མ་ཧཱ་གུ་རུའི་འབུམ་ཚོགས།

བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་བཀོད་པ་ལྟར་ན་ཕྱི་ལོ་༢༠༡༠ཟླ་༨ཚེས་༡༣ཉིན་སུད་སིར་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་དང་པོ་ཚོགས་ཡོད་པ་དང། སྐབས་དེར་འབུམ་ཚོགས་གོ་སྒྲིག་ཚོགས་ཆུང་ནས་ཆོས་རིག་བཀའ་བློན་མཆོག་ཀྱང་སྐུ་མགྲོན་དུ་གདན་ཞུ་གནང་ཡོད། དེ་ཡང་ཚེས་ ༡༣ སྔ་དྲོ་ཐོག་མར་འབུམ་ཚོགས་སུ་ཕེབས་པའི་སེར་སྐྱ་མང་ཚོགས་རྣམས་ལ་དཔལ་ས་སྐྱ་ཁྲི་འཛིན་རྡོ་རྗེ་འཆང་མཆོག་གིས་གུ་རུའི་དབང་གནང་།

དེ་རྗེས་ཆོས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ངས་བཙན་བྱོལ་བོད་གཞུང་གི་ཚབ་ཞུས་ཏེ་འབུམ་ཚོགས་གོ་སྒྲིག་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། སུད་སིར་གནས་སྡོད་བོད་མི་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོས་འབུམ་ཚོགས་ཀྱི་ཕན་ཡོན་དང༌། ལྷག་པར་འབུམ་ཚོགས་ཚོགས་ཐུབ་པ་དེས་སངས་རྒྱས་ཀྱི་བསྟན་པར་ཕན་རླབས་ཆེན་པོ་ཡོད་པ་དེ་ཤེས་དགོས་ཞེས་གསུངས།ཟླ་ ༨ ཚེས་ ༡༤ ཉིན་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཝིན་ཊར་ཐུར་ཁུལ་དུ་བོད་མི་ ༡༥༠༠ ཙམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་དབང་གྲུབ་བསྟུན་ཆོས་རིག་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན།

ང་ཚོས་བོད་ཀྱི་གནད་དོན་ཐོག་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱི་སེམས་ཤུགས་སྐྱེས་ཏེ་བོད་དོན་བདེན་མཐའ་མྱུར་དུ་སེལ་ཆེད་ལས་འགུལ་སྤེལ་དགོས། ཕྱོགས་མཚུངས་ང་ཚོས་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་འཛིན་སྐྱོང་གི་ལམ་ལུགས་ཐོག་དོ་སྣང་བྱ་རྒྱུ་གལ་ཆེ་ཡིན་པ་མ་ཟད། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་ད་ལྟའི་གནས་བབ་ཇི་འདྲ་ཞིག་ཡིན་མིན་ཐོག་ང་ཚོ་བོད་མི་ཚང་མས་དོ་སྣང་གནང་རྒྱུ་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཞེས་གསུངས།གཞན་ཡང་ཚེས་ ༡༥ ཉིན་ཆོས་རིག་བཀའ་བློན་མཆོག་གིས་སུད་སི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ཚོར་བཙན་བྱོལ་བོད་གཞུང་གི་མ་འོངས་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་ཇི་འདྲ་ཡིན་མིན་སྐོར་སློབ་སྦྱོང་གནང་དགོས་གལ་ཆེ་ཚུལ་དང་། ཕྱོགས་མཚུངས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་གཏན་ལ་ཕབ་ཚུལ་སྐོར་མདོར་བསྡུས་ཤིག་གསུངས་ཡོད།

གཞན་ཡང་ཆོས་རིག་བཀའ་བློན་མཆོག་སུད་སི་གྲོང་ཁྱེར་ཇི་ནི་བར་བོད་ཀྱི་དོན་གཅོད་ཁང་དུ་ཕེབས་ཏེ་ཉིན་རྒྱབ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམིགས་བསལ་སྐུ་ཚབ་མཆོག་དང་མཇལ་འཕྲད་གནང། དེ་བཞིན་ཆོས་རིག་བཀའ་བློན་མཆོག་ནས་སུད་སིར་གནས་བཞུགས་བསམ་གྲུབ་སྒྲོལ་མ་གླིང་གི་བློ་གྲོས་རིན་པོ་ཆེ་མཆོག་དང། ནམ་མཁའ་རིན་པོ་ཆེ་མཆོག ས་སྐྱ་བརྩེ་ཆེན་གླིང་གི་དགེ་བཤེས་ཤེས་རབ་རྒྱལ་མཚན་བཅས་མཇལ་ཡོད་པ་མ་ཟད། རི་ཀོན་ཆོས་འཁོར་གླིང་དགོན་པའི་དགེ་འདུན་པ་ཚོ་དང་མཉམ་དུ་བགྲོ་གླེང་གི་ཚོགས་འདུ་ཚོགས་འདུག ཚེས་ ༡༩ ཉིན་ཆོས་རིག་བཀའ་བློན་མཆོག་རྒྱ་གར་དུ་ཕྱིར་ཐོན་གནང་རྒྱུ་ཡིན་འདུག་པ་བཅས། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༨ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།