༈ གང་ལྗོངས་ཕན་བདེའི་འབྱུང་གནས།

༄༅། །གང་ལྗོངས་ཕན་བདེའི་འབྱུང་གནས་དམ་པའི་དགེ་མཚན་དཔྱིད་ཀྱི་དཔལ་ཡོན་གསར་དུ་འཆར་པའི་སྨོན་ཚིག་གཉིས་སྐྱེས་གཞོན་ནུའི་ མགྲིན་གླུ་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡེ། ། །བསླུ་མེད་དཀོན་མཆོག་རིན་ཆེན་རྣམ་པ་གསུམ། །རབ་འབྱམས་རྩ་གསུམ་ཞི་ཁྲོ་ཌཱ་ཀིའི་སྡེ། །དམ་ཅན་ཆོས་བསྲུང་བདེན་པར་གྲུབ་པ་རྣམས། །མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ། །དུས་གསུམ་བདེ་གཤེགས་རྒྱལ་དང་དེ་སྲས་ཚོགས། །ཐེག་མཆོག་ས་དང་ལམ་ལ་རབ་ཞུགས་པའི། །རིག་འཛིན་གྲུབ་པ་རྒྱ་མཚོའི་ཐུགས་བསྐྱེད་དང་། །སྨོན་ལམ་ཇི་བཞིན་དེང་འདིར་འགྲུབ་བྱིན་རློབས། །ཁྱད་པར་གངས་ཅན་ལྷ་གཅིག་སྤྱན་རས་གཟིགས། །རྗེ་བཙུན་སྒྲོལ་མ་སློབ་དཔོན་ཐོད་ཕྲེང་རྩལ། །སྙིགས་མའི་འགྲོ་བ་སྐྱོབ་པར་ཞལ་བཞེས་བཞིན། །གསོལ་བ་འདེབས་སོ་ཐུགས་དམ་མ་གཡེལ་ཅིག །ད་དུས་བོད་ཡུལ་བསྟན་པའི་མར་གཤམ་འདིར། །སྣོད་བཅུད་རྟེན་འབྲེལ་ལོག་པའི་རྐྱེན་གྱུར་པས། །རྒྱ་འདྲེ་འགོང་པོས་བོད་ཁམས་ཕུང་ལགས་ན། །ཐུགས་རྗེས་མྱུར་བ་ཉིད་དུ་སྐྱོབ་པར་མཛོད། །རྒྱལ་བསྟན་ཉིན་བྱེད་རི་དབང་ཕག་ཏུ་གཞོལ། །ནད་མཚོན་མུ་གེའི་བསྐལ་པའི་དུཿ་ཁས་གཟིར། །ངན་འགྲོའི་གནས་ལྟར་སྡུག་བསྔལ་ཉམ་ཐག་འདིར། །བརྩེ་ཆེན་ཐུགས་བསྐྱེད་ཡལ་བར་བཏང་སྲིད་དམ། །མ་གཡེལ་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །མྱུར་མགྱོགས་ཐུགས་རྗེའི་ཕྱག་གིས་ཉེར་བཟུང་ནས། །བསྐལ་ངན་རྒུད་པའི་འཇིགས་ལས་རབ་བསྐྱབས་ཏེ། །བདེ་དགའ་ཕུན་སུམ་ཚོགས་པར་དབུགས་འབྱིན་གསོལ། །རྒྱལ་རྣམས་མཐུ་སྟོབས་སྐུ་ཤུགས་ཉེར་ཕྱུངས་ནས། །ཀླ་ཀློའི་དཔུང་ཚོགས་མིང་གི་མཐར་བྱས་ཏེ། །འཇིག་རྟེན་ཁམས་སུ་སྡུག་བསྔལ་སྒྲ་མི་གྲགས། །རྫོགས་ལྡན་དང་པོའི་དུས་ལྟར་མཛད་དུ་གསོལ། །ལྷག་པར་གངས་རིའི་ལྗོངས་ཀྱི་དབུས་འགྱུར་གནས། །གྲུ་འཛིན་གཉིས་པའི་ཆོས་སྲིད་གདོང་ལྔའི་ཁྲིར། །རྒྱལ་བའི་དབང་པོ་བསྟན་འཛིན་རྒྱ་མཚོ་ཉིད། །གེགས་མེད་ཞབས་ཟུང་གསེར་འཁོར་འགོད་མཛད་གསོལ། །གང་སྐུ་རྡོ་རྗེའི་ཆོས་བདུན་ཁམས་སུ་བརླིངས། །དབུ་རྨོག་ལྷུན་པོའི་སྤོ་ལྟར་རབ་མཐོ་ཞིང་། །མཛད་ཕྲིན་དབྱར་གྱི་ཆུ་གཏེར་ལ་འགྲན་པས། །བསྟན་འགྲོའི་དཔལ་དུ་བསྐལ་བརྒྱར་འཚོ་བཞེས་གསོལ། །རིས་མེད་རྒྱལ་བའི་བསྟན་དང་བསྟན་འཛིན་གྱིས། །འཛིན་མའི་ཁྱོན་ཀུན་ཕྱུར་བུར་འགེངས་པ་དང། །ཀུན་ཀྱང་ཐུགས་མཐུན་ཁྲིམས་གཙང་ཉམས་རྟོགས་འཕེལ། །འཕགས་པའི་ཡུལ་ལྟར་དར་ཞིང་རྒྱས་པར་ཤོག །ཆོས་ཀྱི་རྒྱལ་པོས་དགེ་བཅུའི་ཁྲིམས་སྐྱོང་ཞིང་། །བློ་གྲོས་ཐབས་ལྡན་བློ་ཀུན་དཔལ་མཛངས་དེས། །།འབངས་རྣམས་བསྟན་ལ་རབ་གུས་བདེ་སྐྱིད་ལྡན། །ཐམས་ཅད་བྱང་ཆུབ་སེམས་ཀྱིས་རྒྱུད་གྲོལ་ཤོག །ཡངས་པའི་ཁྱོན་འདིར་མི་མཐུན་རྒུད་པ་སོགས། །ཉེར་འཚེ་ཀུན་ཞི་ལོ་ལེགས་འབྲུ་འཕེལ་ཞིང་། །དམ་པའི་ཆོས་ཀྱིས་འཚོ་བའི་དཔལ་ཡོན་ལྡན། །སྤྱི་བོ་སྐྱེས་ཀྱི་དུས་ལྟར་འཕེལ་རྒྱས་ཤོག །དེ་ལྟར་དད་དང་མོས་དགེ་ཕུན་ཚོགས་དང་། །ལྷག་བསམ་རྣམ་པར་དག་པས་གསོལ་བཏབ་མཐུས། །ཇི་སྐད་སྨོན་པའི་དོན་འབྲས་མྱུར་འགྲུབ་ནས། བཀྲ་ཤིས་སྲིད་ཞིའི་རྒྱན་དུ་འབར་གྱུར་ཅིག ཅེས་པ་འདིའང་། སྔགས་རིག་འཆང་པ་༸པདྨ་དབང་ཆེན་རྩལ་གྱིས་སྦྱར་བས་རྒྱལ་བསྟན་འཁོར་ལོ་གཉིས་ཀྱི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ནམ་ཡང་ནུབ་པ་མེད་པའི་རྟེན་འབྲེལ་མཆོག་ཏུ་གྱུར་ཅིག །
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "མའོ་ཡི་ལོ་རབས་ཞེས་པའི་གློག་བརྙན།"



བརྗོད་གཞི་གཞན་ཁག་ལ་གཟིགས།