བོད་མི་ཕྱིར་ལོག་བྱེད་ཀྱི་མིན།

བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུའི་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་ཀྱི་སྐུ་ཚབ་ (Ste`phane Jaquement) ནས་བརྗོད་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཁང་དང་བལ་ཡུལ་སྲིད་གཞུང་གཉིས་ཀྱིས་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་དུ་སྲུང་ཆར་ཉེན་ཁ་མེད་པར་བདེ་འཇགས་ཐོག་གཏོང་རྒྱུའི་མཐུན་འགྱུར་བསྐྲུན་དགོས། གང་ཡིན་བརྗོད་ན་བལ་པོའི་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་དབར་ (Gentleman`s Agreement) ཞཻས་པའི་གྲོས་ཆོད་བཞག་ཡོད་ཅེས་བརྗོད་ཡོད། གཞན་ཡང་ཁོང་ནས་ (Ste`phane Jaquement) ཀ་ཐ་མན་གྲུ་བང་ཆེན་ (Kathmandu Post) ཞེས་པའི་གསར་ཤོག་གི་དྲི་བར་ལན་འདེབས་གནང་ཡོད་པ་མ་ཟད། ལྷག་པར་བོད་མི་སྐྱབས་བཅོལ་བའི་གནས་སྟངས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་དེ་བཞིན་བལ་ཡུལ་ནང་གནས་སྟངས་ཇི་འདྲ་ཞིག་ཆགས་མིན་ཐོག་བརྗོད་ཡོད། ཕྱོགས་མཚུངས་བལ་ཡུལ་སྲིད་གཞུང་གིས་དེང་སྐབས་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་སྐྱབས་བཅོལ་བ་ཚོར་དམ་བསྒྲགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་ནས་སེམས་འཚབ་ཇི་འདྲ་གནང་བཞིན་ཡོད་མེད་སྐོར་གྱི་དྲི་བར་ལན་འདེབས་གནང་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་དང་བལ་ཡུལ་སྲིད་གཞུང་གཉིས་ཀས་ཕྱི་ལོ་ ༡༩༩༠ ལོར་བཞག་པའི་ (Gentleman`s Agreement) ཞཻས་པའི་གྲོས་ཆོད་དེར་ཆ་འཛིན་ཐོག་བོད་ནས་བྲོས་བྱོལ་དུ་ཡོང་བའི་བོད་མི་སྐྱབས་བཅོལ་བ་རྣམས་ཉེན་ཁ་མེད་པའི་ཐོག་རྒྱ་གར་དུ་གཏོང་རྒྱུའི་ལག་བསྟར་བྱེད་མུས་ཡིན་ཞེས་བརྗོད་ཡོད་པ་མ་ཟད། ཁོང་ནས་མུ་མཐུད་གྲོས་ཆོད་དེའི་སྐོར་གསུང་དོན། འཛམ་གླིང་ནང་རྒྱལ་ཁབ་གཞན་དང་གཅིག་མཚུངས་ཀྱི་བལ་པོའི་སྲིད་གཞུང་ལའང་རྒྱལ་སྤྱིའི་ཚོགས་པར་སྐྱབས་བཅོལ་མཁན་མི་སུ་འདྲ་ཞིག་བསླེབས་སྐབས་ཕྱིར་སློག་མི་བྱ་རྒྱུའི་འགན་ཞིག་ཡོད།

སྤྱིར་བཏང་བལ་ཡུལ་སྲིད་གཞུང་ནས་ཕྱི་ལོ་ (༡༩༥༡) ལོར་བཞག་པའི་སྐྱབས་བཅོལ་ལྷན་ཚོགས་ཀྱི་འཐུས་མི་མིན། འོན་ཀྱང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་འབྲེལ་བའི་གྲོས་ཆོད་མང་པོར་མིང་རྟགས་བཀོད་པར་བརྟེན་རྒྱལ་སྤྱིའི་ཚོགས་པར་སྐྱབས་བཅོལ་མཁན་མི་སུ་འདྲ་ཞིག་བསླེབས་སྐབས་ཕྱིར་སློག་མི་བྱ་རྒྱུའི་འགན་དེ་ཡོད། ཕྱི་ལོ་ ༡༩༩༠ སྔོན་དུ་བོད་ནས་བྲོས་བྱོལ་དུ་བསླེབས་པའི་བོད་མི་སྐྱབས་བཅོལ་བ་ཚོར་བལ་ཡུལ་སྲིད་གཞུང་ནས་ངོ་གདོང་གི་གནས་ཚུལ་གཞིར་བཞག་ཐོག་ནས་སྐྱབས་བཅོལ་བར་ངོས་འཛིན་གནང་སྟེ་བོད་མི་ཚོར་བལ་ཡུལ་ནང་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་སྤྲད་ཡོད། འོན་ཀྱང་སྐྱབས་བཅོལ་ཡིག་ཆ་དང་ལག་འཁྱེར་དེ་དག་སྤྲོད་རྒྱུ་དང་དུས་ཚོད་ཕྱིར་འགྱངས་བྱ་རྒྱུ་ལག་ལེན་ངོ་ཐོག་ཏུ་རྒྱུན་གཏན་གནས་ཐུབ་པ་ཞིག་བྱུང་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་སྐྱབས་བཅོལ་ལྷན་ཚོགས་ནས་བལ་ཡུལ་སྲིད་གཞུང་ལ་བལ་ཡུལ་ནང་ཡུན་རིང་གནས་མཁན་བོད་མི་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་རྒྱུར་མཐུན་འགྱུར་ཞུས་ཡོད་ཅེས་གསུངས།། ཤམ་བྷ་ལའི་ཕོ་ཉ། ༢༠༡༠ལོའི་ཟླ་༠༩ཚེས་༡༣ཉིན། བོད་གཞུང་དྲ་གནས་སུ་ཟླ་འདིའི་ཚེས་༨ཉིན་སྤེལ་བ་ལས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།