རྩོམ་སྒྲིག་པ་གཉིས་བཀག་ཉར།

ན་གཞོན་རྩོམ་པ་པོ་བུད་ངྷ་རང་ལོ་༣༤ཙམ་ཁོང་གི་ཕ་མིང་ལ་འཇམ་དབྱངས་ཙག་ལི་ཟེར་ཞིང་མ་མིང་ལ་ཚེ་རིང་སྒྲོལ་མ་ཟེར་ཁོང་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་ཁྲིན་ཀཱན་སྡེ་བ་ནས་ཡིན་ཞིང། ཆུང་དུས་ནས་རྔ་པ་རྫོང་ཐོག་གི་སློབ་ཆུང་གཉིས་པ་དང། བོད་ཡིག་སློབ་འབྲིང་སོགས་སུ་སློབ་སྦྱོང་མཐར་ཕྱིན་པ་བྱས་ནས། རྗེས་སུ་རྒྱ་ནག་གི་གྲོང་ཁྱེར་ཁྲོང་ཆེན་དུ་ཡོད་པའི་སྨན་པའི་མཐོ་སློབ་༼ཡས་ཁོ་ཏཱ་བྱེ་༽ཞེས་པར་སྨན་པའི་སློབ་སྦྱོང་མཐར་ཕྱིན་རྗེས་རྔ་པ་རྫོང་བར་མ་ཞང་སོགས་ཀྱི་གྲོང་གསེབ་སྨན་ཁང་ཁ་ཤས་སུ་སྨན་པ་བྱེད་མྱོང་བ་ དང། རྗེས་སུ་རྔ་པ་རྫོང་བོད་སྨན་ཁང་དུ་ཕྱག་ལས་གནང་གི་ཡོད་འདུག ཁོང་གིས་རྒྱ་ལུགས་སྨན་པ་སློབ་སྦྱོང་གནང་ཡང་བོད་སྨན་ཁང་དུ་ལས་བགོས་བྱས་འདུག་པ་འདི་གཅིག་བྱས་ན་རྒྱ་ནག་གཞུང་གིས་བོད་མི་ཚོར་ལས་བགོས་བྱེད་སྟངས་ཁྱད་མཚར་ཞིག་ཡོད་པ་ དེའི་དཔེ་མཚོན་ཞིག་ཀྱང་ཡིན་སྲིད། ཕྱི་ལོ་ ༢༠༡༠ ཟླ ༦ ཚེས ༢༡ ཉིན་རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་རིང་ལུགས་དང་ ཤེས་ཡོན་ཅན་ལ་ངན་སྐུལ་གྱི་ཉེས་མིང་གཡོགས་ནས་འཛིན་བཟུང་བཀག་ཉར་བྱས་པ་ཡིན་མོད། གཙོ་བོ་ཕྱི་ ༢༠༠༨ ལོའི་ཤར་དུང་རི་དུས་དེབ་སྟེང་ཁོ་བོས་བྲིས་པའི༼ཕྱིར་རྟོག་དང་བསམ་གཞིག༽ཅེས་ པའི་བརྩམས་ཆོས་ལ་འབྲེལ་བ་ཡོད་པར་མ་ཟད།༼དུས་རབས་ཀྱི་ང༽དུས་དེབ་དང་འབྲེལ་བ་ཡོད་པ་ཞིག་ཀྱང་ཡིན་ཚུལ་གནས་ཚུལ་མཁོ་སྤྲོད་པས་བཤད། དེང་སྐབས་ཁོང་རྔ་པ་རང་སྐྱོང་ཁུལ་ལྟེ་གནས་འབར་ཁམས་སུ་བཀག་ཉར་བྱས་ཡོད་ཚུལ་ཙམ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང།

ན་གཞོན་རྩོམ་པ་པོ་སྐལ་བཟང་སྦྱིན་པ།༼པུར་མིང་ལ་མགར་མི་ཟེར༽རང་ལོ་ ༣༥ ཙམ། ཁོང་ནི་ཙ་ཡུས་སྨད་ཀྱི་དུད་ཁ་ཤིང་སྐྱོང་ཐང་སྡེ་བ་ནས་ཡིན་ཞིང། མ་མིང་ལ་མཁར་མོ་སྐྱིད་ཟེར་ཞིང། ཆུང་དུས་ཙ་ཡུས་དགོན་པའི་གྲྭ་པ་ཡིན་འདུག ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་ཡོང་ཞིང་སུས་ ཇ་བོད་ཁྱིམ་སློབ་གྲྭར་ལོ་གཅིག་ཙམ་བསྡད་པ་དང་དེ་རྗེས་ཀིརྟིའི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་གནང་འདུག ཕྱི་ལོ་ ༡༩༩༦ དབྱར་ཁ་ཕྱིར་ཕ་ཡུལ་དུ་ལོགས་འདུག ཕ་ཡུལ་དུ་སླེབས་རྗེས་རྔ་པ་རྗོང་ཁྲིན་ཀཱན་སྡེ་བའི ་ལྷ་མོ་ཁ་ཚང་གི་བུ་མོ་དང་གཉེན་སྒྲིག་བྱས་ཏེ་རྔ་པ་ནས་གཏན་སྡོད་བྱས། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་༡༩ ཉིན་རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་རིང་ལུགས་ཀྱི་ཉེས་འཛུགས་བྱས་ཏེ་འཛིན་བཟུང་བཀག་ཉར་བྱས་མོད། གཙོ་བོ་ཕྱི་ལོ་ ༢༠༠༨ ལོའི་ཤར་དུང་རི་དུས་དེབ་སྟེང་ཁོ་བོས་བྲིས་པའི ༼ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར༽ཞེས་པའི་བརྩམས་ཆོས་ལ་འབྲེལ་བ་ཡོད་པར་མ་ཟད། ༼དུས་རབས་ཀྱི་ང༽དུས་དེབ་དང་ཡང་འབྲེལ་བ་ཡོད་པར་བཤད། ཁོང་འཛིན་བཟུང་བྱས་རྗེས་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་ཐུབ་མེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༣༡ཉིན།

སྐུ་ཞབས་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་ག་གསར་ཁང་དུ་མཁོ་སྤྲོད་གནང་བ་ཞིག་ཡིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།