སྐྱིད་པོ་གཉིས་བརྩེགས་མེད་པར་སྡུག་པོ་གསུམ་བརྩེགས།

སྐྱེ་དགུ་མདོའི་ས་ཡོམ་གྱི་གོད་ཆགས་འདི་ནི་སྤྱིར་གངས་ཅན་པའི་རིགས་སུ་གཏོགས་པའི་བོད་མི་ཡོངས་ཀྱི་མགོ་བོར་ལྷུང་བའི་སྡུག་བསྔལ་ཡིན་ལ། སྒོས་སུ་སྐྱེ་དགུ་མདོའི་མི་མང་ཚོར་གུས་གྱོང་དུ་ཕོག་ཡོད། འོན་ཀྱང་ཕྱིའི་འབྱུང་བའི་ཁམས་ནི་འདུ་ཤེས་དང་བྲལ་བས། ཕྱོགས་ལྷུང་དབང་གིས་ལས་འདི་ལྟར་བརྩམས་སོ་སྙམ་སྟེ་མཁོན་ལན་དང་སྡང་སེམས་བྱ་ཡུལ་བྲལ། ཡིན་ནའང་འདུ་ཤེས་དང་ལྡན་པའི་རྒྱ་གཞུང་གིས་འབྱུང་བའི་གོད་ཆགས་ཁྲོད་ཀྱི་བོད་རིགས་མི་མང་ཚོ་རང་ཉིད་ཀྱི་མངའ་འབངས་ཤིག་གི་འདུ་ཤེས་མེད་པར་ས་ཁང་བཙན་འཕྲོགས་ཀྱིས་འཆམ་མཐུན་གྱི་མི་མང་རྣམས་ཁ་འཐོར་དུ་བཏང་བ་ནི་བོད་རིགས་རྣམས་རིམ་གྱིས་བརླག་བཅུག་རྒྱུའི་ངན་བྱུས་ཁོ་ན་ལས་མ་འདས་ལ། དེ་ནི་བོད་རིགས་མི་མང་དག་ལ་མཚོན་ན་མུ་གེའི་གང་ལ་ཟླ་ལྷག་དང་། སྐྱིད་པོ་གཉིས་བརྩེགས་མེད་པར་སྡུག་པོ་གསུམ་བརྩེགས་ལྟ་བུར་ཆགས་ཡོད། མདོར་ན་ཁོ་ཚོས་བྱེད་སྟངས་དེ་ཚོ་ཡིད་ལ་འཆར་དུས། གཞས་པ་སངས་ཚེའི་གཞས་ཚིག་ཏུ་ཞེན་མཁོན་པའི་དགྲ་བོ་དེ་ཚོ་ནི། སངས་རྒྱས་ཀྱང་སེམས་ནས་མི་བརྗེད་ཅེས་ཡོད་པ་རྣམས་རང་རེའི་ཡིད་ལ་བཅང་རྒྱུ་གལ་ཆེར་མཐོང་། །
འདི་ནི་བསམ་ཚུལ་སྒོ་ཕྱེས་པ་ཞིག་རེད། "སྐྱེ་རྒུ་མདོའི་ཡུལ་མིའི་ངོ་རྒོལ་དང་རེ་སྐུལ།"



བརྗོད་གཞི་གཞན་ཁག་ལ་གཟིགས།