ཨ་རིས་ཤུགས་སྣོན་རྒྱག་དགོས།

ཟླ་འདིའི་ཚེས་༢ཉིན་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་མཁས་པ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ནས་བཟུང་སྟེ་རྒྱ་ནག་ནང་གྲངས་ཉུང་མི་རིགས་དང༌ཤེས་ཡོན་པར་མངོན་གསལ་དོད་པོས་བཙན་གནོན་གཏོང་བཞིན་ཡོད་པས། ཨ་རིའི་གཞུང་གིས་གནད་དོན་དེའི་སྐོར་དམིགས་བསལ་ཤུགས་སྣོན་རྒྱག་དགོས་སྐོར་རེ་སྐུལ་བྱས་འདུག

ཡང་ཁོང་ཚོས་དེང་སང་ཨ་རིའི་ཝ་ཤིན་ཊོན་གཞུང་གིས་རྒྱ་ནག་པེ་ཅིང་གཞུང་དང་དཔལ་འབྱོར་གྱི་འབྲེལ་ལམ་དམ་ཟབ་བཅིངས་ནས། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད། ལས་དོན་འབད་བརྩོན་དང་དོ་སྣང་སྐྱོ་རུ་ཕྱིན་ཡོད་སྐོར་ཡང་བརྗོད་འདུག

གཞན་ཡང་ཨ་རིའི་ཁལ་ཕོ་ནིང་ཡའི་གྲོང་ཁྱེར་སན་ཧྥ་རན་སི་ཀོ་ནང་བརྟེན་གཞི་བྱས་ཡོད་པའི། ༼གྲོས་མོལ་༽ཞེས་ཨ་རི་དང་རྒྱ་ནག་དབར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཀྱི་གླེང་མོལ་ཆེད། ༡༩༩༩ལོར་གསར་འཛུགས་བྱས་པའི་ཚོགས་པ་དེས། ད་ལྟའི་ཆར་རྒྱ་ནག་ནང་ཞི་བའི་ཐོག་ནས་ཆོས་ལུགས་དང་ཆབ་སྲིད་གཏམ་བརྗོད་ཀྱིས་རྐྱེན་པས་འཛིན་བཟུང་བྱས་པའི་བཙོན་པ་མི་གྲངས་༥༨༠༠ཅན་གྱི་མི་ཐོ་ཞིག་ཕྱོགས་སྒྲིག་བྱས་ཡོད་འདུག

ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཁྲིམས་ལུགས་སློབ་གྲྭ་ཆེན་མོའི་ནང་ཡོད་པའི། ཇི་རོ་མན་ཀོ་ཧིན་གྱིས། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ལས་རིམ་གྱི་རྣམ་གྲངས་ནང་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དག དམིགས་འབེན་དུ་བཟུང་ནས་དོ་སྣང་དང་འབད་བརྩོན་སྔར་ལྷག་བྱེད་དགོས་ཀྱི་འདུག་ཅེས་དང༌། ཡང་ཁོང་གིས་ཨ་རིའི་གཞུང་གིས་པེ་ཅིང་གཞུང་དང་ལྷན་དུ་ལོ་འཁོར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་དེ་ཡང་ཐེངས་གྲངས་མང་དུ་བཏང་ནས། ལོ་རེར་གྲོས་མོལ་ཐེངས་གཉིས་རེར་བྱེད་དགོས་ཀྱི་འདུག་ལ། གྲོས་མོལ་གནང་མཁན་དེ་དག་ཀྱང་དབང་ཚད་ཀྱི་རིམ་པ་མཐོ་རུ་གཏོང་དགོས་ཀྱི་འདུག་ཅེས་གསུངས་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༨ཚེས་༥ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།