འོག་ཏུ་རྒྱུགས་ཡོད་པ་རྟོགས་ཐུབ། ཕྱིས་རྒྱུག་ཆུ་མེད་སྟབས་འགྲུལ་ལམ་དུ་གོ་མི་ཆོད་པ་དང་འཛུགས་སྐྲུན་གྱིས་དེང་སྐབས་ས་གནས་ཀྱང་ངོས་འཛིན་དཀའ་ཞིང༌། མིང་གི་ལྷག་མར་གྱུར་ཟིན་ལ། གཞན་ཡང་བཞི་སྡེ་དགའ་ལྡན་བསམ་གཏན་གླིང་གི་མཚན་གཞན་ལ་ཞི་བདེ་ཟམ་བཞི་མ་ཞེས་ཞུ་ཞིང༌། ཟམ་བཞི་མ་ཞེས་པ་ནི། སྔོན་དགོན་དེའི་མཐའ་སྐོར་དུ་ཟམ་པ་བཞི་ཡོད་སྟབས་ཟམ་བཞི་མ་ཞེས་མཚན་ཐོགས་པར་གྲགས་མོད། དེང་སྐབས་ཟམ་པ་དེ་དག་ལས་གཅིག་ཀྱང་མིག་གི་མཐོང་ཡུལ་དུ་གནས་མེད།

གཞན་ཡང་ཤར་ཡུན་རིང་ལྷ་ཁང་གི་བྱང་ངོས་སུ་ཡོད་པའི་ར་མགོ་ཟམ་པ་དང༌། གས་བྱུང་ཟམ་པ། སྐས་ཐུང་ཟམ་པ། ར་མོ་ཆེ་ལམ་གྱི་རྡོ་ཟམ། ཀུ་རུ་ཟམ་པ་བཅས་ཀྱང་དྲངས་སྲོལ་འདུག་པ་ལས། ལྷ་གདོང་ཤན་ཁ་ནི་ཚལ་གུང་ཐང་ཁོངས་ཡིན་ལ་ཤན་ཁའམ་ལྷ་མཐོང་ཤན་ཁ་ཞེས་ཟེར། དེ་སྔ་ལྷ་ས་སྐྱིད་ཆུའི་ལྷོ་བྱང་བར་འགྲུལ་པ་སྐྱེལ་སྒྲོལ་བྱ་སའི་གྲུ་ཁ་གཙོ་བོ་ཞིག་ཡིན་ཅིང༌། དབྱར་དུས་ཟླ་བ་བདུན་རིང་ཀོ་བ་གཏོང་བ་དང༌། དགུན་དུས་ཟླ་བ་ལྔ་རིང་ཤིང་གྲུ་ཤན་རྟ་མགོ་ཅན་གཏོང་གི་ཡོད། ཀོ་གྲུའི་དོ་དམ་རྣམས་སྒེར་ཤན་ཁ་བས་བྱེད་ཅིང༌། ཀོ་གྲུ་སྒྲོལ་སྐབས་གླ་ཆ་ཆེ་ཐོག་དུས་ཐོག་ཏུ་སྒྲོལ་དཀའ་བས་ཆུ་ཁར་སྔ་མོ་ནས་སྒུག་སྡོད་རྒྱུན་རིང་བྱེད་དགོས་སྟབས། ཆུ་མོ་ལྷ་མཐོང་ཤན་ཁའི། །གྲུ་ལ་སྔ་གྲུ་བཏང་ནས། །གནས་ཆེན་པོ་ཏཱ་ལ་རུ༑ ༑ཉི་མ་ཤར་ནས་སླེབས་བྱུང༌། །ཞེས་དམངས་གཞས་བཟོས་ཡོད་པ་དང༌། བོད་རབ་བྱུང་ ༡༦ པའི་ཤིང་རྟ་སྤྱི་ལོ་ ༡༩༥༤ ལོར་ལྷ་ས་ཟམ་ཆེན་སྐྲུན་སྐབས་ལྷ་མཐོང་ཤན་ཁའི་གྲུ་གླ་ཧ་ཅང་འཕར་སྟབས་སྐྱིད་ཆུའི་ལྷོ་བྱང་དུ་འགྲོ་འོང་བྱེད་མཁན་ལ་ཅ་ཟིང་ཚད་མེད་བཟོས་ཤིང༌། ཟམ་པ་ལེགས་གྲུབ་བྱུང་རྗེས་ཀོ་གྲུར་བརྟེན་མི་དགོས་སྟབས་ཀོ་གྲུའི་བདག་པོའི་བཟའ་སྒོ་འགག་ནས་ཁ་ལ་ཀུ་རུ་བརྒྱབ་སྟབས་རྒྱུ་མཚན་དེ་ལ་བརྟེན་ནས་ལྷ་ས་སྐྱིད་ཆུའི་ཟམ་ཆེན་ལ་ཀུ་རུ་ཟམ་པ་ཞེས་མིང་ཐོགས་པ་ཡིན།

 

སོ་བརྒྱད། ལྷ་སའི་ཆུ་མིག་བཞི། སྔར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང༌། ཚོགས་མཆོད་ཆེན་མོ་གཉིས་ཀྱི་སྐབས་སུ་ཚོགས་ཆུ་ཁག་གཅིག་གཙང་པོ་ནས་ལྕགས་དོང་ནང་འདྲེན་པ་ཙམ་ལས། དེ་བྱིངས་འཐུང་རྒྱུ་ཕལ་མོ་ཆེ་ཁྲོན་པ་ལས་ལེན་བཞིན་ཡོད་ལ། དེ་ཡང་ལྷ་སའི་གཙུག་ལག་ཁང་གི་ཕྱོགས་བཞིར་ཆུ་མིག་བཞི་ཡོད་ལུགས་བརྗོད་སྲོལ་ཡོད་པའི་གྲགས་ཅན་གྱི་ཆུ་མིག་བཞི་ནི། གཏུན་ཁུང་ཆུ་མིག་དང༌། ལྐུགས་པ་ཆུ་མིག རྒྱ་ནག་ཆུ་མིག ཁང་དཀར་ཆུ་མིག་བཅས་བཞི་ཡིན། ཀ༽ གཏུན་ཁུང་ཆུ་མིག་ནི། གནས་ཡུལ་ཁྲོམ་གཟིགས་ཁང་གི་ནུབ་ངོས་སུ་ཡོད་ཅིང༌། དེང་ཁྲོམ་གཟིགས་སྒང་གྲོང་ལྷན་ཁང་ཁོངས་ཡིན། ཆུ་མིག་དེ་ཉིད་ལྷ་སའི་གཙུག་ལག་ཁང་གི་ཡོན་ཆབ་ལེན་ས་ཡིན་སྟབས་ཤོ་བཤད་ཀྱི་ནང་དུའང༌། གཏུན་ཁུང་ཆུ་མིག་ནས་ཆུ་ཞིག་བླངས། །ལྷ་སའི་ཇོ་བོར་ཡོན་ཆབ་ཕུལ། །ཞེས་བརྗོད་སྲོལ་ཡོད།

དེ་སྔ་ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་ཚོགས་མཆོད་ཆེན་མོ་གཉིས་ཚུགས་སྐབས་དགེ་འདུན་འདུས་པ་རྒྱ་མཚོའི་མང་ཇ་བཞེས་ཐུག་གི་འཐུང་ཆུ་གཙོ་བོ་གཏུན་ཁུང་ཆུ་མིག་ནས་ལེན་གྱི་ཡོད། བར་ལམ་ཁྲོན་པ་དེའི་རྒྱུད་དུ་སྡོད་མཁན་གྱིས་ཁྲོན་པ་དེར་གཙང་སྦྲ་ལེགས་པོ་ཡོང་ཕྱིར་རྫ་གོ་སེར་རྩིའི་རྒྱ་ཕིབས་དབྱིབས་ཀྱི་ཐོག་ལྡན་ཀ་ཕིབས་དང༌། རྒྱ་རྡོའི་སྒྲོམ་སྐྱོར་སོགས་ཚར་དུ་དངར་བ་བཟོས་འདུག་ཀྱང༌། དེ་རྗེས་གཡས་གཡོན་གང་ས་ནས་ཁང་པ་གསར་རྒྱག་གིས་གཏུན་ཁུང་ཆུ་མིག་ཏུ་འགྲོ་ས་མེད་པས་ལྷག་མར་ལུས་པ་ཙམ་ལས་ད་ཆ་བེད་མེད་ལྟ་བུར་གྱུར་ཟིན་ཡོད།

ཁ༽ ལྐུགས་པ་ཆུ་མིག་ནི། གནས་ཡུལ་བཤད་སྒྲའི་ཤར་ངོས་དང༌། ཀུན་བཟང་རྩེའི་ནུབ་ངོས་ཉེ་འགྲམ་ཀླུ་སྦུག་སྲང་ལམ་སྒོ་རྟགས་ ༡༣ ནང་དུ་ཡོད་ཅིང༌། དེང་རབ་གསལ་གྲོང་ལྷན་ཁོངས་ཡིན་ལ། ལྐུགས་པ་ཆུ་མིག་གནས་ཡུལ་དུ་འཛུགས་སྐྲུན་གྱིས་རྗེས་ཤུལ་ཙམ་ཡང་མ་ལུས་པར་ལྐུགས་པ་ཆུ་མིག་མིང་དོན་མཚུངས་པར་གྱུར་ཟིན་འདུག

ག༽ རྒྱ་ནག་ཆུ་མིག་ནི། གནས་ཡུལ་ཀླུ་སྦུག་ཚལ་ཞིང་གི་ལྷོ་ངོས་སུ་ཡོད་ཅིང༌། དེང་ཀླུ་སྦུག་གྲོང་ལྷན་གྱི་ཁོངས་ཡིན། དེང་སྐབས་ལྷ་ལྡན་གྲོང་ཁྱེར་དུ་ཆུ་ཀ་ལ་གསར་འཁྲིད་དང༌། ལྷག་པར་གྲོང་ཁྱེར་དུ་རྒྱ་རིགས་འཕོན་ཆེ་སྤོ་ཤུགས་ཀྱིས་འཛུགས་སྐྲུན་ཤུགས་ཆེ་བྱས་པར་བརྟེན་གནའ་ཤུལ་གྲགས་ཅན་དུ་མ་ཞིག་མིང་མེད་དུ་སོང་བས། ད་ཆ་ལྷ་སར་ལོ་ངོ་ཉི་ཤུ་ཙམ་གནས་སྡོད་བྱས་མྱོང་བའི་མི་དང༌། ལྷ་སར་ས་སྐྱེས་རྡོ་སྐྱེས་ཀྱི་གཞོན་སྐྱེས་རྣམས་ལ་དེ་དག་གི་ལོ་རྒྱུས་ལྟ་ཅི། མིང་དང་ས་གནས་གང་དུ་ཡོད་མེད་ཀྱང་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་ཟིན་འདུག་པ་འདིས་དཔང་པོ་གང་ཞིག་བྱེད་ཀྱི་ཡོད་མེད་ལ་བསམ་གཞིགས་ངེས་པར་བྱ་དགོས་ངེས་ལགས།

ང༽ ཁང་དཀར་ཆུ་མིག་ནི། གནས་ཡུལ་ཀུན་བཟང་རྩེའི་ནུབ་ངོས། དབྱི་སི་ལམ་ལྷ་སའི་ཕྱག་ཁང་གི་ནུབ་འགྲམ་དུ་ཡོད། དེང་རབ་གསལ་གྲོང་ལྷན་ཁོངས་ཡིན་ལ། གཞན་གཙུག་ལག་ཁང་མདུན་གྱི་བྱང་ངོས་རྡོ་སྒོར་སྒོར་གྱི་ཆུ་མིག་ཀྱང་དྲངས་སྲོལ་འདུག་ལ། ལ་ལར་ཁང་དཀར་ཆུ་མིག་གི་མིང་གཞན་ལ་རྡོ་སྒོར་སྒོར་ཡིན་ཞེས་ཀྱང་འཁོད་འདུག་པས་གང་ཡིན་དཔྱད་པར་འཚལ། རྡོ་སྒོར་སྒོར་གྱི་ཆུ་མིག་གི་རྡོ་སྒོར་སྒོར་དེ་ཉིད་ས་གནས་དེར་མཐོང་རྒྱུ་ཡོད་ཀྱང༌། གཙང་འཕྲོད་བདག་གཅེས་མ་བྱུང་བས་ཆུ་མིག་སྔར་ནས་སྐམ་ཟིན་འདུག མདོར་ན་ལྷ་སའི་ཆུ་མིག་བཞི་པོ་རྣམས་སྐམ་ཟིན་པ་དང་གཅིག གཉིས་ནས་འཛུགས་སྐྲུན་གྱི་ལས་གཞིའི་འོག་སོང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་དེང་ཤུལ་མེད་དུ་སོང་བ་དང༌། ཆུ་མིག་བཞིའི་མིང་ཙམ་ལས་ཆུ་ལེན་རྒྱུ་ཡོད་པའི་ཆུ་མིག་གཅིག་ཀྱང་ལྷག་མི་འདུག

མདོར་ན་གཏུན་ཁུང་ཆུ་མིག་དང༌། རྒྱ་ནག་ཆུ་མིག ཁང་དཀར་ཆུ་མིག ལྐུགས་པ་ཆུ་མིག རྡོ་སྒོར་སྒོར་ཆུ་མིག རག་ཁ་ཆུ་འཁོར་ཆུ་མིག་སོགས་སྔར་ལྷ་སའི་ཕྱོགས་གང་སར་དྭངས་ཤིང་གཙང་བའི་ལོ་རྒྱུས་ཅན་གྱི་ཁྲོན་པ་དང་ཆུ་མིག་མང་པོ་མཐོང་རྒྱུ་ཡོད་ལ། གྲོང་ཁྱེར་དེ་ཡི་ལྷ་མིའི་འཐུང་ཆུ་ཤིན་ཏུ་ཕུན་སུམ་ཚོགས་པོ་ཡོད། གོང་གསལ་གནའ་བོའི་གྲགས་ཅན་གྱི་ཆུ་མིག་སྔར་ཡོད་བཞི་ལས་ད་ལྟ་མིག་གིས་མཐོང་རྒྱུ་ཡོད་པ་གཏུན་ཁུང་ཆུ་མིག་ཁོ་ནའོ།།

 

སོ་དགུ། ལྷ་སའི་སྦུག་བཞི། ལྷ་སའི་སྦུག་བཞི་ནི། འུལ་སྡོད་སྦུག་དང༌། གསོ་རྭ་སྦུག གཏུགས་རྭ་སྦུག ཀླུ་སྦུག་བཅས་བཞི་ལས། ཀ༽ འུལ་སྡོད་སྦུག་ནི་ལྷ་ལྡན་བར་སྐོར་གྱི་ཤར་ངོས་སམ་གཙུག་ལག་ཁང་གི་རྒྱབ་ངོས་སུ་གནས་ཤིང༌། དེ་ནི་སྔར་ཆོས་རྒྱལ་སྲོང་བཙན་སྒམ་པོས་དུས་རབས་བདུན་པར་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གསར་བཞེངས་མཛད་སྐབས་འུ་ལག་རྒྱུགས་མི་རྣམས་གནས་སྡོད་བྱེད་ས་ཡིན་སྟབས། དེ་ནས་བཟུང་འུ་ལག་སྡོད་སའི་སྦུག་གམ་བསྡུས་མིང་དུ་འུལ་སྡོད་སྦུག་ཅེས་གྲགས་པ་ལྟར་ད་ལྟའང་མིང་དེ་ལྟར་ཡོངས་གྲགས་སུ་འབོད་བཞིན་ཡོད།

ཁ༽ གསོ་རྭ་སྦུག་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་གསོལ་མཛོ་རྭ་བ་ཡིན་པས་ན་གསོ་རྭ་སྦུག་ཅེས་འབོད། ག༽ གཏུགས་རྭ་སྦུག་ནི༑ གྱོད་དོན་སོགས་གནས་ཚུལ་གཏུགས་བཤེར་བྱེད་སའི་སྦུག་ཡིན། ང༽ ཀླུ་སྦུག་གམ་མིང་གཞན་ཀླུ་སྒུག་ཀྱང་ཟེར་ཞིང༌། ལྷ་ས་གྲོང་ཁྱེར་གྱི་ནུབ་རྒྱུད་གཡུ་ཐོག་ཟམ་པའི་ཉེ་འདབས་ཀྱི་ས་ཆའི་མིང་སྟེ། དེང་སང་ཀླུ་སྦུག་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་གཏོགས་རྣམས་ཡིན།

ཀླུ་སྒུག་ལ་དམངས་ཁྲོད་ཀྱི་ངག་རྒྱུན་ཤོད་སྲོལ་འདི་ལྟར་མཆིས་ཏེ། ལྷ་ལྡན་གཙུག་ལག་ཁང་གི་རྟེན་གཙོར་བཞུགས་སུ་གསོལ་བའི་ཇོ་བོ་ཤཱཀྱ་མུ་ནེ་འདི་སངས་རྒྱས་ཞལ་བཞུགས་དུས་ནས་བཞེངས་ཏེ་རྒྱ་གར་དུ་ལོ་མང་པོའི་བར་བཞུགས་ཤིང༌། དེ་ནས་ཀླུ་ཡུལ་དུ་ལོ་མང་བཞུགས་པ་སླར་ཡང་རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་དུ་བཞུགས་ནས་ལོ་མང་སོང་རྗེས་རྒྱ་ནག་ཏུ་གདན་དྲངས། མཐར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་དུ་གདན་དྲངས་པ་ཞིག་ཡིན།

དེ་ཡང༌། ཐོག་མར་ཇོ་བོ་ཤཱཀྱ་མུ་ནེ་ཀླུ་ཡུལ་ནས་མི་ཡུལ་དུ་ཕེབས་སྐབས་ཀླུའི་རྒྱལ་པོས་ཇོ་བོ་ཤཱཀྱ་མུ་ནེ་མཐའ་མཇུག་ཀླུ་ཡུལ་དུ་ཕྱིར་ཕེབས་གནང་དགོས་པའི་ཞུ་བ་ཕུལ་བ་ལྟར་ཞལ་གྱིས་བཞེས་པ་དང༌། རྒྱ་བཟའི་རྟེན་སྐལ་དུ་བསྣམས་ཕེབས་པའི་ཇོ་བོ་ཤཱཀྱ་མུ་ནེ་མ་འོངས་པ་ན་ལྷ་ས་གྲོང་ཁྱེར་ཆུས་འཇིག་སྐབས་སླར་ཡང་ཀླུ་ཡུལ་དུ་གདན་འདྲེན་ཞུ་རྒྱུར་ཀླུས་སྨོན་ལམ་བཏབ་ཡོད་ཅིང༌། རྒྱ་བཟས་ཇོ་བོ་ཤཱཀྱ་མུ་ནེ་བོད་དུ་གདན་འདྲེན་ཞུས་པའི་རྗེས་བྲག་ལྷ་ཀླུ་སྒུག་གི་བྲག་ལྡེབས་སུ་ཀླུའི་རང་བྱོན་བྱུང་སྟེ། ཀླུའི་ལག་པ་གཡས་པ་དཔྲལ་བར་བཞག་སྟེ་ལྷ་ལྡན་གཙུག་ལག་ཁང་ལ་ཁ་གཏད་ནས་བྱ་ར་བྱེད་པའི་བཟོ་དབྱིབས་ཡོད་པ་དེ་ནི་ཇོ་བོ་ཀླུ་ཡུལ་དུ་ནམ་ཕེབས་ཀྱི་དུས་ཚོད་སྒུགས་ནས་བསྡད་པ་ཡིན་པས་ཀླུ་སྒུགས་ཞེས་འབོད་པ་ཡིན་ཀྱང༌། རྗེས་སུ་ཀླུ་སྒུགས་ཞེས་པ་དེ་སྒྲ་བསྒྱུར་ནས་ཀླུ་སྦུག་ཅེས་འབོད་པ་ཡིན།

ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཀླུ་ཡུལ་དུ་ཕེབས་པའི་རྟགས་མཚན་དུ་བྲག་ལྷ་ཀླུ་སྒུགས་ཀྱི་བྲག་ལྡེབས་སུ་རང་བྱོན་དུ་ཕེབས་པའི་ཇོ་བོ་དེ་ཡང་སྔོན་དུས་ཐོག་མར་བཞེངས་སྐབས་བྲག་ངོས་སུ་འབུར་གཟུགས་དོད་ཙམ་ལས་མེད་ཀྱང་རིམ་པས་སྐུ་གཟུགས་ཡོངས་རྫོགས་མདུན་ངོས་སུ་འབུར་ཐོན་ཇེ་ཆེར་འགྲོ་བ་དང༌། སྐུ་གཟུགས་ཆ་ཚང་འབུར་དུ་དོན་མཚམས་ལྷ་ས་གྲོང་ཁྱེར་ཆུས་འཇིག་པའི་དུས་སྐབས་ཡིན་ཞེས་ཟེར་ལ། སྐབས་དེར་བྲག་ལྷ་ཀླུ་སྒུགས་ཀྱི་ཇོ་བོ་དངོས་སུ་རང་བྱོན་དུ་ཕེབས་ནས་ལྷ་སའི་ཇོ་བོ་འོག་ཀླུ་ཡུལ་དུ་གདན་དྲངས་པའི་སྐུ་ཚབ་ཏུ་གདན་རྒྱུ་ཡོད་པ་དང༌། སྐབས་དེར་བྲག་ལྷ་ཀླུ་སྒུགས་ཀྱི་ཇོ་བོར་རིགས་ལྔའི་དབུ་རྒྱན་སྒྲོན་འབུལ་ཞུས་ཏེ་ལོངས་སྐུའི་ངོ་བོར་བསྒྱུར་དགོས་ཚུལ་ངག་རྒྱུན་དུ་ཡོད། འདི་ལྟའི་ངག་རྒྱུན་བྲག་ལྷའི་དཀོན་གཉེར་སོགས་ཀྱིས་གོ་ཐོས་མེད་པའམ་ཐོས་ཀྱང་རྩིས་མེད་བྱས་པ་ཆ་མ་འཚལ་ཞིང༌། ཕྱི་ལོ་ ༢༠༠༥ ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་བྲག་ལྷའི་ཇོ་བོར་རིགས་ལྔའི་དབུ་རྒྱན་སྒྲོན་འབུལ་གནང་འདུག་ཅིང༌། ངག་སྒྲོས་ལྟར་ན་ད་ལྟ་བྲག་ལྷ་ཀླུ་སྒུགས་ཀྱི་ཇོ་བོར་རིགས་ལྔའི་དབུ་རྒྱན་སྒྲོན་ན་བསྐལ་པ་འཇིག་པའི་སྔ་ལྟས་ཡིན་ཚུལ་ཤོད་སྲོལ་ཡོད་པས། ཤོད་སྲོལ་འདི་ཉིད་མཁྱེན་རྟོགས་དང་གསན་ཐོས་ཡོད་པའི་རྒན་རབས་པ་མང་པོས་བྲག་ལྷའི་ཇོ་བོར་རིགས་ལྔའི་དབུ་རྒྱན་སྒྲོན་པ་འདི་ཐུགས་ལ་བབ་པོ་ཞིག་བྱུང་མི་འདུག

གཞན་ཡང་ཀླུ་སྒུག་སྒར་ས་ཞེས་པ་ནི། ལྷ་ས་གཙུག་ལག་ཁང་གི་ནུབ་ཕྱོགས་བྲག་ལྷ་ཀླུ་སྒུགས་ཇོ་བོའི་ལྷ་ཁང་གི་ཤར་ངོས་ཐང་ཆེན་ཞིག་སྟེ། སྔོན་དུས་ཤིང་སྣ་མང་པོས་ཁེངས་པ་གླིང་ཁ་ཅུང་ཆེ་ཙམ་ཞིག་ཡིན་ལ། དེང་སང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང༌། གཡུ་ཐོག་ཟམ་པ་ཡོད་སའི་ཁུལ་དེ་དག་ཡིན། དེར་སྔོན་དུས་རང་ཡུལ་རང་ལག་ཏུ་ཡོད་པའི་སྐལ་བཟང་ལུགས་བཟང་གི་སྐབས་སུ་ལྷ་ས་སྨོན་ལམ་ཆེན་མོ་གྲོལ་ཁའི་བོད་ཟླ་ ༡ ཚེས་ ༢༢ ཉིན་གཏོར་རྒྱག་གི་རུ་འདྲེན་རྟ་དམག་རྣམས་རྟ་དམག་གི་སྤྱི་ཁྱབ་ཡཱ་སོར་གཉིས་ཀྱིས་རང་ཁོངས་དམག་མིའི་ཆས་གོས་དང༌། བཞོན་རྟ་སྒ་ཆས་མཚོན་ཆ་རང་འགྲིགས་ཅན་ཕྱོགས་བསྡུས་རུག་འཛོམས་ཐོག སྒར་གྲལ་བསྒྲིགས་དགོས་པའི་ས་གནས་ཐང་ཆེན་དེའི་མིང་ཡིན་ལ། ལྷ་སའི་ནུབ་རྒྱུད་ལྕགས་པོ་རི་དང༌། གཙུག་ལག་ཁང་གཉིས་དབར་གྱི་ཐང་ཆེན་ལ་སྔར་ཀླུ་སྦུགས་ཀྱི་ལྗོངས་ཞེས་གྲགས་ལ། སྔོན་དུས་ཤིང་སྣ་མང་པོས་ཁེངས་པ་གླིང་ཁ་ཅུང་ཆེ་ཙམ་ཞིག་ཡིན། དེང་སང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང༌། གཡུ་ཐོག་ཟམ་པ་ཡོད་སའི་ཁུལ་འདིར་ཀླུ་སྦུགས་ཀྱི་ལྗོངས་ཞེས་ཟེར་མོད། ད་ཆ་ལྗོངས་དེའི་རྣམ་པ་གང་ཡང་མེད་པར་འཛུགས་བསྐྲུན་གྱིས་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་ཡོད། གཞན་ཡང་སྦུག་བཞིའི་ཁོངས་སུ་སྨིན་དྲུག་སྦུག་ཀྱང་དྲངས་སྲོལ་ཡོད་པ་བཅས་སོ།།

 

བཞི་བཅུ། ལྷ་སའི་ཐང་བཞི། ལྷ་སའི་ཐང་ཆེན་བཞི་ནི། བྲག་ལྷའི་ནེའུ་ཐང་དང༌། སྐུ་འབུམ་ཐང༌། འོ་རྒྱལ་ཐང༌། ཚེས་གསུམ་ཐང་བཅས་བཞི་ལས། ཀ༽ བྲག་ལྷའི་ནེའུ་ཐང་ནི། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ལྕགས་པོ་རི་བྲག་ལྷ་ཀླུ་སྒུག་གི་མདུན་དུ་སྤང་གཞོང་ནེའུ་གསིང་དང༌། ཤིང་གླ་བའི་ནགས་ཚལ་ཁྲོད་ཀྱི་སྟར་ཁའི་སྡོང་པོའི་འོག་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང༌། མེད་ཐབས་མེད་པའི་བློན་པོ་བཞི་སོགས་རྒྱལ་བློན་ལྷན་འཛོམས་ཐོག་བལ་བཟའ་ཁྲི་བཙུན་དང༌། རྒྱ་བཟའ་ཀོང་ཇོ་རྣམ་གཉིས་བཙུན་མོར་གདན་འདྲེན་ཞུ་ཐབས་ཇུས་དང་གྲོས་འགོ་འདོན་གནས་ཡིན་ལ། རྒྱ་བལ་ནས་བཙུན་མོ་རྣམ་གཉིས་གདན་འདྲེན་གྱིས་ལྷ་སར་ཕེབས་སྐབས་ཕེབས་བསུའི་མཛད་སྒོ་ཡང་བྲག་ལྷའི་ནེའུ་ཐང་དུ་གནང་ཞིང༌། ཐང་དེ་ནི་དེང་སང་པོ་ཏཱ་ལའི་ཐང་ཆེན་གྱི་རྒྱུད་དུ་ཡིན། དེང་སྐབས་བྲག་ལྷའི་ནེའུ་ཐང་དུ་པོ་ཏཱ་ལའི་ཐང་ཆེན་རྒྱ་ཆེ་མཛེས་སྡུག་དང་ལྡན་པ་གསར་བསྐྲུན་བྱས་ཡོད་པར་བོད་མི་རྣམས་ཀྱིས་དུས་འཁོར་ཐང་ཞེས་འབོད།

ཁ༽ སྐུ་འབུམ་ཐང་ཞེས་པ་ནི། ལྷ་ས་གྲོང་ཁྱེར་གྱི་ཉེ་འདབས་ཤར་ཕྱོགས་སུ་ཡོད་པའི་ཐང་ཞིག་སྟེ། སྔར་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དགུང་ལོ་ ༡༥༠ ཡོལ་ནས་ལོ་ ༣༠ ཙམ་ཕལ་ཆེར་ལྷ་སའི་ཤར་ཕྱོགས་ལྡན་གྱི་ལུང་པར་བཞུགས་པ་ལས་ཐེངས་གཅིག་ཐང་དེའི་ཐོག་བཀའ་དབང་གནང་སྐབས་མི་ཚོགས་འཚང་ཀ་ཤིན་ཏུ་ཆེ་རྐྱེན་སྐུ་འབུམ་གཅིག་ལ་སྤྲུལ་ནས་བཀའ་དབང་གནང་བས། དུས་དེ་ནས་བཟུང་ཐང་དེར་སྐུ་འབུམ་ཐང་ཞེས་མིང་ཐོགས་པར་གྲགས། དེང་སྐབས་སྐུ་འབུམ་ཐང་རྒྱུད་དུ་གྲོང་མིའི་སྡོད་ཁང་དང༌། སློབ་གྲྭ༑ ལས་ཁུངས། ཟ་ཁང༌། ཚོང་ཁང་སོགས་གྲོང་ཁྱེར་གྱི་མཐའ་ཁུལ་དུ་གྱུར་ཟིན་སྟབས་ཐང་དེ་མཐོང་རྒྱུ་མེད་པར་གྲོང་ཁྱེར་ཆགས་ཟིན་འདུག

ག༽ འོ་རྒྱལ་ཐང་ངམ་ཇོ་བོ་འོ་རྒྱལ་ཐང་ཡང་ཟེར། དེ་ནི་སྔར་བཙན་པོ་སྲོང་བཙན་སྒམ་པོ་སྐུ་འདས་པའི་གནས་ཚུལ་ཐང་གོང་མས་ཐོས་རྗེས་བོད་ལ་དམག་བཏང་སྟེ་རྒྱ་དམག་ལྷ་སར་སླེབས། རྭ་མོ་ཆེར་བཞུགས་པའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དེ་རྒྱ་བཟའ་ཀོང་ཇོས་གདན་དྲངས་པའི་ཇོ་བོ་ཡིན་པར་བསམས་ནས་ཉིན་ལམ་གཅིག་གི་བར་དུ་ཁྱེར་ནས་རྗེས་སུ་བལ་བཟའི་རྟེན་སྐལ་གྱི་ཇོ་བོ་དང་ནོར་བ་ཤེས་ནས་བསྐྱུར་བས་ལྷ་སའི་ཤར་ཕྱོགས་དོ་མའི་ཐང་དུ་ཞག་བདུན་ལུས་པར་བརྟེན། ཐང་དེ་ལ་ཇོ་བོ་འོ་རྒྱལ་ཐང་ཞེས་འབོད་པ་ཡིན་ཟེར་སྲོལ་འདུག

བཤད་སྲོལ་གཞན་ཞིག་ནི། སྔོན་དུས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་ན་ཆུང་དུས་བོན་ལ་དགའ་བའི་བློན་པོ་མ་ཞང་གིས་ནང་ཆོས་བྱེད་མི་ཆོག་པའི་ཁྲིམས་བཅས་ཏེ་ར་མོ་ཆེའི་ཇོ་བོ་ལྷ་སའི་ཤར་ཕྱོགས་ཉིན་ལམ་གཅིག་གིས་སར་བསྐྱལ་བ་དང༌། མཁར་བྲག་གདོང་དུ་སླེབས་སྐབས་མི་སྟོང་གཅིག་གིས་བསྒུལ་ཀྱང་མ་ཐུབ་པར་དེར་ལུས་པར་ཐང་དེར་འོ་རྒྱལ་ཐང་ཞེས་བརྗོད་པ་ཡིན་ཚུལ་ཡང་ཤོད་སྲོལ་ཡོད།

བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ། ཆོས་རྒྱལ་སྲོང་བཙན་སྒམ་པོ་སྐུ་འདས་ཁར་རྒྱ་བཟའ་ཀོང་ཇོས་བོད་ཀྱི་བློན་འབངས་རྣམས་ལ་བོད་དུ་མཐའ་དམག་གི་གནོད་པ་མི་ཡོང་བའི་ཆེད་དུ་བལ་ཡུལ་དང༌། རྒྱ་ནག་ནས་གདན་དྲངས་པའི་ཇོ་ཤཱཀ་རྣམ་གཉིས་སོ་སོའི་ཡུལ་དུ་རྒྱབ་བསྟན་ནས་བཞུགས་ན་ཕན་ཐོགས་ཡོད་པས་ར་མོ་ཆེ་དང༌། གཙུག་ལག་ཁང་གི་རྟེན་གཙོར་བཞུགས་སུ་གསོལ་བའི་ཇོ་ཤཱཀ་རྣམ་གཉིས་བཞུགས་གནས་བརྗེ་དགོས་ཚུལ་གསུངས་པ་ལྟར་བརྗེས་པ་ནས་ད་ལྟའི་བར་དེ་བཞིན་དུ་གནས་ཡོད། དེ་མིན་ཇོ་བོ་ཤཱཀྱ་མུ་ནེ་ཐོག་མར་ར་མོ་ཆེར་བཞུགས་ནའང་མང་སྲོང་མང་བཙན་གྱི་དུས་དབོན་ཞང་དམག་འཐབ་སྐབས་རྒྱ་ནག་ཏུ་འཁྱེར་དོགས་ལྷོ་སྒོ་མེ་ལོང་ཅན་དུ་སྦས་པས་རྒྱལ་རབས་གཉིས་འདས་པ་ན་ལྗང་ཚ་ལྷ་དབོན་གྱི་བཙུན་མོར་བསུས་པ་རྒྱ་བཟའ་ཕྱི་མས་རྩིས་ཁོག་ནས་ཤེས་ཏེ་ཇོ་བོ་ཤཱཀ་རྣམ་གཉིས་བཞུགས་ཡུལ་གོ་བརྗེས་འཕྲུལ་སྣང་གི་རྟེན་གཙོར་བཞུགས་སུ་གསོལ་བར་གྲགས་སོ།།

ང༽ ཚེས་གསུམ་ཐང་ནི། ལྷ་སའི་བྱང་ཕྱོགས་དང་སེ་ར་དགོན་པའི་མདུན་ངོས་སུ་གནས་ཤིང༌། སྔར་ལོ་གསར་ཚེས་གསུམ་ཉིན་རྟ་རྒྱུག་འགྲན་བསྡུར་གྱི་རྟ་རྒྱུག་སའི་ཐང་ཞིག་ཡིན་ནམ་སྙམ། གཞན་མིང་ཐོགས་དོན་སོགས་ཀྱི་དཔྱད་གཞི་མ་རྙེད་ལ། རྒན་རབས་མང་པོར་བཅར་འདྲི་བྱས་ཀྱང་ཞིབ་གསལ་གསུང་རྒྱུ་མི་འདུག་སྟབས་ལོ་རྒྱུས་ཞིབ་གསལ་སྐབས་འདིར་བཀོད་མ་ཐུབ་པས་མཁྱེན་ལྡན་རྣམས་ནས་ཆད་པ་ཁ་སྐོང་གནང་སྐྱོང་ཡོད་པ་ཞུ༑ དེ་མིན་གྲྭ་བཞིའི་ཉེ་འགྲམ་དུ་བྲ་བོའི་ཐང་ཞེས་པ་ཞིག་ཀྱང་ཡོད་པར་གོ་ཐོས་འདུག་ན་དེ་ཉིད་ཀྱང་ཡིན་མིན་དཔྱད་པར་འཚལ།།

ཞེ་གཅིག ལྷ་སའི་ཟུར་བཞི།

ལྷ་སའི་ཟུར་བཞི་ནི། ཤར་དུ་རྡོ་ཀེར་ཟུར་དང༌། ལྷོ་རུ་དུང་མཚོའི་ཟུར། བྱང་དུ་བ”་ཟུར། ནུབ་ཏུ་ཤ་གསར་ཟུར་བཅས་བཞི་ཡིན། ཀ༽ ཤར་གྱི་རྡོ་ཀེར་ཟུར་ནི། བར་སྐོར་གྱི་ཤར་ངོས་ནག་མོག་མོག་བརྒྱུད་སྟག་སྡོང་ཤར་དང༌། འུ་སྡོད་སྦུག་བཅས་ཀྱི་འགྲོ་ལམ་གྱི་ལམ་ཟུར་དུ་དུ་གནས་ཤིང༌། ཁང་པའི་ཟུར་དུ་རྒྱ་རྡོ་རིང་པོ་ཞིག་བསླངས་ཡོད་པ་དེ་ཡིན་སྐད།

ཁ༽ ལྷོ་ཡི་དུང་མཚོའི་ཟུར་ནི། འདིར་གདོང་འཚེར་ཟུར་དང༌། དོང་རྩེའི་ཟུར། གདོང་རྩེ་ཟུར། དུང་མཚོའི་ཟུར་སོགས་ཡི་གེའི་དག་སྡེབ་འབྲི་ཚུལ་མི་འདྲ་བ་འགའ་ཞིག་སྣང་ལ། དུང་མཚོའི་ཟུར་ནི་དེང་སྐབས་ཐལ་སྤུངས་སྒང་དང༌། ཝ་པ་གླིང་གྲོང་ལྷན་ཁོངས་སུ་གནས་ཤིང༌། གནའ་སྔ་མོ་ཁྱད་དུ་འཕགས་པའི་གནད་ཀྱི་དོན་ཅན་ལྷ་ས་ཞེས་པའི་ཐ་སྙད་མ་ཐོགས་ཀྱི་སྔོན་རོལ་དུ་གནས་འདིར་འོ་མ་ཐང་སྟེ་ས་བཅུད་ལེགས་ཤིང་ས་དཔྱད་བཟང་བ། ས་སྤུས་དག་པ་བཅས་ཀྱི་དོན་ཅན་འོ་ཐང་ཞེས་སུ་གྲགས། ལྷ་ལྡན་གཙུག་ལག་ཁང་འོ་ཐང་གི་མཚོ་མོའི་སྟེང་དུ་བཞེངས་གནང་མཛད་པས་དུང་མཚོའི་ཟུར་ནི་བར་སྐོར་གྱི་ལྷོ་ངོས་སུ་ཡོད་སྟབས་འོ་ཐང་གི་མཚོ་དང༌། དུང་མཚོའི་ཟུར་གྱི་མིང་གཉིས་འབྲེལ་ཆེ་བས། དུང་མཚོའི་ཟུར་ཞེས་པའི་དག་ཆ་འདི་དག་པར་སེམས་སོ།།

ག༽ བྱང་དུ་བ”་ཟུར་ནི་གཟིམ་ཤག་བོན་ཤོད་ཀྱི་ཉེ་འཁྲིས་སུ་གནས་ཡོད། གོང་གསལ་ལྷ་སའི་ཟུར་བཞི་རྣམས་ཀྱི་མིང་ཐོགས་དོན་སོགས་ཀྱི་དཔྱད་གཞི་ཞིབ་ཕྲ་མ་རྙེད་ཅིང༌། རྒན་རབས་རྣམས་ལའང་གསུང་རྒྱུ་མི་འདུག་སྟབས་ཞིབ་ཕྲའི་ལོ་རྒྱུས་བཀོད་མ་ཐུབ་པས་མཁྱེན་ལྡན་རྣམ་པས་ཆད་པ་ཁ་སྐོང་གནང་སྐྱོང་ཡོད་པ་ཞུ།

ང༽ ནུབ་ཏུ་ཤ་གསར་ཟུར་ནི། ལྷ་ལྡན་གཙུག་ལག་ཁང་གི་ནུབ་ངོས་སུ་དེང་ཤ་གསར་ཟུར་དུ་གྲགས་པ་འདི་ཉིད་ཡིན་ཞིང༌། ཁྲོམ་གཟིགས་སྒང་གྲོང་ལྷན་ཁོངས་ཡིན་ལ། སྔར་བྱང་འབྲོག་སོགས་ཀྱི་ཤ་རིགས་གསར་པ་ཚོང་ས་ཡིན་ནམ་སྙམ།

དེ་མིན་ལྷ་ས་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་སྔར་ཁམས་པ་ཇ་ཚོང་པ་རྣམས་སྦྲ་གུར་ཕུབ་སྟེ་སྡོད་སའི་སྦྲ་ནག་ཞོལ་དང༌། ཤར་ལྷོའི་ཕྱོགས་སུ་རྒྱ་རིགས་ཁ་ཆེའི་ཆོས་ལུགས་པས་ཤ་དང༌། སྔོ་ཚལ་གྱི་ཚོང་ལས་བྱེད་མི་སྡོད་གནས་ཝ་པ་གླིང༌། ནུབ་ཕྱོགས་བསྟན་རྒྱས་གླིང་གི་ཕྱོགས་སུ་སྔར་སོག་པོའི་དཔོན་རིགས་དང༌། འགྲུལ་པ་རྣམས་ཕྱིང་པའི་གུར་ཕུབ་སྟེ་སྡོད་ཡུལ་ཕྱིང་གུར་ནང༌། བར་སྐོར་བྱང་ངོས་སུ་བལ་པོའི་ཚོང་པ་སྡོད་སའི་སྤ་ར་བཞི་སོགས་ཡོད་ལ། གྲོང་ནུབ་ཀླུ་སྦུག་གི་ཕྱོགས་སུ་རྒྱ་རིགས་སྡོད་སའི་རྡོ་སེངྒེ་སོགས་ཀྱང་དུ་མ་ཞིག་ཡོད།།

 

 

ཞེ་གཉིས། ལྷ་སའི་ལྕང་གསེབ་བཞི། ལྷ་སའི་ལྕང་གསེབ་བཞི་ནི། ཨ་ཏི་ལྕང་གསེབ་དང༌། བསྟན་རྒོད་ལྕང་གསེབ། མེ་ཏོག་ལྕང་གསེབ། མི་དཔོན་ལྕང་གསེབ་བཅས་བཞི་ལས། ཀ༽ ཨ་ཏི་ལྕང་གསེབ་ནི། ལ་ལར་རྨེ་རུ་གྲྭ་ཚང་གི་ཉེ་འདབས་སུ་གནས་ཤིང༌། སྔར་ཡེ་ཤུའི་ཆོས་སྤེལ་ཀ་སྤུ་ཅན་གྱི་ལྷ་ཁང་ཆགས་ཡུལ་གྱི་ལྕང་གསེབ་ལ་ཨ་ཏི་ལྕང་གསེབ་ཅེས་བརྗོད་ཚུལ་འཁོད་ལ། རྒན་རབས་པ་དག་གིས་སྐྱིད་རས་གྲོང་ལྷན་གྱི་ས་ཁོངས་སུ་སྔར་ཨབ་ཕྱི་གྷ་མོའི་བླ་མཚོའི་ཉེ་འཁྲིས་སུ་ཡོད་པ་དང༌། བླ་མཚོ་དེ་ཉིད་ཕྱི་ལོ་ ༡༩༥༨ ཙམ་ལ་བསུབས་ཚུལ་གསུངས་སོ།།

ཁ༽ བསྟན་རྒོད་ལྕང་གསེབ་ནི། སྔར་བཀྲ་ཤིས་ལྷུན་པོའི་མངའ་ཁོངས་ཡིན་སྐད་དང༌། ངག་རྒྱུན་དུ། ཡུལ་ལ་སྐྱིད་པོ་བསྟན་རྒོད་ལྕང་གསེབ་ཡོད་ཅེས་གྲགས་པ་དེ་ཡིན།

ག༽ མེ་ཏོག་ལྕང་གསེབ་ནི། དེང་སྐབས་མཚོ་སྨོན་གྲོང་ལྷན་གྱི་ཁོངས་སུ་གནས་ཡོད། ང༽ མི་དཔོན་ལྕང་གསེབ་བཅས་ལྷ་སའི་ལྕང་གསེབ་བཞི་ནི་དེང་ལྕང་གསེབ་ཀྱི་མིང་ཙམ་ལས་འཛུགས་སྐྲུན་གྱིས་སྔར་གྱི་ལྕང་གསེབ་ཧ་ལམ་མཐོང་རྒྱུ་མེད་ལ་དེང་ས་གནས་ཀྱང་ངོས་འཛིན་དཀའ་བར་གྱུར་ཟིན་ཡོད།

བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་ལས། རང་རྒྱལ་དུ་རིག་གསར་ནས་བཟུང་གྲངས་ཉུང་མི་རིགས་ཁག་གི་རང་བྱུང་ནགས་ཚལ་བཅད་པའི་ཚད་ལ་གཞིགས་ན་འཛམ་གླིང་མི་དམངས་རྣམས་ཧང་སངས་དགོས་པའི་གནས་སུ་གྱུར་བར་མ་ཟད་ད་ལྟར་གྱི་རྒྱལ་ཁབ་དབུ་ཁྲིད་ཚོས་དོ་སྣང་ཆེན་པོ་བྱེད་དགོས་པའི་དུས་མཚམས་སུ་སླེབས་ཡོད་ཅེས་དང༌། རང་རྒྱལ་དུ་ནགས་ཚལ་ཡོད་སའི་བོད་རིགས་ས་ཁུལ་དུ་ལོ་ངོ་བཞི་བཅུ་ཞེ་དགུ་ལྷག་གི་དུས་ཡུན་ནང་དམིགས་སུ་བཀར་ཏེ་ཤིང་ནགས་བཅད་ནས་ས་ཐོག་རླངས་འཁོར་དང༌། མེ་འཁོར། ཆུ་ཐོག་གཙང་པོ་དང་གྲུ་གཟིངས་ཀྱིས་ཉིན་མཚན་མེད་པར་རྒྱལ་ནང་ས་གནས་ཁག་ཏུ་དབོར་འདྲེན་བྱས་ཏེ་རྒྱལ་ནང་དུ་མི་ལོ་ལྔ་བཅུ་ལ་ཉེ་བར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་མོད། གངས་ལྗོངས་ས་མཐོར་མཚོན་ན་བོད་རང་སྐྱོང་ལྗོངས་ཁོ་ནར་ས་ཞིང་བྱེ་འགྱུར་དུ་འགྲོ་བ་ནས་རང་ལྗོངས་སུ་ལོ་རེར་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་བརྒྱད་ལྷག་ཕོག་གི་ཡོད་པ་མ་ཟད། གངས་ལྗོངས་ནགས་ཚལ་གཏོར་སྐྱོན་ཕོག་པ་ལས་སྣོད་བཅུད་ཁོར་ཡུག་ཉམས་ཞན་དུ་གྱུར་བའི་ས་ཁྱོན་ཇེ་ཆེར་གྱུར་ཡོད་པ་དེས་བོད་རིགས་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ཡང་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད་ཅེས་གསུངས་པ་ལྟར་ཡིན།

ཡང་ནགས་ཚལ་གཏོར་སྐྱོན་དབང་གིས་རླུང་ཁམས་བཙོག་སྐྱོན་བྱུང་བར་བརྟེན་ཆུ་ལོག་གང་སར་རྒྱུགས་པ་དང༌། མཚེའུ་དང་མཚོ་བརྒྱ་ཕྲག་མང་པོ་ལུད་པའི་རྣམ་པ་ཐོན་པ། དུས་བཞིའི་གནམ་གཤིས་ངན་འགྱུར་དུ་འགྲོ་བ༑ ཐོན་སྐྱོན་ཇེ་སྡུག་ཏུ་སོང་བ། མེ་སྐྱོན་གང་སར་བྱུང་བ། སའི་གོ་ལའི་ཚ་དྲོད་ཚབས་ཆེ་རུ་འགྲོ་བ། མི་དང་དུད་འགྲོའི་ཚ་ནད་ཀྱི་ཤི་ཚད་ལོ་རེ་བཞིན་མ་འདས་པར་ཇེ་མང་དུ་འགྲོ་ཡི་ཡོད་པ་སོགས་རེད།

དེ་སྔོན་རང་རྒྱལ་དུ་ཤིང་གཅོད་མཁན་གྱི་ལས་བཟོ་བ་རྣམས་ནི་ད་ཆ་གཞི་ནས་ཤིང་འཛུགས་ནགས་གསོའི་ལས་བཟོ་བར་འགྱུར་བཞིན་ཡོད་པ་དེ་ནི་ཡང་དག་པ་ཞིག་ཡིན་མོད། མི་ལོ་ལྔ་བཅུའི་རིང་ལ་ནགས་ཚལ་གཏོར་བཤིག་བཏང་བའི་ཉེས་ཚབས་ལ་ཚོད་དཔག་བྱས་པར་གཞིགས་ན་རླན་གཤེར་ཆེ་བའི་ཚ་ཁུལ་གྱི་མི་བཟོས་ནགས་ཚལ་སླར་གསོ་བྱ་བར་མི་ལོ་ ༡༠༠༠ ལྷག་དགོས་པ་དང༌། སྐམ་ས་ཆེ་བའི་ས་མཐོའི་མི་བཟོས་ནགས་ཚལ་སླར་གསོ་བྱ་བར་མ་མཐར་ཡང་མི་ལོ་བརྒྱ་ཕྲག་བརྒྱད་དགུ་དགོས་སོ།།

གདོད་མའི་ནགས་ཚལ་ཞེས་པ་ནི། ཤིང་སྡོང་ཁོ་ན་ལས་གྲུབ་པའི་སྤྱི་སྡོམ་ཞིག་མ་ཡིན་པར། རྩི་ཤིང་དང༌། འདབ་ཆགས། རི་དྭགས་སོགས་སྐྱེ་དངོས་དངོས་པོ་དང༌། སྐྱེ་ལྡན་དངོས་པོ་གྲངས་མེད་པ་ཞིག་ལས་གྲུབ་པའི་དོ་མཉམ་གྱི་སྤྱི་གཟུགས་ཤིག་རེད། དེ་ཡང་གསལ་པོར་བཤད་ན་སྐྱེ་དངོས་རྩྭ་རིགས་སྣ་ཚོགས་གྲངས་མེད་པ་ཞིག་དང༌། སྨན་རིགས་གྲངས་མེད་པ་སྣ་ཚོགས། གཏེར་རིགས་གྲངས་མེད་པ་ཞིག་ལྡན་པའི་རི་བོ་དང༌། གཞན་ཡང་སྐྱེ་ལྡན་དངོས་པོ་འདབ་ཆགས་དང་གཅན་གཟན། རི་དྭགས་སྣ་ཚོགས་པ། འབུ་སྲིན་སྣ་ཚོགས་པ་སོགས་ནགས་ཚལ་གྱི་ཁྲོད་དུ་ཁོར་ཡུག་དང་མཐུན་འགྱུར་སྐྱེ་ལྡན་དངོས་པོ་དང་སྐྱེ་དངོས་དངོས་པོའི་རིགས་ཁྲི་ཕྲག་མང་པོ་ལས་གྲུབ་པ་ཞིག་ཡིན་པས་དེ་ལྟ་བུའི་གངས་ལྗོངས་ས་མཐོའི་རང་བྱུང་ནགས་ཚལ་དེ་དག་སླར་གསོ་བྱ་བར་མི་རྣམས་ཀྱིས་ཚོད་དཔག་བྱ་ཐབས་བྲལ་བ་ཞིག་ཡིན།

དེ་ལྟ་བས་ན་རང་རྒྱལ་དུ་ད་བར་ནགས་ཚལ་གཏོར་བཤིག་བཏང་བའི་ཉེས་པར་ཚད་གཞི་གཞལ་ན་མཐའ་ཡོད་པ་མ་ཡིན་ནོ་སྙམ་ཞེས་པ་ནི་དོན་དངོས་ལགས་པས་རང་བྱུང་གི་ནགས་ཚལ་དང༌། རྩ་ཆེའི་སྨན་རྩྭ། གཅན་གཟན་རི་དྭགས་སོགས་ལ་སྲུང་སྐྱོབ་བྱ་ཤིན་ཏུ་གལ་ཆེ་བ་བཅས་སོ།།

 

ཞེ་གསུམ། ལྷ་སའི་ཤག་བཞི། ལྷ་སའི་ཤག་བཞི་ནི། སྣང་རྩེ་ཤག་དང༌། དགའ་རུ་ཤག སྟག་ལུང་ཤག སྒང་མཁར་ཤག་བཅས་བཞི་ལས། ཀ༽ སྣང་རྩེ་ཤག་ནི་ལྷ་ས་གྲོང་རྙིང་བར་སྐོར་བྱང་ལམ་ངོས་སུ་གནས་ཤིང༌། དེ་ནི་གཙུག་ལག་ཁང་གི་བྱང་ཤར་ངོས་དང་སྦྲེལ་བའི་བོད་བཟོའི་ཐོག་བརྩེགས་གསུམ་ལྡན་ཞིག་ཡིན་ལ༑ སྣང་རྩེ་ཤག་ཅེས་པའི་མིང་ནི་ཐོག་མར་སྟོད་ལུང་པ་སྣང་རྩེ་སྡེ་པའི་ལྷ་སའི་གཟིམ་ཤག་ཡིན་ཞིང༌། སྣང་རྩེ་སྡེ་པས་ལྷ་སར་དབང་བསྒྱུར་བྱེད་སྐབས་ཁྲིམས་ཁང་ཡང་དེ་གར་བྱས་པས་སྣང་རྩེ་ཤག་ཅེས་པའི་མིང་དེ་ནས་བཟུང་རྒྱུན་འཇགས་སུ་ཐོགས་པ་ཞིག་ཡིན། རྒྱུ་མཚན་གང་ཡིན་མ་ཤེས་མོད། རྗེས་སུ་སྣང་རྩེ་སྡེ་པར་བཀའ་ཉེས་འཕོག་ནས་མཁར་དབང་གཞུང་བཞེས་བཏང་བ་དང༌། དེའི་སྡོད་ཤག་ལྷ་སར་ཡོད་པ་དེར་སྤྱི་ལོ་ ༡༦༧༩ ཙམ་ལ་ལྷ་ཁུལ་ཁྲིམས་འདོམ་བྱ་ཡུལ་དུ་བཙུགས་པར་སྣང་རྩེ་ཤག་ལས་ཁུངས་ཞེས་ཟེར།

སྣང་རྩེ་ཤག་ལས་ཁུངས་ནི་སྤྱི་ལོའི་དུས་རབས་བཅུ་བདུན་པ་སྟེ། ྋརྒྱལ་དབང་ལྔ་པ་ཆེན་པོས་བོད་ཁམས་ལ་མངའ་དབང་བསྒྱུར་བའི་སྐུ་དུས་སུ་ལྷ་ས་མི་དཔོན་ཞེས་ཤོད་སྐོར་གནས་ལྔ་པའི་དྲུང་འཁོར་གཉིས་རེ་བསྐོ་གཞག་གནང་བ་དང༌། ཐམ་ཀར་ཡང་ལྷ་ས་མི་དཔོན་ཞེས་འཁོད་པར་གཞིགས་ནའང་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་བརྙེས་རྗེས་སྣང་རྩེ་ཤག་ལས་ཁུངས་འདི་ཉིད་བཙུགས་པ་ཡིན་འདུག་པས་ད་བར་ལོ་ངོ་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད་ལ། སྣང་རྩེ་ཤག་ནི་བོད་གཞུང་གི་སྲིད་དོན་དོ་དམ་ལས་ཁུངས་ཤིག་དང༌། གཞི་རྒྱ་ཅུང་ཆེ་བའི་བཙོན་ཁང་ཞིག་ཀྱང་ཡིན།

སྣང་རྩེ་ཤག་ལས་ཁུངས་ཀྱི་ཁྱབ་ཁོངས་ནི། སྤྱིར་ན་གླིང་སྐོར་ལམ་ནང་ཚུན་ཡིན་ཞིང༌། དེ་ཡང་གླིང་སྐོར་ལམ་གྱི་ནུབ་ངོས་དང༌། ལྷོ་གླིང་སྐོར་ལམ་གྱི་བྱང་རྒྱུད། ནུབ་གཡུ་ཐོག་ཟམ་པའི་ཕྱེད་ནས་ཐད་དྲངས་པའི་ཤར་ངོས། བྱང་གླིང་སྐོར་ལམ་གྱི་ལྷོ་རྒྱུད་བཅས་ཀྱི་ནང་དུ་ཡོད་པའི་གྲོང་ཁུལ་རྣམས་ཡིན། དེ་མིན་གཡུ་ཐོག་ཟམ་པ་གྲོལ་ན་ཞོལ་པ་ལས་ཁུངས་ཀྱི་དོ་དམ་ཁོངས་ཡིན། ལས་ཁུངས་དེའི་ལས་འགན་གཙོ་བོ་ནི། ལྷ་ས་གྲོང་ཁུལ་གྱི་ཁྲིམས་འདོམས་དང༌། བདེ་འཇགས་དོ་དམ། གཙང་སྦྲར་བལྟ་བསྐུལ། མི་གསོད་གྱོད་དོན་སོགས་བཀའ་ཤག་ལ་དགོངས་སྐོར་སྙན་གསེང་དང་འབྲེལ་ཐག་གཅོད་གནང་གི་ཡོད།

སྣང་རྩེ་ཤག་ལས་ཁུངས་དེའི་ནང་བཙོན་ར་ཁང་མིག་དགུ་ཡོད་ཅིང༌། རྒྱ་ཁྱོན་རྨིད་གྲུ་བཞི་མ་ ༧༢༠ ཡོད། དེང་སྐབས་སྣང་རྩེ་ཤག་ཏུ་རྒྱ་ཕྱོགས་ནས་དེ་སྔའི་ཆོས་སྲིད་གཉིས་ལྡན་སྐབས་ཀྱི་བཙོན་ཁང་གི་ཁྲིམས་ཆད་སྐོར་འགྲེམས་སྟོན་སྒྲིག་གཤོམ་བྱས་ཏེ་སྣང་རྩེ་ཤག་བཤམས་སྟོན་ཁང་ལྟ་སྐོར་དྲན་རྟེན་དུ་བསྒྱུར་ཡོད། འདི་ནི་རྒྱ་དམར་གྱི་རྒྱུན་ལྡན་དུ་ཤོད་བཞིན་པ་ལྟར། བོད་ནི་སྔར་ཆེས་ཀླ་ཀློ་དང༌། ཆེས་གདུག་རྩུབ། ཆེས་མུན་ནག ཆེས་རྗེས་ལུས་སོགས་མི་བདེན་རྫུན་སྒྲིག་མང་དུ་བརྗོད་བཞིན་པ་རྣམས་ཀྱི་བདེན་དཔང་ལྟ་བུའི་འགྲེམས་སྟོན་ཁང་དུ་བསྒྱུར་བ་ནི། སྔོན་གྱི་གཏམ་དཔེར། གཞན་སྐྱོན་སེན་མོ་གང་དེ་འཕྱར། རང་སྐྱོན་ཁོག་མ་གང་དེ་སྦས་ཞེས་པ་ལྟར་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དུ་མ་ཞིག་དེང་རྒྱའི་བཙོན་ཁང་ནང་དམྱལ་བ་མི་ལུས་སུ་འཕོས་པ་ལྟར་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་དང༌། ཉེས་མེད་དམར་གསོད་བཏང་དང་གཏོང་བཞིན་པ་བདག་ཅག་གི་ལུས་སྟེང་དུ་དངོས་སུ་མྱངས་པ་རྣམས་སྦས་ཐབས་ཁོ་ན་བྱེད་པ་ནི་རྒྱ་མིའི་རང་གཤིས་ཤིག་ཡིན་ནོ།།

མི་དབང་རྟོགས་བརྗོད་ནང་ལྷ་ཞོལ་གྱི་སྣེ་མོ་ལས་འཛིན་པ། ཞེས་པ་ལས། སྣང་རྩེ་ཤག་གི་མི་དཔོན་ཞེས་མ་ཐོན་པས་སྣང་རྩེ་ཤག་ལས་ཁུངས་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ལས་ཁུངས་ཤིག་ཏུ་གྱུར་བའི་དུས་ཚོད་ནམ་ཡིན་ལ་དཔྱད་དགོས་སམ་སྙམ།

ཁ༽ དགའ་རུ་ཤག་ནི། ལྷ་ལྡན་གཙུག་ལག་ཁང་གི་ལྷོ་ངོས་གསུང་ཆོས་རྭ་བའི་གཡས་ཕྱོགས་བར་སྐོར་ལྷོ་ཁྲོམ་ལམ་སྒོ་རྟགས་ ༡༢ ཅན་དེ་ཡིན་ཞིང༌། སྔར་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་དབུས་གཙང་གི་དམག་སྡེ་ཆེན་པོ་དེ་དག་ལྷ་སར་འཛོམས་ཏེ་དམག་བཤེར་གཟིགས་འབུལ་ཞུ་སྐབས་གཙུག་ལག་ཁང་གི་གཡས་གཡོན་དང༌། རྒྱབ་མདུན་བཅས་ཕྱོགས་བཞིར་གཡས་རུ་དང༌། གཡོན་རུ། དབུས་རུ་དང༌། རུ་ལག་བཅས་རུ་བཞི་སོ་སོར་དམག་སྒར་བཏབ་པའི་ས་མིང་ལ་ལྷ་ས་རུ་བཞི་ཞེས་ཐོགས་ཤིང༌། དེ་རྗེས་ས་ཡུལ་དེ་དག་ལ་རིམ་པས་གྲོང་ཁྱེར་ཆགས་སྟབས་སྤྱི་མིང་ལ་ལྷ་ས་རུ་བཞི་ཞེས་པའི་ཟེར་རྒྱུན་ཆགས་པ་ཡིན། དེའི་རྗེས་ཤུལ་མཚོན་པ་ནི་གཙུག་ལག་ཁང་གི་ལྷོ་ཕྱོགས་ཀྱི་ཁང་རྒྱུད་ལ་དཀར་རུ་ཤར། ༼དུས་ཕྱིས་དགའ་རུ་ཤར་ཟེར།༽ ཞེས་པ་དང༌། ཤར་རྒྱུད་དུ་དམར་རུ་ ༼དེང་སྐབས་རྨེ་རུ་ཞེས་འབོད།༽ རྙིང་པ་བྱ་བའི་ས་མིང་དེ་ད་ལྟའང་གནས་ཡོད། དཀར་རུ་དང་དམར་རུ་ཟེར་བའི་དོན་ནི་དམག་སྡེ་སོ་སོའི་རུ་དར་དཀར་པོ་དང་དམར་པོ་ཡིན་པ་ལ་བརྟེན་ནས་མིང་དེ་ལྟར་ཆགས་པ་ཡིན།

དེས་ན་དགའ་རུ་ཤག་ཅེས་པ་སྔོན་དུས་ཆོས་རྒྱལ་སྲོང་བཙན་སྐབས་དམག་གི་རུ་ཆེན་བཞི་ལས་རུ་དར་དཀར་པོ་ཅན་གྱི་དམག་སྡེ་སྡོད་གནས་ཡིན་པས་དཀར་རུ་ཞེས་པའི་མིང་དེ་ཉིད་སྒྲ་ཉམས་ནས་དགའ་རུ་ཞེས་པར་གྱུར་ཏེ་དེང་དགའ་རུ་ཤག་ཏུ་གྲགས་པ་དེ་ཡིན།

དགའ་རུ་ཤག་ནི། ལྷ་ལྡན་བར་སྐོར་གྱི་ལྷོ་ཕྱོགས་གསུང་ཆོས་རྭ་བ་དང་བླ་བྲང་རྙིང་པའི་བར་དུ་གནས་ཤིང༌། སྤྱི་ལོ་ ༡༩༡༣ ལོར་སོ་ནམ་ལས་ཁུངས་དང༌། ཇ་ཚྭ་ལས་ཁུངས། དངུལ་ཁང་ལས་ཁུངས་བཅས་གསར་འཛུགས་མཛད་པའི་ནང་ནས་སོ་ནམ་ལས་ཁུངས་འདི་བཞིན་དགའ་རུ་ཤག་ནང་ཚུགས་པར་གྲགས།

ག༽ སྒང་མཁར་ཤག་ནི། བར་སྐོར་གྱི་བྱང་ངོས་སྣང་རྩེ་ཤག་དང་བྱམས་ཁང་གཉིས་ཀྱི་ཤར་ངོས་རྨེ་རུ་རྙིང་པའི་བྱང་ངོས་ཉེ་འགྲམ་དུ་གནས་ཤིང༌། དེང་སྐབས་བར་སྐོར་གྲོང་ལྷན་གྱི་མངའ་ཁོངས་ཡིན་ལ་གྲོང་མི་གནས་སྡོད་བྱེད་མུས་ཡིན།

ང༽ སྟག་ལུང་ཤག་ནི་ལྷ་ལྡན་བར་སྐོར་གྱི་བྱང་ངོས་དང་སྣང་རྩེ་ཤག་གི་རྒྱབ་ངོས་མཆོད་ཁྲི་ཁང་གི་ཉེ་འགྲམ་དུ་གནས་པ་དང༌། ལ་ལས་སྐྱིད་རས་ཁོངས་སུ་ཡིན་ཚུལ་དང༌། སྟག་ལུང་ཤག་ནི་སྟག་ལུང་བླ་ཆེན་རྣམ་པ་ལྷ་ལྡན་དུ་ཕེབས་བཞུགས་སྐབས་ཀྱི་བཞུགས་ཤག་ལ་སོང་སྟག་ལུང་ཤག་ཅེས་མིང་ཐོགས་ཚུལ་གསུངས། སྒང་མཁར་ཤག་དང༌། སྟག་ལུང་ཤག་གཉིས་ཀྱི་ཞིབ་ཕྲའི་ལོ་རྒྱུས་ཀྱི་དཔྱད་གཞི་མ་རྙེད་པས་འོལ་ཚོད་ཀྱི་བརྗོད་པར་མ་སྤོབས་པས་འདི་ཙམ་དུ་ལུས་སོ།།

ཞེ་བཞི། ལྷ་སའི་ཁང་གསར་བཞི། ཁང་གསར་བཞི་ནི་དགའ་ལྡན་ཁང་གསར་དང༌། དཔལ་རབ་ཁང་གསར། རབ་བརྟན་ཁང་གསར། སྦྱར་པ་ཁང་གསར་བཅས་བཞི་ལས། ཀ༽ དགའ་ལྡན་ཁང་གསར་ནི། དུས་རབས་བཅུ་དྲུག་པའི་དུས་དཀྱིལ་དུ་སྐྱིད་ཤོད་སྡེ་པ་དགའ་ལྡན་པ་ནང་སོ་དོན་གྲུབ་རྒྱལ་པོས་ལྷ་ས་གྲོང་ཁྱེར་འདིའི་བྱང་རྒྱུད་ར་མོ་ཆེ་གཙུག་ལག་ཁང་གི་རྒྱབ་ངོས་སུ་དགའ་ལྡན་ཁང་གསར་གྱི་ཁང་པ་གསར་རྒྱག་བྱས་རྗེས། ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་ྋརྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་རབ་གནས་དགའ་སྟོན་དུ་གདན་དྲངས་ཤིང༌། དེ་སྐབས་དགའ་ལྡན་ཁང་གསར་དང་ར་མོ་ཆེ་གཉིས་ཀ་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཡོད་ཚུལ་རག་ར་ཆོས་འབྱུང་ཤེལ་དཀར་མེ་ལོང་དང༌། ྋརྒྱལ་དབང་བསོད་ནམས་རྒྱ་མཚོའི་རྣམ་ཐར་བཅས་སུ་གསལ་ལོ། །གཞན་ཡང་དགའ་ལྡན་ཁང་གསར་ནི་ཕོ་ལྷ་བའི་ཕོ་བྲང་ཡང་ཡིན་སྐད་དང༌། ཕོ་བྲང་པོ་ཏཱ་ལ་རྒྱ་བསྐྱེད་ཉམས་གསོ་མཛད་སྐབས་ཤིང་བཟོའི་ལས་གྲྭ་གནང་ཡུལ་ཞིག་ཀྱང་ཡིན།

ཁ༽ སྦྱར་པ་ཁང་གསར་ནི། དུང་མཚོའི་ཟུར་ནས་ཁ་ཆེ་ལྷ་ཁང་ལམ་རྒྱུད་ཝ་པ་གླིང་གྲོང་ལྷན་ཁོངས་སུ་ཡོད་ཅིང༌། སྔར་གྱི་ཁང་གསར་རྙིང་སོང་གི་ལོ་རྒྱུས་ཅན་གྱི་ཁང་པ་དེ་ཉིད་གཏོར་བཤིག་གིས་དེང་སྐབས་རྒྱ་ལུགས་ཀྱི་ཁང་པ་གསར་པ་འཛུགས་སྐྲུན་གྱིས་གནའ་བོའི་རྣམ་པ་དེ་མཐོང་རྒྱུ་མེད།

ག༽ དཔལ་རབ་ཁང་གསར་དང༌། ང༽ རབ་བརྟན་ཁང་གསར་བཅས་ཀྱི་ལོ་རྒྱུས་ཞིབ་ཕྲ་མ་རྙེད་ཅིང༌། གོ་ཐོས་ལྟར་ན་དཔལ་རབ་ཁང་གསར་དེ་གཏོར་བཤིག་གིས་དེང་མིག་ལམ་དུ་མཐོང་རྒྱུ་མེད་པར་གྱུར་ཟིན། དེ་མིན་ཁང་གསར་བཞིའི་ཁོངས་སུ་མ་གཏོགས་པའི་ཁང་གསར་གྱི་མིང་ཅན། ཡབ་གཞིས་ཕུན་ཚོགས་ཁང་གསར་དང༌། ཧོར་ཁང་གསར་སོགས་ཡོད། དེ་དག་ནི་ཁང་པ་གསར་པ་བརྒྱབ་ནས་གསར་པའི་མིང་བཏགས་པ་ལས་ཁང་གསར་བཞིའི་ཁོངས་སུ་མེད།།

ཞེ་ལྔ། ལྷ་སའི་སྤ་ར་བཞི། ལྷ་སའི་སྤ་ར་བཞི་ནི། ཟོང་རའི་སྤ་ར་དང༌། ཀུང་སྤ་ར། བྱམས་ཁང་སྤ་ར། ལག་ཁང་སྤ་ར་བཅས་བཞི་ཡིན་ལ། སྤ་ར་བཞི་པོ་དེ་དག་ནི་བར་སྐོར་ནང་གི་བྱང་ངོས་སུ་སྣང་རྩེ་ཤག་གི་ཉེ་འཁྲིས་སུ་ཡོད་ཅིང༌། དེ་དག་སྔར་བལ་པོའི་ཚོང་པ་སྡོད་སའི་སྒོ་ར་ཤ་སྟག་ཡིན་ལ། སྤ་ར་བཞི་པོ་རྣམས་སྣང་རྩེ་ཤག་གི་རྒྱབ་མདུན་དག་ཏུ་གནས་ཤིང༌། དེང་སྐབས་བར་སྐོར་ཨུ་ཡོན་ལྷན་ཁང་ཁོངས་ཀྱི་གྲོང་མི་གནས་སྡོད་དང༌། དེ་མིན་ཚོང་ཁང་དང༌། ཟ་ཁང་བཅས་བྱེད་མུས་ཡིན་པ་བཅས་སོ།།

ཞེ་དྲུག ལྷ་སའི་གནའ་བོའི་ཁང་རྙིང་གྲགས་ཅན། འཛམ་གླིང་འཛིན་མའི་ཁྱོན་ལ་གངས་ལྗོངས་ལྷ་ལྡན་གྲོང་ཁྱེར་ཞེས་བསྔགས་བརྗོད་ཀྱི་སྒྲ་དབྱངས་སྙན་པར་ཁྲོལ་བའི་ལྷ་ས་གྲོང་ཁྱེར་གྱི་དབུས་སུ་གྱུར་པའི་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འདབས་སུ་གནའ་བོའི་བཟོ་བཀོད་ཀྱི་ཉམས་བཟང་མངོན་པའི་བོད་གཞུང་གི་ལས་ཤག་དང༌། བླ་སྤྲུལ་བཞུགས་སའི་བླ་བྲང༌། མི་སྣ་གྲགས་ཅན་གྱི་གཟིམ་ཤག ལོ་རྒྱུས་དང་འབྲེལ་བའི་རིག་གནས་ཤུལ་བཞག མི་སེར་སྡོད་སའི་ཁང་པ་དང༌། ཚོང་ཁང་སོགས་མིང་གྲགས་ཅན་གྱི་གནའ་ཤུལ་ཕལ་མོ་ཆེ་ད་ཆ་མིང་གི་ལྷག་མར་གྱུར་ཟིན་པ་དང༌། ལ་ལ་དེང་སྐབས་ཉམས་གུད་དང་རྩ་མེད་དུ་འགྲོ་བཞིན་པ་དག་ནི་རྗེས་རབས་པ་རྣམས་ཀྱིས་གནའ་བོའི་ལྷ་སའི་ལོ་རྒྱུས་དང༌། བོད་རིགས་མི་དམངས་ཀྱི་གནའ་སྔ་མོའི་རིག་གནས་དང༌། ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་མངའ་བྱེད་པར་མེད་དུ་མི་རུང་བའི་དངོས་བྱུང་གི་དཔང་རྟགས་དུ་མ་ཞིག་ང་ཚོའི་མིག་མདུན་དུ་རྩ་མེད་དུ་འགྲོ་བ་མཐོང་སྐབས་སེམས་ཀྱིས་མ་བཟོད་ཐབས་བྲལ་བ་ཞིག་ཡིན།

བར་སྐོར་བྱང་ཆུབ་བྱོན་ལམ་གྱི་བྱང་ངོས་སུ་ཁང་པ་ཐོག་རྩེགས་ཉིས་ཐོག་ཅན་གནའ་ཉམས་ཀྱིས་ཡོངས་སུ་ཕྱུག་པའི་ཁང་རྙིང་ཞིག་ཡོད་པ་དེ་ནི། ཡུལ་གྲུ་ཀུན་ལ་གྲགས་པ་རབ་ཏུ་འབར་བའི་ཆོས་རྒྱལ་ཕོ་བྲང་ཞེས་པ་དེ་ཡིན་ལ༑ དེ་ནི་མེས་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བཞུགས་སའི་ཕོ་བྲང་ཆེན་པོ་བཞིའི་ནང་གི་སྔ་གྲས་ཤིག་ཡིན་པས། བཞེངས་པའི་དུས་ཚོད་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ལས་ཀྱང་སྔ་བ་ཡོད།

བར་སྐོར་གྱི་བྱང་སྨད་དུ་ཡོད་པའི་ཉག་རོང་ཤག་ཅེས་པ་ནི། ཐོག་མར་གཟིམ་ཤག་དེ་བོད་ཀྱི་སྐུ་དྲག་ཆེན་པོ་ཟུར་ཁང་གི་ཡིན་རུང༌། དུས་རབས་ཉི་ཤུ་པའི་ལོ་རབས་སུམ་ཅུ་པར་སྨན་པ་གྲགས་ཅན་འཚོ་བྱེད་རིན་འཛིན་ལྷུན་གྲུབ་དཔལ་འབྱོར་ལ་བོགས་མར་བཏང་བས། དེ་ནས་རིམ་གྱིས་འཕེལ་རྒྱས་བྱུང་ཞིང༌། མཐར་ཉག་རོང་ཤག་སྨན་ཁང་དང༌། ཉག་རོང་ཤག་སློབ་གྲྭ་ཞེས་པར་བསྒྱུར་བ་མ་ཟད། དེའི་སྙན་གྲགས་ཆོལ་གསུམ་ཁྱོན་ཡོངས་ལ་ཁྱབ་ཅིང༌། ཕྱི་ལོ་ ༡༩༥༩ ལོར་དམར་པོ་རྒྱ་ཡིས་གངས་ལྗོངས་ཆོས་ལྡན་ཞིང་ཁམས་བཙན་བཟུང་མ་བྱས་པའི་སྔ་རོལ་སློབ་གྲྭ་དེ་ནས་བོད་ཡོངས་ལ་དྲུང་ཡིག་དང་བཅས་པའི་སློབ་མ་སྟོང་ལ་ཉེ་བ་གསོ་སྐྱོང་གནང་མྱོང་བས། བོད་ཀྱི་སྒེར་གཉེར་སློབ་གྲྭ་ཆེ་ཤོས་ཤིག་ཡིན། ཉག་རོང་ཤག་གི་ཕྱིའི་བཀོད་པར་སྲུང་སྐྱོབ་ལེགས་ཙམ་བྱུང་སྟེ་ད་ལྟའང་ང་ཚོའི་མིག་ལམ་དུ་མཇལ་དུ་ཡོད་པས། དེ་ནི་བར་སྐོར་ཉེ་ཁུལ་གྱི་གནའ་བོའི་རིག་གནས་ཀུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཀླུ་སྦུག་ཁུལ་དུ་གནས་པའི་བཤད་སྒྲའི་གཟིམ་ཤག་ན། གངས་ལྗོངས་སུ་སྙན་གྲགས་ཆེ་བའི་གཟིམ་ཤག་ཅིག་ཡིན། དེ་ཡང་ལོ་རྒྱུས་དེབ་ཐེར་ཁག་ཏུ་འཁོད་པ་ལྟར་ན། བཤད་སྒྲ་ཞེས་པའི་ཁྱིམ་ཚང་དེ་རྗེ་བདག་ཉིད་ཆེན་པོ་ལྷ་སར་མ་བྱོན་གོང་ནས་ཡུལ་དེར་བཞུགས་ཡོད་པ་མ་ཟད། བཤད་སྒྲ་ཀུན་དགའ་དཔལ་འབྱོར་ནས་བཟུང༌། གཟིམ་ཤག་དེ་ནས་སྔ་རྗེས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་དཔོན་པོ་མི་རབས་བརྒྱད་ཙམ་བྱུང་སྐད་འདུག དེའི་ནང་ནས་ཅུང་སྐད་གྲགས་ཆེ་བ་ལ་བཀའ་བློན་བཤད་སྒྲ་ཀུན་དགའ་དཔལ་འབྱོར་དང༌། བཀའ་བློན་བཤད་སྒྲ་དོན་གྲུབ་རྡོ་རྗེ། སྡེ་སྲིད་བཤད་སྒྲ་དབང་ཕྱུག་རྒྱལ་པོ། རིམ་བཞི་པ་བཤད་སྒྲ་དགའ་ལྡན་དཔལ་འབྱོར་སོགས་བྱུང་ཡོད། མིང་ངོ་མར་བཤད་སྒྲ་ཕུན་ཚོགས་ཁང་གསར་ཞེས་པའི་གནའ་བོའི་གཟིམ་ཤག་རྙིང་པ་དེ་ནི་ཕྱི་ལོ་ ༡༨༡༦ ལོར་བཤད་སྒྲ་དོན་གྲུབ་རྡོ་རྗེས་སྲིད་ཀྱི་ཐུགས་འགན་བཞེས་རིང་དངོས་སུ་བཞེངས་པས། ད་བར་མི་ལོ་ ༡༨༨ ཙམ་གྱི་ལོ་རྒྱུས་ཡོད་པའི་གནའ་བོའི་གཟིམ་ཤག་གྲགས་ཅན་ཞིག་ཡིན། དེང་སྐབས་གཟིམ་ཤག་དེ་ཉིད་སྲུང་སྐྱོབ་བྱེད་པའི་ཁང་ཐོའི་ཁུངས་སུ་ཚུད་པས་ཅུང་ཟད་སྲུང་སྐྱོབ་ལེགས་གནས་སུ་ཡོད་པ་འདི་ཡང་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་ལ། དེང་སྐབས་གཟིམ་ཤག་གཙོ་བོ་དང༌། སྒོ་ར་ཚང་མར་གྲོང་མི་གནས་སྡོད་བྱེད་བཞིན་པ་ཡིན།

གཞན་ཡང་གཟིམ་ཤག་ཆེ་ཁག་དང༌། མི་དྲག་རྙིང་ཁུངས་གྲས་ཧོར་ཁང་དང༌། མཁེ་སྨད། ཟུར་ཁང༌། ཕ་ལྷ། ལྕང་ལོ་ཅན། སྒེར་ཞོལ་ཁང༌། གསར་བྱུང༌། སྒེར་བྱང་ངོས། ཟས་ཞིམ་པ། ཚེ་གསུམ་ཕུན་ཁང༌། རག་རྩིབ། ལྡན་བྱ་ཚང༌། དགེ་རྒྱས་པ། ལྕགས་ཤར་བ། རྒྱལ་གྲོང་ནང་བསོ། བདེ་མཁར། བསོད་ནམས་སྒང་པ། སྒེར་ལྷ་སྡིང༌། བདེ་ཟུར། གསུམ་མདོ། རྟ་ར་མདོ། བཤད་ཟུར། ཧོར་ཁང་ཟུར། གནམ་དཔོན། མཁར་སྣ། ལྕགས་སྤྲག་པ། རྡོ་གྲོང༌། ལྷ་ལུང་ཟུར་ལྕི། དེ་ཞིམ། གོང་དཀར་རྒྱ་མཚོ། ནོར་རྒྱས། ལྷུན་རབ། སྤོ་ཤོད། ཚ་རོང༌། བཤད་ཟུར། ཁྲི་སྨོན། གནང་ཆུང༌། བོན་ཤོད་སོགས་དང༌། དེ་མིན་རྒྱལ་བའི་ཡབ་གཞིས་ཁག་དང༌། སྡེ་དཔོན་བཞི་ལ་སོགས་པ་མང་དུ་མཆིས་སོ།། །།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
མ་གཞི་ལྷ་སའི་ཤར་ངོས་སུ་སྦྲ་ནག་ཞོལ་ཞེས་པའི་ས་ཁུལ་དེ་ཆགས་ནས་ལོ་རྒྱུས་ཡུན་རིང་
ཕྱིན་མེད་ནའང་ཕྱིས་སུ་སྦྲ་ནང་ཞོལ་ཟེར་བའི་ས་ཁུལ་དེ་དང་དེའི་ནང་གི་ཁང་རྙིང་ཙམ་དུ་མ་ཟད། དེའི་ནང་གནས་སྡོད་གནང་མཁན་ལྷ་ས་བ་མི་རྙིང་པ་ཚོ་དེང་སང་བོད་ཕྱི་ནང་གང་
སར་གྲགས་པ་ཡོད་པས། སྦྲ་ཞོལ་ཁུལ་གྱི་ལོ་རྒྱུས་ཤིག་འདིར་འཁོད་ན་ལྷ་སའི་ལོ་རྒྱུས་དེ་བས་
འཐུས་སྒོ་ཚང་དུ་འགྲོ་རྒྱུར་ཕན་ཐོགས་འདུག་སྙམ།
4 ༢༠༢༠༡༤༡༡༥༢
ཡེ་ཤེས་ཆོས་བཟང་།
དགོངས་ཚུལ་གསུངས་གནང་བར་ཐུགས་རྗེ་ཆེ། དྲ་རྒྱའི་བདེ་འཇགས་དང་ཕྱོགས་མང་པོ་ཞིག་ནས་འདི་གའི་དྲ་རྒྱའི་བརྩམས་ཆོས་དེབ་སྐྱེལ་མ་གནང་བར་སྤྱོད་ཐུབ་ཀྱང་ཕབ་བཤུས་ཐུབ་ཀྱི་མེད། དེར་བརྟེན་སྐུ་ཉིད་ལ་མཁོ་བའི་བརྩམས་ཆོས་བྱེ་བྲག་པ་ཡོད་ཚེ་སྐུ་ཉིད་ཀྱི་གློག་འཕྲིན་ཁང་བྱང་འདིར་གཏོང་གནང་ན་དེ་བརྒྱུད་ནས་བཀུར་ཆོག བརྩམས་མང་པོ་ཕབ་བཤུས་གནང་དགོས་ཚེ་སྐུ་ཉིད་ནས་དྲ་རྒྱར་ཐོ་འགོད་༼དེབ་སྐྱེལ་༽གནང་རོགས་ཞུ་རྒྱུ་ཡིན།།
གུས་པས་ལོ་རྒྱུས་དགེ་རྒན་གྱི་བྱ་བར་གཉེར་བཞིན་ཡོད་པས། གོང་འཁོད་བརྩམས་ཆོས་དེ་དག་རེག་སོན་བྱུང་ན། མ་འོངས་ཁ་བ་རིག་པའི་དཔལ་ཡོན་རིག་གནས་དང་བཅས་པ་གསོན་ཉར་གནང་མཁན། སློབ་ཕྲུག་ཚོ་ལ་ངོ་སྤྲོད་འཐུས་སྒོ་ཚང་བ་ཞིག་གནང་ཐུབ་ན། རང་གཞན་མི་རིགས་ཀུན་ལ་དགེ་མཚན་ཟློ་མེད་དུ་མཆིས་པས། ཁྱེད་རྣམ་པའི་དྲྭ་བར་འཁོད་པའི་བརྩམས་ཆོས་དག ཕབ་ལེན་བྱེད་ཆོག་པའི་རམ་འདེགས་ཤིག་ཅི་ནས་གནང་བར་མཚལ་ལོ། །
2 ༢༧༢༠༡༡༠༠༥༦
བོད་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་འདི་ང་རང་སློབ་སྦྱོང་བྱེས་འདོད་འདུག་ ང་ལ་གནང་བ་ཡོད་པ་ཞུ།།། This e-mail address is being protected from spambots, you need JavaScript enabled to view it
1 ༢༧༢༠༡༡༠༠༥༠
བོད་ལོ་རྒྱུས་སྴོར་གྱི་ནང་དོན་འདི་ང་རང་ཕབ་ལེན་བྱས་ནས་སྦྱམས་དགོས་བསམ་ཡིན་ནས་ཕབ་ལེན་བྱེས་ཐབས་མིན་འདུག ཡིན་ནས་ངས་ཁྱེད་རྣམས་པ་ང་ལ་གནང་ན་འགྲིག་ཡོང་། This e-mail address is being protected from spambots, you need JavaScript enabled to view it



བརྗོད་གཞི་གཞན་ཁག་ལ་གཟིགས།