བོད་ཀྱི་ནང་པ་ཙམ་དུ་མ་ཟད་འཛམ་གླིང་སྤྱི་ཡོངས་ཀྱི་ནང་པའི་གཟི་བརྗིད་ཡིན་པ་འདི་ནས་མངོན་ཐུབ།

ལྟ་གྲུབ་ཀུན་བཏུས་ཀྱི་འགན་འཁུར་བ་ཁྲོམ་ཐོག་རིན་པོ་ཆེས་དབུས་རྩོམ་སྒྲིག་ལྷ་རམས་པ་དགེ་བཤེས་བྱང་ཆུབ་སངས་རྒྱས་དང་ཁོང་གི་ཕྱག་རོགས་རྣམ་པས་༸གོང་ས་མཆོག་གི་དགོངས་གཞི་རླབས་པོ་ཆེ་དང་འཛམ་གླིང་གི་མཁས་དབང་གྲགས་ཅན་རྣམ་པས་ཐུགས་འདོད་བཞིན་ནང་པའི་ལྟ་གྲུབ་དེ་རྒྱལ་སྤྱིའི་སྟེང་གི་སློབ་ཚན་དུ་བཞག་ཐུབ་པ་བྱུང་བ་འདི་ནི་བོད་པ་ཙམ་དུ་མ་ཟད་འཛམ་གླིང་གི་ནང་པ་ཡོངས་ཀྱི་གཟི་བརྗིད་ཡིན་པ་འདི་ནས་མངོན་ཐུབ་པ་ཞིག་ཡིན། ཉེ་བའི་ཆར་ལ་དྭགས་དུས་དབང་ཐེངས་ ༣༣ སྐབས་དང་བསྟུན་ནས་སྐུའི་འཁྲུངས་སྐར་ཉིན་ནང་པའི་ཚན་རིག་གི་ལྟ་གྲུབ་ཀུན་བཏུས་དཔེ་དེབ་སྟོད་སྨད་གཉིས་དབུ་འབྱེད་དང་། ༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་རྩོམ་སྒྲིག་པ་རྣམས་ལ་ཡི་རང་བསྔགས་བརྗོད་གནང་སོང་བས་གུས་པའི་སེམས་ནང་དུ་བརྗོད་མི་ཤེས་པའི་དགའ་བ་འབུམ་ཕྲག་མང་པོ་སྐྱེས་བྱུང་། གུས་པས་ལག་གཉིས་ཐལ་མོ་དང་སོར་མོའི་འདབ་མ་སྙིང་གར་སྦྱར་ཏེ་རྩོམ་སྒྲིག་གི་འགན་འཁུར་བ་རྣམས་ལ་བཀའ་དྲིན་ལྷག་པར་དུ་ཆེ་ཞུ། གོ་ཐོས་ལ་ཁོང་རྣམ་པས་ལོ་མང་པོའི་རིང་ཉིན་མཚན་ལྟོས་མེད་ཐོག་དཔེ་དེབ་འདིའི་ཐོག་སྐུ་ལས་སྐྱོན་ཡོད་པ་དང་། ༸གོང་ས་མཆོག་དབུ་བཞུགས་ཐོག་དཔེ་དེབ་འདིའི་ཐོག་གི་བགྲོ་གླེང་ཐེངས་མང་གནང་ཡོད་འདུག །དཔེ་དེབ་སྐད་རིགས་མི་འདྲ་བ་མང་པོའི་ནང་དུ་ཡང་བསྒྱུར་འཆར་ཡོད་པ་འདྲ། དོན་གནས་འདི་གཅིག་པུ་ལ་བརྟེན་ན་ཡང་༸གོང་ས་མཆོག་གི་མཛད་འཕྲིན་དང་རླབས་ཆེན་གྱི་བྱ་གཞག་སོགས་ནི་སུ་གཅིག་གི་འགྲན་མི་ནུས་པ་ལྟ་བུ་རེད། ཡིན་ཡང་སྤྲང་ཕྲུག་དམ་སྲི་གདུག་པ་ཅན་གྱི་དོལ་རྒྱལ་རྗེས་འབྲངས་པ་འགའ་ཞིག་གི་སོ་སོ་བོད་མི་ཞིག་གི་ངོ་བོ་མེད་པར་འགྱུར་ནས་དྲིན་ལན་ལོག་འཇལ་གྱིས་༸གོང་ས་མཆོག་ལ་མཚན་སྨད་ཞུ་ཐབས་བྱེད་པ་འདི་ནི་མི་ཞིག་ཡིན་པའི་ཆ་ཤས་ཆེས་ཐ་ཤལ་དང་མ་རབས་ཀྱི་སྤྱོད་ཚུལ་ཡིན་པ་ལས་འཛམ་གླིང་གི་སྐྱེ་བོ་གཟུ་བོར་གནས་པ་རྣམས་ཀྱི་ཕྲེད་གད་ཤོར་བ་དང་དུས་མཚུངས་ཞབས་འདྲེན་བླ་ན་མེད་པ་ཞིག་ཡིན་པ་ཧ་གོ་གི་ཡོད། དམངས་ཁྲོད་ཁ་བརྡ་ཟེར་བའི་ནང་། ཁོང་ཚོས་དྲི་བ་བཏང་ཁུལ་ཞིག་འདུག །ངོ་རྒོལ་སྐད་འབོད་བྱེད་པར་རྒྱ་མིའི་དངུལ་ཟ་ཡོད་རབས་བཤད་ཀྱི་ཡོད་པས་དགོངས་ཚུལ་ག་རེ་ཡོད་ཟེར་བར། མང་ཆེ་བས་སོ་སོའི་ཨམ་ཕྲག་ནས་དངུལ་བཏང་ཡོད་པ་ལས་རྒྱ་མིའི་དངུལ་ཟ་རྒྱུ་མ་བྱུང་ཟེར་བཞིན་འདུག །དོལ་རྒྱལ་རྗེས་འབྲངས་པ་ཚང་མར་རྒྱ་མིས་སྤྲད་པའི་དངུལ་རྣམས་བགོ་བཤའ་རྒྱབ་ན་དོལ་ཚོགས་ཀྱི་སྒྲིག་འཛུགས་དང་ཚོགས་གཙོ། ཚོགས་གཞོན། ཚོགས་མི་རྣམས་ལ་ལྐོག་ཟ་བྱ་རྒྱུའི་དངུལ་གང་ནས་རག་གི་རེད། དེ་ཚོ་ནི་སྙིང་རྗེ་སྐྱེས་འོས་པ་རང་ལས་ལྐུགས་པའི་ཞེན་ཁོག་དང་ཁོང་ཚོ་མང་ཆེ་བ་ནི་ཨམ་ཆོག་རྐུབ་སྒང་དུ་བཏགས་བསྡད་པ་ཤ་སྟག་གོ། །འདི་ལས་༸གོང་ས་མཆོག་གི་མཛད་འཕྲིན་མཁའ་མཉམ་ལུས་ཅན་ཡོངས་ལ་ཁྱབ་བཞིན་ཡོད་པ་འདི་ནི་དོལ་ཚོགས་རྗེས་འབྲངས་པ་རྣམས་ཀྱི་ནམ་ཡང་འགོག་མི་ཐུབ་ལ་༸གོང་ས་མཆོག་གི་སྐུ་རྒྱབ་ཏུ་རི་རྒྱལ་ལྷུན་པོ་ནང་བཞིན་གྱི་འཛམ་གླིང་གི་མཁས་དབང་ཀུན་སྐོམ་པ་ཆུ་འདོད་ལྟར་མིག་ཅི་རེར་ལྟ་བཞིན་འདུག་གོ།


བརྗོད་གཞི་གཞན་ཁག་ལ་གཟིགས།