འོས་མིའི་ཆ་རྐྱེན་གསུམ།

དབུས་གཙང་ཆོལ་ཁས་སྟོན་པའི་སྤྱི་འཐུས་ཀྱི་འོས་ཆོས་ཆ་རྐྱེན་ལ་རང་བཙན་གྱི་ལྟ་བ་འཁྱེར་མཁན་མིན་པ་དང་། དབུ་མའི་ལམ་གྱི་ལྟ་བ་ལ་རྒྱབ་སྐྱོར་བྱེད་མཁན། དབུས་གཙང་ཆོལ་ཁར་ཞེན་ཁོག་ཡོད་པ་གསུམ་སྟོན་འདུག་ཀྱང་། འོས་མིའི་ཁོངས་ནས་སྒོ་ཕྲུག་སྐལ་བཟང་ཕུན་ཚོགས་དང་། ཚེ་བརྟན་ནོར་བུ། ཀརྨ་ཡེ་ཤེས་སོགས་ནི་རྒྱལ་སྤྱིའི་ནང་དངོས་སུ་རང་བཙན་གྱི་ལྟ་བ་འཁྱེར་ནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་དང་། རྒྱུན་ལས་ཟུར་པ་། ཚོགས་མི་ཤ་སྟག་ཡིན་པས་དེ་དག་གིས་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་བསྐྱོར་གནང་ན་རང་ཉིད་ཀྱི་ལྟ་གྲུབ་རང་བཙན་དོར་དགོས་ལ། གལ་ཏེ་རང་བཙན་གྱི་ལྟ་བ་དོར་ན་སྔར་གྱི་རང་བཙན་ལྟ་བ་ལ་སྐྱོན་ཡོད་པ་མཁས་ལེན་ནམ། ཁོ་ཚོ་རྒྱ་མགོ་མཐོ་ན་རྒྱ་མགོ་དང་། བོད་མགོ་མཐོ་ན་བོད་མགོ་ཞེས་པའི་དཔེ་ལྟར་སྐབས་རེ་རང་བཙན་གྱི་ལྟ་བ་འཁྱེན་མཁན་གྱི་གཞོན་ནུའི་ཚོགས་གཙོ་དང་། ཡང་སྐབས་རེ་དབུ་མའི་ལྟ་བ་འཁྱེར་ནས་སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་འཚང་ཀ་ཤིག་ཤིག་གི་རང་ཉིད་ཁོ་ནའི་ཁེ་ཕན་ཙམ་ལས་རང་ཉིད་ལ་རང་བཙན་དང་དབུ་མའི་ལམ་གྱི་ལྟ་བ་འདི་ཡིན་གྱི་གཏད་སོ་མེད་པས་ནམ་ཞིག་རྐང་པ་གང་ལ་བཙུགས་མིན་རང་ཉིད་ལའང་ལྐོག་ཏུ་གྱུར་པས་འོས་ཆོས་དང་འོས་མིའི་ལྟ་བ་ལ་ནང་འགལ་མི་འདུག་གམ། རང་བཙན་གྱི་ལྟ་བ་འཁྱེར་མཁན་ཡིན་ན་ལྷ་བཟང་ཚེ་རིང་ལགས་དང་འཇམ་དབྱངས་ནོར་བུ་གཉིས་ལྟར་རང་ལུགས་གཏད་སོ་ཡོད་པ་དང་རྒྱུན་འཁྱོངས་ཐུབ་པ་ཞིག་དགོས་འགལ་ཆེ། གཞོན་ནུའི་རྒྱུན་ལས་ཟུར་པ་རེ་ཟུང་གིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནང་ལམ་ཟུར་བརྒྱུད་ནས་ཚང་ཀ་ཤིག་ཤིག་གིས་སྲིད་ཞུ་སྒྲུབ་ཁུལ་ཡོད་ཀྱང་རྒྱ་ཕྱོགས་ནས་༸གོང་ས་མཆོག་ལ་སྐྱོན་འཛུགས་བྱེད་རྐྱེན་གྱི་ལག་ཆ་དང་དཔང་རྟགས་ལྟ་བུར་གྱུར་ཡོད་པས་གཞུང་སྒེར་གཉིས་ཀས་དགོངས་པ་ཟབ་ནན་བཞེས་དགོས་པ་དང་སྤྱི་ཚོགས་ཁྲོད་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ལེགས་གྲས་འདེམས་སྒྲུབ་མཛད་གནང་ཡོད་པ་ཞུ། དབུས་གཙང་ཆོལ་ཁ་ལ་ཞེན་ཁོག་ཡོད་པ་ཞེས་པ་དེ་མེད་ན་དགེ་མཚན་ཆེ་ལ། གལ་ཏེ་ཆ་རྐྱེན་གསུམ་པ་ཞིག་ངེས་པར་དུ་འཇོག་དགོས་ན་བོད་དང་བོད་མི་རིགས་ལ་ཤ་ཚ་ཞེན་ཁོག་ཡོད་པ་དང་བོད་མིའི་རྩ་དོན་ལ་ལྷག་བསམ་རྣམ་དག་ཡོད་པ། བཞག་ན་མི་ལེགས་སམ།
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "འོས་མིར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་ཟེར།"



བརྗོད་གཞི་གཞན་ཁག་ལ་གཟིགས།