འབྲུག་ཡུལ་དུ་བོད་མིའི་དཀའ།

གུས་པ་ཕྱི་ལོ་༡༩༩༠ ཟླ་༨ ཚེས་༡༤ ཉིན་འབྲུག་སྤ་རོ་གཞིས་ཆགས་སུ་སྐྱེས་པའི་བོད་ཕྲུག་རྩམ་ཟན་ཞིག་ཡིན། ཕྱི་ལོ་༢༠༡༡ ལོར་འབྲུག་ཏུ་གནས་སྐོར་དང་སྤུན་མཆེད་ཐུག་ཕྲད་ཆེད་དུ་ཕྱིན། ཉིན་ཞིག་ཁ་ས་ཁ་གཞིས་ཆགས་སུ་ཕྱིན་སྐབས་བོད་མི་རྒན་གྲས་ཤིག་མཇལ་བྱུང་། ཁོང་གིས་གཞིས་ཆགས་ཀྱི་གནས་སྟངས་ངོ་སྤྲོད་སྐབས་བོད་མི་ནང་ལ་འབྲུག་པའི་མི་སེར་བྱ་འདོད་ཡོད་མེད་ཐོག་འདོད་པ་མི་འདྲ་བ་གསུམ་ཡོད་ཟེར། ༡༽ བོད་འབྲུག་གཉིས་ཀའི་མི་སེར་བྱ་འདོད་ཡོད་པ། ༢༽ འབྲུག་པའི་མི་སེར་བྱ་འདོད་ཡོད་པ། ༣༽ བོད་པ་ཡིན་པའི་ཐོག་འབྲུག་པའི་མི་སེར་བྱ་འདོད་མེད་པ་བཅས་གསུམ་ལས་ཁོང་ནི་གསུམ་པ་འདོད། དེ་སྔོན་ནས་བོད་པ་འབྲུག་པའི་མི་ཁོངས་སུ་ཡོད་པའི་བོད་རིགས་མི་ཉུང་བ་ཡོད་པ་དེ་དག་ལ་འབྲུག་གཞུང་གི་ཐོབ་ཐང་གཅིག་མཚུངས་ཡོད་པ་མ་ཟད་ཕལ་ཆེ་བ་སྒེར་གྱི་ས་ཆ་དང་། ཚོང་ཁང་དང་ཟ་ཁང་སོགས་ལ་རྟེན་ནས་འཚོ་བའི་ཐོག་དཀའ་ངལ་མེད་པར་གནས་ཡོད། བོད་མི་སྐྱབས་བཅོལ་བ་རྣམས་ཁང་པ་གཡར་ནས་ཚོང་ཙག་ཙིག་ལ་རྟེན་ནས་ཕྲུ་གུ་འཛིན་རིམ་བཅུ་བར་བཏང་ཐུབ་ཙམ་དང་། དེ་ནས་སློབ་གྲྭར་འགྲོ་མི་ཆོག་པས་བུ་མོ་རྣམས་ཚོང་ཁང་དང་ཟ་ཁང་འདྲ་གཉེར་ནས་འཚོ་བ་འཁྱོལ་ཙམ་དང་བུ་རྣམས་གླ་འཁོར་དང་དངོས་ཟོག་དབོར་འདྲེན་གྱི་ཁ་ལོ་བའི་ལས་ཀ་བྱེད་བཞིན་འདུག ད་དུང་ཁོང་གི་ལོ་མང་གོང་ནས་བཙན་བྱོལ་གཞུང་ནས་བསྐོ་གཞག་བྱས་པའི་སྐུ་ཚབ་དོན་གཅོད་རྡོ་རྗེ་རྒྱལ་པོའི་ལས་ཁུར་བླངས་ནས་ལོ་ངོ་བཅོ་ལྔ་ལྷག་འགྲོ་ཡི་ཡོད་པ་དང་ད་བར་ལས་གནས་འཕོ་འགྱུར་གནང་མེད་ཟེར། སྐུ་ངོ་དོན་གཅོད་བོད་མི་ཐོག་ཕྱག་ལས་གནང་རྒྱུ་ཚབ་ལ་རང་མགོ་མ་ཐོན་པར་མཚམས་རེ་ར་བཟི་བ་དང་གླ་འཁོར་བཏང་ནས་བསྡད་ཀྱི་ཡོད་པ་དང་། རྒྱུན་ལྡན་གྱི་ཕྱག་ལས་གནང་ས་ལས་ཁུངས་ཀྱང་མེད་ཟེར། སྐུ་ཚབ་དོན་གཅོད་ཁོང་གླེང་གཞི་ཅན་རེད་འདུག ཟླ་ཤས་གོང་བཞུགས་སྒར་དྷ་རམ་ས་ལ་ནས་འབྲེལ་ཡོད་སྐུ་ངོ་ཞིག་འབྲུག་ཏུ་ཕེབས་ནས་རྡོ་རྗེ་རྒྱལ་པོས་རྒྱལ་ས་ཐིམ་ཕུར་བོད་པ་ཡིན་པ་ལ་འབྲུག་པའི་མི་སེར་ཡིན་པའི་བོད་པའི་གསོལ་མགྲོན་ཁང་དུ་གུང་ཚིགས་ལ་གདན་འདྲེན་ཞུས་ནས་གཞིས་ཆགས་ཁག་ཏུ་དངོས་ཡོད་ཀྱི་བདེ་སྡུག་ལ་གཟིགས་ཞིབ་ལ་མ་སྐྱོད་པར་ཕྱོགས་གཉིས་ནས་འབྲུག་ཏུ་ཡོད་པའི་བོད་མི་རྣམས་གནས་བབས་ཡག་པོ་ཡོད་པའི་བཀའ་མོལ་བྱུང་འདུག་ཟེར། ཡོངས་གྲགས་སུ་ཁོང་གི་མཚན་ལ་རྡོ་རྒྱལ་པོ་ཟེར། དངོས་ཡོད་དཀའ་ངལ་ཏེ་ཕྲུ་གུའི་ཤེས་ཡོན་དང་། འབྲུག་པའི་སྐྱབས་བཅོལ་ལག་ཁྱེར་ལ་རྒྱ་གར་གནས་སྡོད་ཆོག་པའི་ལག་ཁྱེར་ལྟ་བུའི་ནུས་པ་མེད། ཐ་ན་རྒྱ་འབྲུག་བར་གནམ་གྲུ་ལ་ཡང་འགྲོ་མི་ཆོག་པ་དང་། འཛིན་གྲྭ་བཅུ་པ་ནས་སློབ་སྦྱོང་མཐའ་འཁྱོལ་བ་འགྲོ་ཐུབ་ཀྱི་མེད། མ་ཟད་འབྲུག་ནས་རྒྱ་གར་རུ་གཞི་ཆགས་གནས་སྤོ་བྱེད་མཁན་འགའ་ཤས་ལ་ད་བར་གཞིས་ཆགས་ཀྱི་ཐོབ་ཐང་མ་འཐོབ་པར་ལུས་ཡོད། འགའ་ཞིག་རྒྱ་གར་རུ་འབྱོར་ནས་ཕྲུ་གུའི་ཨར་སི་བཟོ་རྒྱུ་ཚབ་ལ་ཕ་མ་རང་ཉིད་ལའང་ཨར་སི་མེད་མཁན་ཁ་ཤས་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་བཀའ་བློན་རྣམ་པ་དང་། དེ་བཞིན་སྤྱི་འཐུས་རྣམ་པས་གང་མགྱོགས་འབྲུག་ཡུལ་དུ་ཡོད་པའི་གཞིས་ཆགས་ཁག་ལ་གཟིགས་སྐོར་དང་བོད་མི་བདེ་སྡུག་ཐོག་རྟོག་ཞིབ་ནན་པོ་གནང་སྐྱོང་ཡོང་བ་ཞུ།


བརྗོད་གཞི་གཞན་ཁག་ལ་གཟིགས།