ཡིད་སྐྱོ་བའི་གནས་ཚུལ།

ཟླ་འདིའི་ཚེས་༥ཉིན་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་ངེས་སྟོན་པ་སྐུ་ངོ་དབང་འདུས་ཕུན་ཚོགས་མཆོག་གློ་བུར་སྐུ་ཚེའི་འཕེན་པ་རྫོགས་ནས་ཡིད་སྐྱོ་བའི་གནས་ཚུལ་ཐོན་འདུག དེ་ཡང་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཐུན་མོང་ནས་བཏང་བའི་བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་གནས་ཚུལ་བཀོད་དོན།

༄༅། །འདི་གར་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ཐུན་མོང་ནས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༩ ཉིན་བཏང་གནས་ནང་གསལ། རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་ཅིང༌། སྙིང་སྟོབས་ཀྱི་གོ་ཆ་བཙན་པའི་བོད་མི་རིགས་ཀྱི་བུ་ཕྲུག་བཟང་པོ། འདི་ག་རྣམ་རྒྱལ་མཐོ་སློབ་ཀྱི་སྐྱེད་བྱེད་དང་གཉིས་སུ་མ་མཆིས་པའི་ངེས་སྟོན་པ་མཚུངས་མེད་སྐུ་ངོ་དབང་འདུས་ཕུན་ཚོགས་མཆོག་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༥ ཡི་མཚན་མོར་གློ་བུར་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་གནམ་ས་གས་པ་ལྟ་བུའི་ཡིད་སྐྱོའི་གནས་ཚུལ་ཐོན་ཅིང༌། དམ་པ་གང་དེས་སྐུ་ཚེ་གང་པོར་ྋརྒྱལ་བ་དོན་གྱི་བདག་པོའི་བཀའ་བཞིན་བོད་མི་རིགས་ཀྱི་བུ་ཕྲུག་ལ་སློབ་སྦྱོང་གི་མཐུན་རྐྱེན་བླ་ལྷག་ཏུ་སབྱར་བར་གནང་བ་དང༌། ལྷག་པར་དུ་བལ་ཡུལ་ཁུལ་སྡོད་རང་རིགས་ཙམ་མ་ཡིན་པར་ཧི་མ་ལ་ཡའི་བུ་ཕྲུག་མི་དམངས་དང་བཅས་པར་གསབ་ཏུ་མེད་པའི་བཀའ་དྲིན་གནང་བ་མ་ཟད། ཁྱིམ་མཚེས་ཡུལ་མི་ཉམ་ཐག་དང་དབང་པོ་སྐྱོན་ཅན་བཅས་ལ་དུས་ནས་དུས་སུ་དབུལ་སེལ་རྒྱབ་སྐྱོར་དང༌། ཞི་མཐུན་འབྲེལ་བའི་ཕྱག་རྗེས་བསམ་གྱིས་མི་ཁྱབ་པ་འཇོག་གནང་བ་སོགས་ལ་གང་གི་ཞབས་འོག་ཏུ་འཚེ་བའི་ངེད་ཅག་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་ཡི་རང་རྗེས་དྲན་དང༌། གང་སྐུས་ཚེ་རབས་ཐོག་མེད་ནས་བསགས་པའི་བྱས་བསགས་ཉེས་ལྷུང་ཅི་མཆིས།

མཆོག་གསུམ་རྒྱལ་བ་རྒྱ་མཚོའི་སྤྱན་སྔར་འཆག་ཅིང་རྗེས་འཇུག་མཆོད་སབྱིན་དགེ་བར་བཟོད་བྲལ་འབུངས་རྒྱུ་མ་ཟད། ལྷག་པར་དུ་ཁྱེད་ཀྱིས་བཏིང་གནང་བའི་བླ་མེད་ལམ་བཟང་ཐོག་ང་ཚོས་ནམ་ཡང་རྒྱུན་ཆད་མེད་པར་མདུན་བསྐྱོད་བྱ་རྒྱུའི་དམ་བཅའ་འབུལ་ཞིང༌། ཤུལ་ལུས་གདུང་བས་མནར་བའི་ནང་མི་སྤན་མཆེད་ཡོངས་ལའང་སྙིང་ཐག་པ་ནས་ཐུགས་གསོའི་འཚམས་འཕྲིན་འབུལ་བཞིན་ཡོད་ན། འདི་ལྟའི་བྱས་པ་ཆུང་ངུས་ཀྱང་དམ་པ་གང་དེ་ཉིད་ཚེ་རབས་ཀུན་ཏུ་འཕགས་མཆོག་སྤྱན་མི་འཛུམ་པའི་གདུལ་བྱར་འཁྲུངས་ཤིང༌། རྣམ་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པའི་སྨོན་འདུན་བཅས་ཞུས་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༡༠ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༨༢༠༡༠༡༤༥༨
ཁོང་སྐུ་གྲོང་བར་སེམས་ཁོང་ནས་མྱ་ངན་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།