ཟླ་ཚེས་ ༢༠༡༡ ཟླ་༤ ཚེས་ ༡༩

སྤྱི་ལོ་༢༠༡༡ ཟླ་ ༤ ཚེས་༢༧ ཉིན།ཨ་རིའི་གྲོང་ཁྱེར་ཨེ་ཊི་ལན་ཊར་རྟེན་གཞི་བྱས་པའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ལོ་༢༠༡༡ ལོའི་ཁྱད་འཕགས་སྤྱི་ཚོགས་ཞབས་ཞུ་བའི་ DVS ཆེ་བསྟོད་བྱ་དགའ་དེ་བཞིན་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་སུ་ཕུལ་ཡོད་པ་རེད། ལོ་འཁོར་གཟེངས་བསྟོད་བྱ་དགའ་འདི་ནི་ཌི་ཝི་ཨེསི་ཆེ་བསྟོད་མཐུན་ཚོགས་ཀྱི་ངོས་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཆེས་ཕུལ་ཏུ་བྱུང་བའི་མི་སྣའམ་ཚོགས་སྡེ་ཁག་ལ་འབུལ་སྲོལ་ཞིག་ཡོད་པ་ལྟར། འདི་ལོར་ཁོང་ཚོས་དགེ་བཤེས་བློ་བཟང་བསྟན་འཛིན་ལགས་ལ་ཆེས་ཕུལ་ཏུ་བྱུང་བའི་སྣེ་ཁྲིད་པ་དང་། སློབ་སྟོན་པ། སྤྱི་སྨན་གྱི་སྤྱི་ཚོགས་ཞབས་ཞུ་བར་ངོས་འཛིན་གྱིས་ཕུལ་བ་ཞིག་རེད། ཌི་ཝི་ཨེསི་ཆེ་བསྟོད་མཐུན་ཚོགས་ཀྱི་ཚོགས་གཙོས་ཁོང་ལ་གཟེངས་བསྟོད་བྱ་དགའ་འབུལ་བའི་སྐབས་སུ་གསུངས་རྒྱུར། "བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བྱམས་པ་དང་སྙིང་རྗེས་ཟིན་པའི་དགེ་བཤེས་བློ་བཟང་བསྟན་འཛིན་གྱི་བྱ་གཞག་མང་པོ་ཞིག་གིས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་འདི་ཙམ་མ་ཡིན་པར། འཛམ་གླིང་སྐྱེ་བོ་སྤྱིའི་ནང་སེམས་ཀྱི་ཞི་བདེ་དང་། ནང་ཆོས་དང་ཚན་རིག་ཟུང་འབྲེལ་གྱི་ཞིབ་འཇུག་ལས་དོན་མང་པོ་ཞིག་གིས་ལུས་ཀྱི་ནད་མང་པོ་ཞིག་ལས་ཐར་བའི་བདེ་སྐྱིད་བསྐྲུན་ཡོད་པ་རེད།" དགེ་བཤེས་བློ་བཟང་བསྟན་འཛིན་ནི་འབྲས་སྤུངས་བློ་གསལ་གླིང་ནས་དགེ་བཤེས་ལྷ་རམས་པ་ཐོན་ཞིང་། ཨེ་མོ་རིར་སློབ་ཞུགས་ཀྱིས་PhD སློབ་ཐོན་ལག་འཁྱེར་ཐོབ་པ་མ་ཟད། གཙུག་ལག་སློབ་གྲྭའི་རེ་འདུན་ལྟར་ནང་ཆོས་སློབ་དཔོན་ཆེན་མོའི་ལས་གནས་འཁུར། རྗེས་སུ་གྲྭ་ཚང་གི་བཀོད་མངགས་ལྟར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ཆོས་ཚོགས་བཙུགས་ནས་ཕྱི་ནང་གཉིས་ཀར་ཞབས་ཞུ་སྒྲུབ་ཀྱིན་ཡོད་པ་རེད། ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་ནི་༧གོང་ས་མཆོག་གི་བཀའ་དགོངས་ལྟར་སྤྱི་ལོ་༡༩༩༨ ལོར་གསར་དུ་དབུ་བརྙེས་པ་དང་། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་ནི་སྤྱི་ལོ་༢༠༠༦ ལོར་བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་ལྷག་རྡོར་ལགས་དང་མཉམ་འབྲེལ་སྒོས་དབུ་འཛུགས་གནང་། སྤྱི་ལོ་༢༠༠༨ ལོར་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ཁྱད་འཕགས་གཙུག་ལག་སློབ་དཔོན་ཆེན་མོའི་མཚན་གནས་བཞེས། དགེ་བཤེས་བློ་བཟང་ལགས་ཀྱིས་སྐབས་དེར་ནན་བརྗོད་བྱས་པ་ལྟར་ན། ལས་དོན་འདི་དག་ཡོད་ཚད་ལེགས་གྲུབ་དང་ལམ་ལྷོང་ཡོང་བའི་རྩ་བའི་རྒྱུ་རྐྱེན་ནི། སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གཟིགས་རྒྱང་རིང་བའི་ལམ་སྟོན་དང་ཁོང་གི་བྱིན་རླབས་ཀྱིས་ཡིན་ལ། དེ་བཞིན་དུ་མཉམ་འབྲེལ་ལས་གཞི་ཁག་གི་ལས་རོགས་རྣམ་པའི་བླ་ན་མེད་པའི་ལྷག་བསམ་དང་རྒྱབ་སྐྱོར་བཅས་དང་ནམ་ཡང་ཁ་བྲལ་ཐབས་མེད་པ་ཞིག་རེད་ཟེར། ཨེ་མོ་རི་དང་བོད་ཀྱི་ཐུན་ཚོགས་སྐོར་ལ་རྒྱུས་ལོན་བྱེད་འདོད་ན་གཤམ་གྱི་དྲ་ཐག་ཏུ་ཕེབས་རོགས།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "དགེ་བཤེས་ཤིག་ལ་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་ཕུལ་འདུག"



བརྗོད་གཞི་གཞན་ཁག་ལ་གཟིགས།