བཙན་བྱོལ་བས་ད་དུང་པགས་རིགས་རྒྱན་གོས་ལ་ཞེན་པ་དོར་མི་འདུག

༤༽ང་ད་ལོར་ྋགོང་ས་མཆོག་གི་བཞུགས་སྒར་བཙན་བྱོལ་བོད་གཞུང་གི་ལྟེ་གནས་གནས་མཆོག་རྡ་རམ་ས་ལར་ཟླ་བ་ཁ་ཤས་བསྡད་རིང༌། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཛད་སྒོ་མང་པོ་ཞིག་ངའི་མིག་ལམ་དུ་དབང་མེད་དུ་འཆར་འོངས། མཛད་སྒོ་དེ་དག་གི་སྐབས་དབྱིན་བོད་ཟུང་འབྲེལ་གྱི་གསུང་བཤད་དམ་ཡང་ན་ར་མ་ལུག་གི་གཏམ་བཤད། ཕྱི་ནང་ཟུང་འབྲེལ་གྱི་ཆས་གོས་སམ་ཡང་ན་ཡ་མ་ཟུང་གི་ཆས་གོས་སོགས་རྙིང་ཞེན་གྱི་ཐུམ་བུ་ནང་མགོ་བོ་གདུགས་ལྟར་འཁོར་བའི་བདག་ལ་ནི། མིག་ལ་མཛེས་པ་ཞིག་དང་རྣ་བར་སྙན་པོ་ཞིག་གཏན་ནས་མ་བྱུང་།

དེ་ལས་གཞན་པ་ཞིག་ལ་བཙན་བྱོལ་སྤྱི་ཚོགས་ནང་ད་དུང་པགས་རིགས་ལ་ཞེན་པ་མ་ལྡོག་པའི་བསམ་བློ་ཤུགས་ཆེན་ཡོད་པ་ཤིན་ཏུ་གསལ་པོ་ཡིན། རྒྱུ་མཚན་ནི། བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞིག་ཡིན་ཕྱིན་ལྤགས་རིགས་ཀྱིས་རྒྱན་པའི་བོད་ཞྭ་ཚེ་རིང་ཞྭ་མོ་༼དེ་ལ་ང་ཚོའི་ལུང་པའི་ཁ་སྐད་ལ་རྒྱ་སེར་ལྤགས་ཞྭ་ཟེར༽དང༌། ཝ་ཞྭ། ཝ་ལྤགས་ཀྱིས་རྒྱན་པའི་བོད་ཞྭ། རྒྱ་སེར་དང་གོས་ཆེན་ལ་ཝ་ལྤགས་ཤན་ནས་གྱོན་ཆོག་པའི་ཞྭ་མོ་ལྷུག་ལྷུག་ཞིག་ཡིན་དེའི་མིང་གསལ་པོ་མི་ཤེས་མོད་༼དེ་ལ་ང་ཚོའི་ལུང་པའི་ཁ་སྐད་ལ་ཕུ་ཞྭ་ཟེར༽། གཞན་ཡང་ཞྭ་མོ་ལེབ་ལེབ་དང་ཟླུབ་དབྱིབས་སོགས་རྣམ་པ་འདྲ་མིན་མཆིས་པ་དེ་ཐམས་ཅད་ཀྱི་ངོས་ལ་མདོག་མི་གཅིག་པའི་པགས་རིགས་འདྲ་མིན་རེ་གཡོགས་ཏེ། ཡུལ་ལུང་སོ་སོའི་སྐད་གདངས་དང་གོམས་སྲོལ་དབང་གིས་མིང་འདོགས་མི་འདྲ་རེ་བཏགས་ཡོད་ཀྱང་མིང་རེ་རེ་ནས་ངས་གསལ་པོ་མི་ཤེས་མོད། འོན་ཀྱང་བཙན་བྱོལ་དུ་ཡོད་པའི་ཚོགས་པ་ཆེ་ཆུང་ཀུན་གྱིས་དེ་དག་ཐམས་ཅད་གྱོན་ནས་མི་ཚོགས་ཀྱི་དཀྱིལ་དུ་གཞས་དང་ཞབས་བྲོ་འཁྲབ་པ་ལ་མཛེམ་སྣང་ཅུང་ཟད་ཀྱང་མངའ། ངས་དེ་དག་མཐོང་བ་དང་སེམས་ནང་ཤོད་མི་ཤེས་པའི་ཚོར་སྣང་ཆེས་མཚར་བ་མང་པོ་ཞིག་གིས་སྐྱེས་བྱུང༌།

 

སྔར་པགས་རིགས་རྒྱན་གོས་གྱོན་ན་བདག་གཞན་སུ་ཞིག་གིས་མཐོང་ན་སེམས་ནང་ཚོར་སྣང་ཞིག་ཡོད་པ་ནི་ཆེས་མཛེས་སྡུག་ལྡན་ལ་ཆེས་གཟི་བརྗིད་ལྡན་པ་ཞིག་ཡིན་མོད། འོན་ཀྱང་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་རྡ་སྟེང་བུ་ཁྱིམ་སློབ་གྲྭ་དང༌། རྒྱ་གར་ལྷོ་ཕྱོགས་ཨ་སྨྲ་ཝ་ཏི་བཅས་ལ་ཆེས་ཐུགས་སེམས་སྐྱོ་བའི་ངང་ནས་པགས་རིགས་འགོག་འདོམས་ཀྱི་བཀའ་སློབ་ཛ་དྲག་ཕེབས་པར་བརྟེན། རྒྱ་གར་ལ་གསུང་ཆོས་དང་གནས་མཇལ་ལ་བཅར་བའི་གཞིས་བཞུགས་པ་བོད་མི་རྣམས་ཀྱིས། གོང་ས་མཆོག་གི་བཀའ་སློབ་གསུང་གི་བདུད་རྩི་རྣམས་གཞིས་བཞུགས་བོད་མི་ཀུན་ལ་ཆ་འཕྲིན་གྱི་ཚུལ་དུ་འཕྲོད་པར་བྱས། དེར་བརྟེན་གཞིས་བཞུགས་བོད་མི་ཀུན་གྱིས་བཀའ་གསུང་དང་དུ་བླངས་ནས་རང་རང་གི་རྔུལ་ནག་དང་ཟུངས་ཁྲག་གིས་ཚོས་པའི་སྟག་གཟིག་སྲང་གསུམ་སོགས་ཀྱི་པགས་པས་མཚོན་པའི་པགས་རིགས་ཀྱི་མཐར་ཤན་དང༌། ཝ་དང་གཡུ་སོགས་ཀྱི་པགས་པས་བཟོས་པའི་ཞྭ་མོ་དང་སྟོད་ཐུང༌། ད་དུང་གླང་པོ་ཆེའི་མཆེ་བས་བཟོས་པའི་བ་སོའི་ཕྲེང་བ་དང་གདུབ་གུ། མཐེ་སྐོན་སོགས་རྩ་ཆེན་སྲོག་ཆགས་ཀྱི་ཚེ་སྲོག་ལ་གནོད་པའི་གྱོན་གོས་དང་རྒྱན་ཆ་ཡོངས་སུ་རྫོགས་པ་ལ་སེ་སྣ་སྤུ་ཙམ་མི་བྱེད་པར་མེ་ལྷའི་ཞལ་དུ་བཅུག་ཡོད་པ་ལོང་བ་མིན་ན་མཐོང་ཚོད་དང་འོན་པ་མིན་ན་གོ་ཚོད་ཡིན། དེ་མ་ཚད་གོང་ས་མཆོག་གི་བླང་དོར་བཀའ་གསུང་མ་གོ་བའི་ས་ཁུག་ལུང་ཁུག་གི་མི་རྣམས་ཀྱིས་མི་ཤེས་པའི་དབང་གིས་རྩ་ཆེན་སྲོག་ཆགས་ཀྱི་པགས་པས་བཟོས་པའི་ཞྭ་དང་གོས་སོགས་གྱོན་མཁན་ལ། གཞིས་བཞུགས་བོད་མི་ཚོས་ཁ་རྡུང་དང་སྡང་མིག་མཐའ་ན་མཆི་མ་འཕེན་པ་ཡང་བྱུང་ཡོད་པ་ཀུན་གྱིས་ཤེས། གོང་ས་མཆོག་གི་ཞལ་མཇལ་མ་མྱོང་ལ་གསུང་ཀྱང་ཐོས་མ་མྱོང་བའི་གཞིས་བཞུགས་བོད་མི་རྣམས་ཀྱིས་གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་དེ་བཞིན་ཞུས་པ་ལ་དགའ་བ་དང་ཡི་རང་ཞུ་ལོས་དགོས།

ཆེས་ཡ་མཚན་པ་ཞིག་ལ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའྀ་ནང་གནས་པའི་ཚོགས་པ་ཆེ་ཆུང་དང་མི་སྒེར་སུ་འདྲ་ཞིག་ཡིན་ཡང༌། བ་སོའི་ཕྲེང་བ་དང་པགས་རིགས་ཀྱི་ཞྭ་མོ་རྣམས་ད་དུང་ཡང་རྒྱན་ཆའི་ཚུལ་དུ་རང་སོར་གནས་འདུག དཔེར་ན། གཙུག་ལག་ཁང་སོགས་ལ་བསྐོར་བར་འགྲོ་མཁན་ཁྲོད་ནས་བ་སོའི་ཕྲེང་བ་ཁུར་མཁན་དང་རྩ་ཆེན་སྲོག་ཆགས་ཀྱི་པགས་རིགས་ཀྱིས་རྒྱན་པའི་ཞྭ་མོ་དང་ཆས་གོས་གྱོན་མཁན་མང་དུ་མཐོང་རྒྱུ་ཡོད། ད་དུང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མཛད་སྒོ་དང་དུས་སྟོན་གང་སར་གཞས་དང་ཞབས་བྲོའི་སྐབས་སུ། པགས་པ་དངོས་ཀྱི་མཐར་ཤན་ཅན་དང་པགས་པས་གཡོགས་པའི་ཞྭ་མོ་དང༌། རྩ་ཆེན་སྲོག་ཆགས་ཀྱི་པགས་རིགས་དང་འདྲ་བའི་སྤུ་ཅན་གྱི་རས་རིགས་སྣ་ཚོགས་པས་མཐར་ཤན་ཅན་གྱི་ཆས་གོས་གྱོན་པ་ལ་ཤིན་ཏུ་དགའ། དེ་ནི་ད་དུང་རྩ་ཆེན་སྲོག་ཆགས་ཀྱི་པགས་རིགས་ལ་ཞེན་པ་ལྡོག་མ་ཐུབ་པའི་རྐྱེན་གྱིས་ཡིན་པ་གསལ་པོ་རེད། བཙན་བྱོལ་བས་དུས་སྟོན་དང་མཛད་སྒོ་སོགས་ཀྱི་སྐབས་སུ་གོང་ས་མཆོག་གི་སྐུ་མདུན་དུའང་རྩ་ཆེན་སྲོག་ཆགས་ཀྱི་པགས་རིགས་དངོས་ཀྱི་ཞྭ་རིགས་འདྲ་མིན་གྱོན་ནས་འཁྲབ་སྟོན་བྱས་པར་མཚེར་སྣང་སྤུ་ཙམ་ཡང་མི་འདུག ཁོ་བོ་ལ་ནི་ཁྱོད་ཚོས་པགས་འདྲའི་རིགས་ཀྱི་མཐར་ཤན་ཅན་གྱི་ཆས་གོས་གྱོན་ནས་འཁྲབ་སྟོན་བྱེད་སྐབས་གོང་ས་མཆོག་གི་ཐུགས་ལ་ཅི་དགོངས་པ་ཡིན་ནམ་སྙམ་ནས་སེམས་འཚབ་ལངས་བྱུང༌། ཁྱོད་ཚོར་སྣང་བ་ཅི་ཡང་མེད་པར་ལུས་ཡངས་མདོག་དང་ངག་བདེ་མདོག་གིས་གཞས་དང་ཞབས་བྲོ་ལ་རོལ་བ་ནི་སེམས་སྐྱོ་བའི་གཞི་འབའ་ཞིག་ཡིན། པགས་རིགས་དངོས་མ་ཙམ་མ་ཟད་པགས་རིགས་དང་འདྲ་བའི་སྤུ་ཅན་རས་ཀྱིས་པགས་ཚབ་བྱས་ནས་ཆས་གོས་ཀྱི་མཐར་ཤན་བྱས་པའང་ཆེས་མི་རིགས་ཏེ། བོད་མི་རིགས་ཀྱི་སེམས་ཁོང་དུ་བག་ལ་ཞ་བའི་སྟག་གཟིག་ལ་སོགས་པའི་སྲོག་ཆགས་ཀྱི་པགས་པས་རྒྱན་པའི་གོས་རིགས་ལ་བཅངས་པའི་བརྩེ་དུང་ངེས་པར་དུ་རྩ་ཞི་འགྲོ་བར་བྱེད་དགོས། དེར་བརྟེན་པགས་པ་དང་པགས་ཚབ་གང་ཡང་བེད་སྤྱོད་མི་གཏོང་བར་པགས་རིགས་ཀྱི་ཆེ་དེ་མཐོང་བོད་མིའི་སེམས་ཁོང་དུ་ཡལ་བའི་འབད་བརྩོན་བྱོས།

དེང་སང་བཙན་བྱོལ་བས་བོད་མི་རྀགས་ཀྱི་རིག་གཞུང་འཁྲབ་སྟོན་ཞིག་བྱེད་ན་ངེས་པར་དུ་གནའ་བོའི་བོད་མིས་གྱོན་པའི་སྟག་གཟིག་ལ་སོགས་པའི་པགས་པའི་ཆས་གོས་དེ་དག་གྱོན་དགོས་པ་སྙམ། གནའ་བོའི་བོད་མིར་གོམས་པའི་པགས་རིགས་མཐར་ཤན་གྱི་ཆས་གོས་གྱོན་སྲོལ་དེ་དག་བོད་ཀྱི་རིག་གཞུང་མིན་ལ། དེས་ན་བཙན་བྱོལ་བོད་མིའི་ལུགས་སྲོལ་བཞིན་རིག་གཞུང་འཁྲབ་སྟོན་སྐབས་སུ་པགས་རིགས་ཀྱི་ཆས་གོས་གྱོན་དགོས་པའི་ངེས་པ་གཏན་ནས་མེད། གནའ་བོའི་བོད་མིས་གྱོན་པའི་པགས་རིགས་ཀྱི་ཆས་གོས་མ་གྱོན་ན་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱེད་མེད་པ་དེ་བས་ཀྱང་མིན། དེ་ལས་གཞན་བོད་མི་རིགས་ཀྱི་སྐད་དང་ཡི་གེ་ཡར་རབ་སྤྱོད་བཟང་སོགས་བསྐལ་པའི་བར་དུ་རྒྱུན་འཛིན་བྱས་ཏེ། ར་མ་ལུག་གི་སྐད་དང་ཡ་མ་ཟུང་གི་ཆས་གོས་སོགས་ཡོངས་སུ་དོར་ནས་ལྟས་པ་ཙམ་གྱིས་བོད་མི་ཞིག་ཡིན་པའི་སྣང་བ་སྟེར་བ་ཞིག་བྱེད་དགོས། དེ་མིན་ང་ཚོ་བོད་མའི་གོམས་སྲོལ་ནང་ཡོད་པའི་ཆེས་མི་དགོས་པ་དང་མི་མཛེས་པའི་པགས་རིགས་རྒྱན་གོས་དང༌། གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་ཚད་ལས་བརྒལ་བ་རྣམས་དོར་ན། ཆེས་རྩ་ཆེ་བའི་བོད་ཀྱི་རིག་གཞུང་དོར་བ་གཏན་ནས་མིན་ལ། དེ་དག་རྒྱུན་འཛིན་བྱས་ནའང་སྤྱིར་འཛམ་གླིང་ལ་ཕན་པའི་རླབས་ཀྱི་སྲོལ་ལུགས་གང་ཡང་རྒྱུན་འཛིན་བྱས་པ་མིན་ཞིང༌། སྒོས་མི་སྒེར་གང་ཞིག་ལ་ཚེ་འདི་ཕྱི་གཉིས་ལ་ཕན་པའི་གྲགས་ཅན་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱས་པ་དེ་ལས་ཀྱང་མིན་པ་ངེས་པར་དུ་མཁྱེན་དགོས། ཁྱད་པར་དུ་བོད་པའི་སྤྱི་ཚོགས་ནང་སྙན་གྲགས་ཅན་གྱི་གནད་ཡོད་དམ་པ་ཀུན་གྱིས་པགས་རིགས་མཐར་ཤན་ཅན་གྱི་ཆས་གོས་བཀག་པ་བཞིན། ད་ལྟ་གཞིས་བཞུགས་བོད་མིའི་སྤྱི་ཚོགས་ནང་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆའི་འགྲན་བསྡུར་ཁྲོད་བོད་མི་ཉམ་ཆུང་རྣམས་ཀྱིས་མནར་གཅོད་མྱོང་བཞིན་པ་དེ་དག་འགོག་ཐབས་ཀྱི་ལས་ལ་འབད་གལ་ཆེ་བ་མཐོང༌། དེ་ནི་སྐབས་འདིར་ཞོར་འཕྲོས་ཙམ་ཡིན་པས་མཁྱེན་པ་གནང་རོགས། དེ་དག་ལས་ཀྱང་ཆེས་གལ་ཆེ་བ་ཞིག་ནི་གདོང་དམར་བོད་ཀྱི་ཕ་མེས་ཡང་མེས་ནས་རྒྱུད་པའི་ཐུན་མོང་མ་ཡིན་པའི་བོད་མའི་རང་གཤིས་གང་ཡིན་ངོས་འཛིན་ཏེ། དུས་ནམ་ཡང་མི་འདོར་བ་རྒྱུན་འཛིན་དང་རྒྱུད་སྤྲོད་བྱེད་པའི་དམ་བཅའ་སེམས་ཁོངས་སུ་ཉར་བ་མཛོད། དེ་འདྲ་ཞིག་བྱུང་ན་བོད་མི་གང་ཞིག་རྒྱལ་ཁབ་དང༌། ཡུལ་གྲུ་སོགས་ས་ཆ་གང་དུ་བསྡད་ཀྱང་རང་གི་མི་རྒྱུད་དང་བཅས་པ་བོད་མི་ངོ་མ་ཞིག་གི་ངོ་བོར་གནས་ཐུབ་པའི་དགེ་ཕན་ཆེ་བ་སྣང༌།

ཕྱོགས་གཞན་ཞིག་ནས་བཤད་ན་བོད་ནས་རྒྱ་གར་དུ་ྋགོང་མཆོག་ལ་མཇལ་བཅར་དང་གནས་མཇལ་དུ་ཡོང་མཁན་རྣམས་ཀྱིས། གནས་ཚུལ་དེ་དག་མཐོང་ན་རྒྱ་གར་དུ་བསྡད་ནས་ྋགོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་ལྡན་པའི་ྋགོང་ས་མཆོག་གི་ཉེར་འཁོར་དུ་བཅའ་སྡོད་བྱེད་མཁན། བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱལ་བའི་བཀའ་གསུང་ཅི་སྒྲུབ་ཞུས་མི་འདུག་སྙམ་ནས་ཡིད་ཐང་ཆད་སྲིད། དེ་མ་ཚད་ྋགོང་ས་མཆོག་གིས་པགས་རིགས་ཀྱིས་རྒྱན་པའི་ཆས་གོས་བཀག་འགོག་གི་བཀའ་སློབ་དངོས་སུ་ཐོས་པའི་སྐལ་བ་མི་ལྡན་པ་དག་འདིར་གནས་སྐོར་དུ་འབྱོར་སྐབས་དེ་དག་མཐོང་ན་སེམས་ལ་དོགས་འཆར་འདྲ་མིན་སྐྱེ་སྲིད། ཁོང་ཚོས་ཁྱོད་ལ་ྋགོང་ས་མཆོག་གིས་པགས་རིགས་ཀྱི་རྒྱན་གོས་བཀག་དེ་བདེན་པ་མིན་ནམ། ཡང་ན་ཁྱོད་ཚོས་ྋགོང་ས་མཆོག་གི་བཀའ་ལ་བརྩི་མི་དགོས་པ་ཡིན་ནམ་ཞེས་འདྲི་བ་འདོན་ན། ཁྱོད་ཀྱིས་ལན་ཇི་ལྟར་གདབ་རྒྱུ་ཡིན་དེ་ཁྱོད་ཀྱིས་སོམས་དང༌། ངས་གོང་དུ་བཤད་པའི་གནས་ཚུལ་མང་དག་ཅིག་སྐད་ཆ་རྙིང་པ་ཡིན་ཡང༌། བཙན་བྱོལ་སྤྱི་ཚོགས་ནང་ད་དུང་མིག་ནང་ཆེས་མི་མཛེས་པའི་གནས་ཚུལ་དེ་དག་མཐོང་ནས་འདིར་ཅུང་ཙམ་མི་བརྗོད་ཀ་མེད་རེད།

དེང་དམར་གཞུང་བཙན་འོག་ཏུ་ཡོད་པའི་གཞིས་བཞུགས་པའི་གར་སྟེགས་མང་པོ་ཞིག་གི་སྟེང་དུ། པགས་རིགས་རྒྱན་གོས་ཀྱི་རིགས་མང་དུ་མཐོང་བ་དེ་དག་ང་ཚོའི་མིག་ནང་གྲ་མ་བཞིན་ཡིན་པ་ཀུན་གྱི་སེམས་ནང་ཡོད་ཤག་རེད། དེ་ནི་དམར་གཞུང་གི་ཁྱད་དུ་ང་ཚོ་བོད་མིས་མི་འདོད་པའི་རང་བཞིན་ཅན་གྱི་གནས་ཚུལ་དེ་དག་བོད་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་ཀྱི་ངོ་བོར་བསྒྱུར་ནས་ཕྱིར་བསྒྲགས་བྱས་པ་དེ། ང་ཚོའི་མིག་ནང་མི་མཛེས་པ་མ་ཟད་ཁྱད་དུ་ང་ཚོ་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་ཞིག་ཡིན་པ་ང་ཚོས་ངོས་འཛིན་བྱེད་བཞིན་ཡོད། དེས་ན་ང་ཚོས་རང་དབང་གིས་རང་མི་རིགས་ལ་གནོད་པའི་བྱ་བ་དུས་ནམ་ཡང་མི་བྱེད་པའི་དམ་བཅའ་བརྟན་པོ་བཟུང་སྟེ། ྋགོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་བོད་མི་ཡོད་དོ་ཅོག་གིས་གཡོལ་དུ་མི་རུང་བའི་འགན་འཁྲི་ཡིན་པ་ཤེས་དགོས་སོ།། །།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༠༧༢༠༡༠༡༨༡༣
བུ་ཞིག་ཡིན་ན་ད་ལོངས་ཤོགས། རིག་པའི་རྩལ་ཞིག་མཆིས་ན་ད་འགྲན་དགོས། གནས་ལུགས་དོན་ཞིག་གོ་ན་ད་སྟོན་ཞིག
མི་སྒེར་ལྟ་བ་ཡོད་ན་ད་སྨོས་ཤིག
ངས་ཕྱི་བོད་དང་ནང་བོད་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད་པས་ཁྱོད་ལོང་བ་ནི་མིན་པར་ཤོག ངས་བཤད་པའི་སྐད་ཆ་ལ་ང་རང་གིས་འགན་འཁུར་དགོས་པའི་གནས་ལུགས་དེ་ཁྱོད་ཀྱིས་མ་བཤད་ཀྱང་ངས་སྔ་ནས་ཤེས། བཙན་བྱོལ་བས་ད་དུང་པགས་རིགས་རྒྱན་གོས་ལ་ཞེན་པ་དོར་མེད་པ་དེ་དངོས་ཡོད་རེད་དམ་ཡང་ན་སྒྲོ་བཏགས་རེད། སྤྱི་ཚོགས་འདིས་པགས་རིགས་རྒྱན་གོས་ལ་དགའ་ཞེན་གྱིས་གྱོན་གོས་དེ་དག་བེད་སྤྱོད་བྱེད་ན་ཡག་པོ་འདུག་གམ། ངས་ལྟས་ན་དེ་ཡག་པོ་མེད་པས་བཤད་པ་ཡིན། ཁྱོད་རང་གི་རྒྱན་གོས་དེ་དག་བེད་སྤྱོད་བྱེད་བསམ་ན་རང་དབང་རེད། གྲོགས་པོ།
རིགས་མཐུན་གླག་རྒོད་ལགས་ལོ་རབ་༨༠བར་སྐྱེ་བའི་ཁོ་བོའི་ལྟ་ཚུལ་ཞིག་གམ་བསམས་འཆར་ཞིག་ཁྱེད་འདོན་རྒྱུ་ཡོད་པ་ནི། གསེར་ས་ན་ཡོད་ཀྱང་འོད་ནམ་མཁའ་ཤར་ཞེས་པའི་ཨ་མདོའི་གཏམ་དཔེ་མ་བརྗེད་པར་ཞུ། དེང་སྐབས་མི་རིགས་འདི་ཉག་འཕྲ་གཉོམ་ཆུང་བའི་སྐབས་འདིར་ཕྱི་བོད་ངན་རབ་དང་ནང་བོད་བཟང་རབ་བཤད་ན་འཚམ་པོ་འདུག་ཨེ་འདུག་་བསམས་ཤེས་ཡོད་པར་ཞུ། ང་ཚོར་དགོས་པ་ནི་ཕྱི་ནང་གི་སྟོབས་ཤུགས་གཅིག་བདུད་བྱེད་དགོས་པ་མ་རེད་དམ། འདི་ལྟར་ཕྱི་བོད་ནང་བོད་་ཞེས་གླེང་ན་བོད་མའི་གཅིག་སྡུད་ཀྱི་སེམས་སྟོབས་ལ་དངོས་སམ་ཟུར་ནས་ཤུགས་སྐྱེན་ཐེབ་རྒྱུ་རེད། འདིའི་འཇུག་འབྲས་་ཚབ་ཆེན་རེད། རྩོམ་ཡིག་གང་དང་གང་ཡིན་རོང་བསམས་བློ་མང་ཙམ་དང་མིག་རྒྱང་རིང་ཙམ་ལ་ལྟ་དགོས་པ་རེད། ད་དུང་རང་གིས་བཤད་པའི་སྐད་ཆའི་འཇུག་འབྲས་ལ་འགན་ཁུར་དགོས་པ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།