ཨ་ཁུ་སྟོན་པ་དང་ཁོང་གི་སྤྱང་གྲུང༌། སྒྲུང་གཏམ་འགའ།

ཨ་ཁུ་སྟོན་པས་སྤྱང་གྲུང་སློབ་པ།
སྔར་རང་ཅག་ཁ་བ་རི་པའི་མི་རྣམས་ཀྱི་རྡོག་ཁྲེས་སྒལ་པར་འཁུར་སྐབས། འཁུར་ཐག་དཔྲལ་སྟེང་དུ་གཏོང་གི་ཡོད་ཅིང། ཨ་ཁུ་སྟོན་པས་རྡོག་ཁྲེས་འཁུར་སྲོལ་དེ་གཅིག་ནས་ལུས་ཁམས་ལ་གནོད་པ་ཆེ་བ་དང། གཉིས་ནས་དངོས་པོ་ཆག་སྐྱོན་ཤོར་སླ་བ་ཞིག་སྟེ། ཐག་པ་དཔྲལ་སྟེང་ནས་ཤོར་ཏེ་ཆག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་མཐོང་བས། འཁུར་སྲོལ་དེར་བསྒྱུར་བཅོས་བྱེད་དགོས་བསམས་ཀྱང་སྐབས་མ་འཁེལ་བར་ལུས།

ནམ་ཞིག་ཨ་ཁུ་སྟོན་པས་འབོག་ཆུང་ཞིག་ཁྱེར་ནས་ལྷ་སའི་སྐྱིད་ཆུའི་འགྲམ་དུ་འགྲོ་སྐབས། ལྷ་སའི་བུ་མོ་བཅུ་གྲངས་ཤིག་སྐྱིད་ཆུ་ནས་ཆུ་བླངས་ཏེ་ལོག་ཡོང་བ་དང་ཐུག  ཨ་ཁུ་སྟོན་པ་ནི་རིག་པ་ཤིན་ཏུ་རྣོ་བའི་མི་ཞིག་ཡིན་པ་ཀུན་གྱིས་མི་ཤེས་པ་མེད་པས།  བུ་མོ་དེ་དག་གིས་ཨ་ཁུ་སྟོན་པའི་ལམ་བཀག་ནས། ཨ་ཁུ། ཨ་ཁུ། མི་ཚོས་ཁྱེད་རང་ཧ་ཅང་སྤྱང་པོ་ཡོད་པ་རེད་ཟེར་བས། དེ་རིང་ང་ཚོར་སྤྱང་པོ་ཞིག་སློབ་དང༌། ཞེས་བཤད། སྐབས་དེར་ཨ་ཁུ་སྟོན་པས་ཧ་ཅང་འཚབ་སྣང་ཆེ་བའི་བཟོ་བསྟན་ནས། ཨ་ཙི་ཙི། སྤྱང་པོ་སློབ་ཁོམ་ག་ལ་ཡོད། ཁྱོད་ཚོ་ལྟོས་དང་ནམ་མཁར་མེ་ཤོར་འདུག  ཅེས་བཤད།

ཨ་ཁུ་སྟོན་པའི་འཚབ་འཚུབ་ཀྱི་ཚུལ་དེས། བུ་མོ་དེ་ཚོར་ཡང་བྲེལ་འཚབ་སྐྱེས་ཏེ། སྣང་མེད་ངང་ནམ་མཁར་མིག་བལྟ་བར་ཐལ་བས། དཔྲལ་སྟེང་གི་ཐག་པ་ཤོར་ནས་རྫའི་ཆུ་བན་རྣམས་ཧྲུག་ཆག་ཏུ་གྱུར་ཏོ། །དུས་དེ་ནས་བཟུང་བོད་ཀྱི་ཡུལ་གྲུ་ཕལ་ཆེར་རྡོག་ཁྲེས་འཁུར་སྐབས། ཐག་པ་དཔུང་པར་བཀོན་པའི་སྲོལ་དེ་དེ་ནས་དར་བར་གྲགས། །

ཨ་ཁུ་སྟོན་པས་རྒྱལ་བོར་ཁྱི་སྐད་སྒྲོག་ཏུ་བཅུག་པ།
ལོ་གསར་གྱི་ཉིན་མོ་ནི་བོད་ལ་མཚོན་ན་ཧ་ཅང་ཐུན་མོང་མ་ཡིན་པའི་ཉིན་མོ་ཞིག་ཡིན་ལ།  ཉིན་འདིར་ཁྱིམ་ཚང་རེ་རེས་རང་ཉིད་ཀྱི་ལེགས་སྐྱེས་གང་བཟང་འཁྱེར་ནས་རྒྱལ་བོར་མཇལ་དུ་འགྲོ་བ་ཡིན། 
ལོ་ཞིག་གི་ལོ་གསར་ཚེས་གཅིག་གི་ཉིན་ལ། སྡེ་མི་རྣམས་ཀྱིས་ཨ་ཁུ་སྟོན་པ་ལམ་དུ་འགྲོ་བཞིན་པ་མཐོང་བས། ཨ་རོགས་ཨ་ཁུ་སྟོན་པ། ཁྱོད་གང་དུ་འགྲོ་བཞིན་ཡོད་དམ། ཞེས་དྲིས་པ་ན། ཨ་ཁུ་སྟོན་པས་ང་རྒྱལ་བོར་མཇལ་དུ་འགྲོ་བཞིན་ཡོད་ལ། ངས་རྒྱལ་བོར་ཁྱི་སྐད་སྒྲོག་ཏུ་འཇུག་ཐུབ་ཅེས་ལན་བཏབ།
སྡེ་མི་རྣམས་ཀྱིས་ཁྱོད་ཀྱིས་རྒྱལ་བོར་ཁྱི་སྐད་སྒྲོག་ཏུ་འཇུག་མི་ནུས་སོ།།  ཞེས་ཨ་ཁུ་སྟོན་པར་བཤད། ཕོ་བྲང་དུ་རྒྱལ་བོ་ཁྲི་ལ་བཞུགས་ཤིང་སྡེ་མི་རྣམས་ཀྱིས་རྒྱལ་པོ་ལ་རང་རང་གི་ལེགས་སྐྱེས་ཕུལ་ཞིང་རྒྱལ་བོས་ཁོ་ཚོ་ལ་ཞིམ་མངར་ལྡན་པའི་ཟས་སྩོལ་བཞིན་ཡོད།
གློ་བུར་དུ་ཨ་ཁུ་སྟོན་པ་ཕོ་བྲང་དུ་ཐོན་པས་རྒྱལ་བོས་ཅུང་ཙམ་ཡ་མཚན་པའི་ངང་ནས།  སྙིང་ཉེ་བའི་ཨ་ཁུ་སྟོན་པ་ལགས། ཁྱོད་ཡུན་རིང་ཞིག་ལ་མ་མཐོང་བས་གང་དུ་སོང་བ་ཡིན། ཞེས་དྲིས་པ་ན། བརྩེ་ལྡན་གྱི་རྒྱལ་བོ་ལགས།  ང་ཁྱེད་ལ་ཐུན་མོང་མ་ཡིན་པའི་ལེགས་སྐྱེས་ཤིག་འཚོལ་དུ་ཕྱིན་པ་ཡིན།  ངས་ཁྱེད་ལ་ཧ་ཅང་ངོ་མཚར་ལྡན་པའི་ཁྱི་ཞིག་ཉོ་འདོད་སྐྱེས། ཨ་ཁུ་སྟོན་པས་དེ་ལྟར་ལན་བཏབ།
དེ་ཕྱིར་རྒྱལ་བོས་ཅུང་ཙམ་ཡ་མཚན་པའི་ངང་ནས། འོ་ན་ཁྱི་དེའི་ཟུག་སྐད་ག་འདྲ་འདུག་གམ་ཞེས་ཨ་ཁུ་སྟོན་པར་དྲིས། ཨ་ཁུ་སྟོན་པས་མུའུ། མུའུ་ཞེས་གྲགས་པ་རེད་ཅེས་བཤད་པ་ན། རྒྱལ་བོས་ཁྱི་བཟང་བོ་ཞིག་གི་སྐད་ནི་དེ་འདྲ་མ་ཡིན་ཏེ། དེ་ནི་བྱི་ལ་ཞིག་གི་སྐད་རེད། ཅེས་བཤད། 
དེ་ནས་ཨ་ཁུ་སྟོན་པས་ཕྱིར་རྒྱལ་བོ་ལ། བརྩེ་ལྡན་གྱི་རྒྱལ་བོ་ལགས། འོ་ན་ཁྱི་བཟང་བོ་ཞིག་གི་སྐད་ནི་ཅི་འདྲ་ལགས་སམ།ཞེས་དྲིས་པ་ན། རྒྱལ་བོས་ཨ་ཁུ་སྟོན་པའི་མདུན་ནས་ལག་ཟུང་ས་ལ་བཙུགས་ཤིང་ཁ་ནས་ཝའོ། ཝའོ། ཞེས་སྒྲ་གྲགས་པ་དང་རྒྱལ་བོའི་སྐད་སྒྲ་དེ་ཁྱིའི་ཟུག་སྐད་དང་ཤིན་ཏུ་མཚུངས་པས་མི་རྣམས་ཧ་ལས་པར་གྱུར་ཏོ།།

ཨ་ཁུ་སྟོན་པས་རྒྱལ་བོའི་སྲོག་བསྐྱབས་པ།
གནའ་སྔ་མོ་ཞིག་ལ་བོད་ཡུལ་དུ་སྟོབས་འབྱོར་ལྡན་པའི་རྒྱལ་བོ་ཞིག་ཡོད།  ཉིན་ཞིག་ལ་རྒྱལ་བོའི་བཙུན་མོར་ན་ཚ་ཆེན་པོ་བྱུང་སྟེ།  རྒྱལ་བོས་མོ་འཆི་རྒྱུ་རེད་བསམས། ཁོས་བཙུན་མོར་སྨན་རྩ་ཆེན་རྣམས་བླུད་ཀྱང་ཕན་མ་ཐོགས་པས་མཐར་རྒྱལ་བོས་ཨ་ཁུ་སྟོན་པར་བློ་དྲིས། “ངས་ཅི་ཞིག་བྱེད་རྒྱུ་མི་ཤེས།  ཁྱེད་ཀྱིས་བདག་གི་བཙུན་མོ་ཇི་ལྟར་སྨན་བཅོས་བྱས་ན་ཕན་ཐོགས་པ་ཤེས་སམ།  ངས་ཁོ་མོ་འཆི་རྒྱུ་རེད་བསམས་ནས་བློ་བདེ་བོ་མི་འདུག” རྒྱལ་བོས་དེ་ལྟར་བཤད།  ཨ་ཁུ་སྟོན་པས་བཤད་རྒྱུར།  “ང་ནི་སྨན་པ་ཞིག་མིན་ཡང་ངས་བྱ་སྐད་གོ་བ་ཡིན།  དེ་བས་ངས་བྱ་ཚོར་འདྲི་དང་ཕལ་ཆེར་ཁོ་ཚོས་ཅི་ཞིག་བྱེད་དགོས་པ་བཤད་འོངས།”
“རེད་ལགས།  མྱུར་དུ་དེ་ལྟར་བྱོས”ཞེས་རྒྱལ་བོས་ཨ་ཁུ་སྟོན་པར་ཞུ་བ་བྱས།
ཡུད་ཙམ་འགོར་རྗེས་ཨ་ཁུ་སྟོན་པ་རྒྱལ་བོར་མཇལ་དུ་སོང་བ་རེད།  རྒྱལ་བོས“ཨ་ཁུ་སྟོན་པ།  བྱ་ཚོས་ཅི་ཞིག་བསྒྲུབ་དགོས་པ་བཤད་སོང༌།  ཚིག་གཅིག་ཀྱང་མ་གསང་བར་ང་ལ་མྱུར་དུ་ཤོད་རོགས།” ཞེས་བཤད།
“བྱ་ཚོས་བཤད་རྒྱུར།  གལ་ཏེ་བཙུན་མོ་ནད་ལས་ཐར་དགོས་ན།  ཁྱེད་ཀྱིས་ངེས་པར་དུ་རྒྱུ་ནོར་གྱི་ཕྱེད་ཀ་དེ་དབུལ་བོ་རྣམས་ལ་སྦྱིན་པ་གཏོང་དགོས།  གལ་ཏེ་དེ་ལྟར་མ་བསྒྲུབ་ཚེ།  བཙུན་མོ་འཆི་ངེས་རེད།”  ཨ་ཁུ་སྟོན་པས་དེ་ལྟར་བཤད།
རྒྱལ་བོ་དེ་བཙུན་མོ་ལ་ཧ་ཅང་དགའ་མོད་ཀྱང་དེ་ལས་དགའ་བ་ནི་རང་གི་རྒྱུ་ནོར་ཡིན་པས། རང་གི་རྒྱུ་ནོར་དབུལ་བོ་རྣམས་ལ་སྦྱིན་པ་གཏོང་རྒྱུ་ཁས་མ་བླངས།  ཨ་ཁུ་སྟོན་པས་གསང་སྟབས་ཀྱིས་བཙུན་མོ་ལ་རྒྱལ་བོས་ཅི་ཞིག་བསྒྲུབས་པ་བཤད།
ཉིན་གཉིས་ཀྱི་རྗེས་སུ།  རྒྱལ་བོར་ནད་བྱུང་སྟེ་ཨ་ཁུ་སྟོན་པ་བོས།  རྒྱལ་བོས“ཁྱེད་ཀྱིས་ང་ལ་རོགས་བྱོས་དང༌།  ང་རང་ལ་ནད་ལྗིད་མོ་ཞིག་བྱུང་འདུག  ཕལ་ཆེར་ང་ཡང་མི་འགྱངས་པར་འཆི་ངེས་རེད”ཅེས་བཤད།  ཨ་ཁུ་སྟོན་པས་སྨྲས་པ།  “ང་ནི་སྨན་པ་ཞིག་མིན་ཀྱང་ངས་བྱ་ཚོས་ཅི་གསུངས་དྲིས་ན་ཆོག”
“རེད་ཡ། རེད་ཡ།  མྱུར་དུ་དེ་ལྟར་བྱོས”རྒྱལ་བོས་བཤད།  ཅུང་ཙམ་འགོར་རྗེས་ཨ་ཁུ་སྟོན་པ་ཕྱིར་ལོག་བྱུང༌།
“ཨ་ཁུ་སྟོན་པ།  བྱ་རྣམས་ཀྱིས་ཅི་ཞིག་ཟེར་བྱུང”ཞེས་རྒྱལ་བོས་དྲིས་པ་ན།  ཨ་ཁུ་སྟོན་པས་བཤད་རྒྱུར།  “མཁས་མཛངས་ལྡན་པའི་བྱ་རྣམས་ཀྱིས་བཤད་པ་ལྟར་ན་ཁྱེད་ལའང་བཙུན་མོའི་ནད་ཕོག་འདུག་ཟེར།  ནད་དེ་ལས་ཐར་བར་ཐབས་ལམ་གཅིག་འདྲ་སྣང་བ་ཡིན་ཏེ།  རྒྱུ་ནོར་ཐམས་ཅད་དབུལ་བོར་ཕྱིན་ཚེ་ཁྱེད་ཀྱི་སྐུ་ཚེ་བརྟན་ཅིང་སྤྲོ་བ་འཕེལ།  གལ་ཏེ་ཁྱེད་ཀྱིས་དེ་ལྟར་མ་བསྒྲུབ་ཚེ་དོན་རྐྱེན་ཅི་ཞིག་འབྱུང་རྒྱུ་བདག་གིས་ཁྱེད་ལ་བཤད་མི་ཕོད།”
རྒྱལ་བོས་གཏམ་དེ་ཐོས་མ་ཐག་ཨ་ཁུ་སྟོན་པའི་གཏམ་དེར་འཐད་པ་བྱུང་སྟེ།  ཁོས་རྒྱུ་ནོར་ཐམས་ཅད་དབུལ་བོར་སྟེར་རྒྱུ་ཁས་བླངས།  “ནམ་ཞིག་ཁྱེད་ཀྱིས་དོན་འདི་བསྒྲུབ་རྒྱུ་ཡིན”ཞེས་ཨ་ཁུ་སྟོན་པས་དྲིས་པ་ལ།  རྒྱལ་པོས“འདི་ན་ངའི་མཛོད་ཁང་གི་ལྡེ་མིག་ཡོད།  རྒྱུ་ནོར་གྱི་ཕྱེད་ཀ་འཁྱེར་ཤོག  ཡི་གེ་འདིའི་སྟེང་དུ་ཁྱེད་ཀྱིས་གསུངས་པ་བཞིན་སྒྲུབ་ཆོག་པའི་བཀའ་ཡིག་བྲིས་ཡོད།” ཅེས་བཤད།    དེ་ནས་ཨ་ཁུ་སྟོན་པས་རྒྱལ་བོར་རོགས་བྱེད་རྒྱུ་འཐད་པ་བྱུང༌།
ཉིན་འགའི་རྗེས་སུ།  སྡེ་མི་ཞིག་གིས་ཨ་ཁུ་སྟོན་པར“ཉིན་འདི་འགའི་རིང་རྒྱལ་བོར་དེ་འདྲའི་སྤྲོ་བ་ལྡན་པ་ཅི་ཞིག་རེད་དམ”ཞེས་དྲིས།  ཨ་ཁུ་སྟོན་པ་གད་མོ་དགོད་བཞིན།  “ང་ས་དེར་མ་སོང་བར་ཡུན་རིང་འགོར་སོང་བས་ངས་མི་ཤེས།  གལ་ཏེ་ཁྱེད་ཀྱིས་ངོ་མ་ཤེས་འདོད་ན།  ངས་བྱ་ཚོར་འདྲི་དང་ཕལ་ཆེར་ཁོ་ཚོས་ཤེས་འོངས།”ཞེས་བཤད་དོ།  །

གསེར་ཆུ་བྱུག་པའི་ཆུ་རྡོ།
གདུག་རྩུབ་ཆེ་བའི་སྐུ་དྲག་ཅིག་གིས་མི་སེར་གྱི་མགོ་གནོན་བྱེད་དུ་ཤིང་བཟོ་ཞིག་ལ་ཁྲིམས་དབྱུག་ཅིག་བཟོ་རུ་བཅུག སྟེང་དུ་ཁྱི་རྡུང་ཁྲིམས་དབྱུག་ཅེས་བཀོད། སུ་ཞིག་གིས་ཁོའི་བསམ་པ་དང་མ་བསྟུན་ན་ཁྲིམས་དབྱུག་དེ་བཀོལ་བས་ཐམས་ཅད་དེ་ལ་སྐྲག་སྣང་སྐྱེས། ཨ་ཁུ་སྟོན་པས་དེ་གོ་བས་ཁོ་རང་སྐུ་དྲག་གི་སྲས་ཤིག་ཏུ་བརྫུས་ཏེ་རྟའི་འཕོངས་ལ་གསེར་ཏ་ལེན་གང་འཕངས་ཏེ་ཐོན། སྐབས་དེར་སྐུ་དྲག་གིས་ལུས་ལ་ཚ་རུ་སྲམ་ཁ་མ་གྱོན་ཞིང༌། མགོ་ལ་ཚེ་རིང་ཞྭ་མོ་མནབས་པ། རྐང་ལ་རྒྱ་གར་འཇུར་རྟ་གྱོན་པའི་སྐུ་སྲས་དེ་མཐོང་བྱུང༌། སྐུ་དྲག་གིས་གུས་པས་སྐུ་སྲས་དེ་མགྲོན་ཁང་དུ་གདན་འདྲེན་ཞུས་ཤིང༌། གར་འོངས་གང་དུ་འགྲོ་དོན་དྲིས་ཚེ། དོན་དུ་སྐུ་སྲས་ནི་གསེར་ཏ་ལེན་གང་ཁྱེར་ཏེ་ཁྱི་རྡུང་ཁྲིམས་དབྱུག་ཉོ་རུ་འོངས་པ་རེད། སྐུ་དྲག་རློམ་སེམས་སྐྱེས་ཏེ་ཁྱི་རྡུང་ཁྲིམས་དབྱུག་ལག་ཏུ་བཟུང་སྟེ་རྒྱུ་སྤུས་ལ་ཞིབ་ལྟ་བྱས། དེ་ནས་སྐུ་སྲས་ཀྱིས་རྟ་ཐོག་ནས་གསེར་ཏ་ལེན་གང་པོ་མར་ཕོག་པ་དང༌། ལེན་གང་པོ་མར་ཕོག་པ་དང༌། གསེར་རྡོག་ཁ་ཤས་སིང་སྒྲ་གྲགས་ནས་འགྲིལ་འོང་ཞིང་འོད་ཟེར་ཆེམ་ཆེམ་དུ་འཕྲོས། སྐུ་དྲག་དགའ་དྲགས་ཏེ་རེ་ཞིག་ལ་ཁ་གྲགས་མི་ཐུབ་པ་དང༌། དེ་ནས་གུས་གུས་ཞུམ་ཞུམ་གྱིས་“ཁྱི་རྡུང་ཁྲིམས་དབྱུག་”སྐུ་སྲས་ལ་གཏད། སྐབས་དེར་སྐུ་སྲས་རྟར་ཞོན་ཏེ་ཤར་རེ་བསྐྱོད་པ་དང༌། སྐུ་དྲག་གི་སེམས་སུ་འབངས་བསྡུས་ཏེ་གསེར་ཏ་ལེན་གང་པོ་སར་བླུགས་ཏེ་དཀྱིལ་ནས་བསྡད་ན་ང་ལ་སྔར་བས་གཟི་བརྗིད་དང་སྙན་གྲགས་འབར་ངེས་ཡིན་སྙམ་སྟེ། འབངས་རྣམས་བསྡུས་ཏེ་ཏ་ལེན་ནང་གི་གསེར་རྣམས་ས་ལ་བླུགས་པས་མཐར་ཤོག་ལྷེ་ཞིག་མངོན་བྱུང༌། སྐུ་དྲག་གིས་ལག་ཏུ་བླངས་ཏེ་བལྟས་པས་འདི་ལྟར་བྲིས་འདུག ཁྱི་རྡུང་ཁྲིམས་དབྱུག་ཤར་གཅིག རིན་ཆེན་གསེར་རྡོར་བརྗེས་ཀྱང༌། འདོད་རྔམ་ཚིམས་རྒྱུ་མི་འདུག གསེར་ཧྲུག་ཆུ་རྡོར་གྱུར་འགྲོ ཨ་ཁུ་བསྟན་པ་ནས་ཞེས་བྲིས་འདུག ད་གཟོད་ཁོས་སྐུ་སྲས་དེ་ནི་ཨ་ཁུ་སྟོན་པ་ཡིན་པ་ཤེས་པས་ལྕགས་དབྱུག་ཅིག་བླངས་ཏེ་ཐང་གི་གསེར་རྡོག་དེ་དག་ལ་གཞུས་པ་ན་གསེར་ཆུ་བྱུགས་པའི་ཆུ་རྡོ་དེ་དག་གི་ངོ་བོ་ལྷང་ལ་བུད་པ་རེད།

ཨ་ཁུ་སྟོན་པས་གསེར་བཏབ་པ།
སྔོན་ལུང་བ་ཞིག་ལ་རྒྱལ་བོ་འདོད་རྔམ་ཆེ་ལ་སེར་སྣ་ཅན་ཞིག་ཡོད་པ་དེས། རང་གི་འབངས་མི་སེར་ཚོར་ཟ་འབྲུའི་ཁྲལ་ཆེན་པོ་བཀལ་བར་བརྟེན། མི་སེར་རྣམས་རིམ་པས་དབུལ་བོར་གྱུར། སྐབས་དེར་བློ་རིག་བཀྲ་བའི་མི་ཁག་ཅིག་ནས། རྒྱལ་པོའི་སྤྱོད་ངན་འགོག་ཐབས་ལ་གྲོས་བཟང་གྲོས་མོལགནང་དང༌།ཨ་ཁུ་སྟོན་པའི་དྲུང་དུ་སྐྱིད་སྡུག་ཞུ་བར་འགྲོ་རྒྱུ་ཐག་བཅད་དེ་ཨ་ཁུ་སྟོན་པའི་མདུན་དུ་བཅར༌། ཨ་ཁུ་སྟོན་པས་མི་སེར་རྣམས་ཀྱི་ལུས་ཀྱི་གོས་དང་གདོང་གི་མདོག་མཐོང་དུས། སེམས་ལ་སྙིང་རྗེཚད་མེད་སྐྱེས་ཏེ། ངས་ཐབས་བཀོད་འཐེན་ཆོག་ཁྱེད་རྣམས་ཀྱི་སེམས་ཁྲལ་རྩ་བ་ནས་མ་བྱེད་ཅེས་སེམས་གསོ་གནང་བ་དང༌། སྔོན་ལ་ཁྱེད་རྣམས་ཀྱིས་ཕྲན་ལ་གསེར་སྒོར་དྲུག་གཡར་ཐབས་བྱེད་རོགས། གནས་སྐབས་རིང་དགོས་མཁོ་ཡོད་པ་ལས། ལས་དོན་གྲུབ་འཚམས་སུ་གསེར་སྒོར་དེ་དགཕྱིར་སྤྲད་ཆོག་ཅེས་མངགས་སོ།།
མི་སེར་རྣམས་ཀྱིས་ཐབས་ཤེས་ཡོད་དགུ་བྱས་ནས། གསེར་སྒོར་དྲུག་ས་ཆ་གཞན་གྱི་ཕྱུག་བདག་གཅིག་ནས་གཡར་ཏེ་ཨ་ཁུ་སྟོན་པར་ཕུལ། ཨ་ཁུ་སྟོན་པས། གྲོགས་པ་ཚོ་བློ་བདེ་བོར་བཞུགས་དང༌།ངས་རྒྱལ་ངན་དེའི་འདོད་རྔམ་འགོག་ཐུབ་ཁོ་ཐག་ཡིན་ཞེས་རྒྱལ་པོའི་ཕོ་བྲང་གི་ཕྱོགས་སུ་ཆས་སོ།།
ཨ་ཁུ་སྟོན་པས་རྒྱལ་པོ་སྤྲོ་འཆམ་དུ་ཕེབས་པའི་གོ་སྐབས་དང་བསྟུན་ཏེ། གསེར་སྒོར་དེ་རྣམས་ཁྱེར་ནས་ལམ་ཟུར་ཞིག་ཏུ་ས་སྔོག་གིན་བསྡད་པ་རེད། རྒྱལ་པོས་ཨ་ཁུ་སྟོན་པས་ས་སྔོག་བཞིན་པ་གཟིགས་པས། ཡ་མཚན་དང་སྤྲགས། ཨ་རོགས་ཨ་ཁུ་སྟོན་པ། ཁྱེད་ཀྱིས་འདིར་ས་བསྔོགས་ནས་ག་རེ་འདེབས་རྩེས་ཡོད་ཅེས་དྲིས་པ་རེད།
ཨ་ཁུ་སྟོན་པས་ལམ་སེང་རྒྱལ་པོའི་མདུན་དུ་བཅར་ནས། གུས་གུས་ཞུམ་ཞུམ་གྱིས། རྒྱལ་པོ་རིན་པོ་ཆེ། དེ་རིང་སང་ཉིན་ནི་གསེར་འདེབས་པའི་དུས་ཚོད་ཡག་ཤོས་རེད། ཁ་སང་གསེར་སྒོར་འགའ་བཏབ་པ་ཡིན། དེ་རིང་དེ་དག་གི་འབྲས་བུ་ལེན་གྱིན་ཡོད་ཅེས་ཞུས།
སྐབས་དེར་རྒྱལ་པོས་ཞལ་ནས་གང་ཡང་མ་གསུང་ཡང༌། ཡིད་མ་ཆེས་པའི་གདོང་དེ་ཨ་ཁུ་སྟོན་པས་མཐོང་འཕྲལ། གལ་ཏེ་རྒྱལ་པོ་རིན་པོ་ཆེ་ཐུགས་མ་ཆེས་ན་འདིར་གཟིགས་དང༌། ཁ་སང་ཕྲན་གྱིས་གསེར་སྒོར་གསུམ་བཏབ་པས་དེ་རིང་ཡར་ལེན་དུས་གསེར་སྒོར་གསུམ་གསར་དུ་སྐྱེས་འདུག་པས། ཁྱོན་བསྡོམས་དྲུག་ཆགས་མི་འདུག་གམ་ཞེས་གསེར་སྒོར་རྣམས་རྒྱལ་པོའི་སྤྱན་དུ་བསྟར་རོ།།
རྒྱལ་པོས་གསེར་སྒོར་དེ་དག་དངོས་སུ་གཟིགས་རྗེས་གཞི་ནས་ཐུགས་ཡིད་ཆེས་ཏེ། ཁ་ནས་དངོས་གནས་རེད་འདུག དེ་འདྲ་ཡིན་ན་ཁྱེད་ཀྱིས་ངའི་གསེར་སྒོར་འགའ་ཡང་འདེབས་གྲོགས་བྱེད་རོགས་ཤེས་གསུང་པར། ཨ་ཁུ་སྟོན་པས་གུས་གུས་ཞུམ་ཞུམ་གྱི་ཐོག་ནས། རྒྱལ་པོ་རིན་པོ་ཆེ་ལ་ཞབས་ཕྱི་མ་ཞུས་ན་གཞན་སུ་ལ་ཞུ། ག་ཚད་འདེབས་དགོས་ཡོད་ཀྱང་གསུང་རྐྱང་གནང་རོགས། ཞེས་ཞུས། རྒྱལ་པོས་རང་གི་ཨམ་ཕྲག་ནས་གསེར་སྒོར་གཉིས་བཏོན་ཏེ། དང་ཐོག་གསེར་སྒོར་གཉིས་བཏབ་ན་འགྲིག དེ་རྗེས་ལྟ་གིན་ལྟ་གིན་བྱས་ཆོག་ཅེས་གསུང་ནས་གསེར་སྒོར་གཉིས་པོ་ཨ་ཁུ་སྟོན་པའི་ལག་ཏུ་སྤྲད། ཁོས་ལམ་སེང་གསེར་སྒོར་གཉིས་ཁྱེར་ནས་འདེབས་པར་སོང་ངོ།།
ཕྱིས་ཉིན་ཨ་ཁུ་སྟོན་པ་དགའ་སྤྲོའི་ངང་རྒྱལ་པོའི་མདུན་དུ་བཅར་ཏེ། ཁ་སང་རྒྱལ་པོས་གནང་བའི་གསེར་སྒོར་གཉིས་ཀྱི་ཐོག་རང་གི་གསེར་སྒོར་གཉིས་ཁ་སྣོན་བརྒྱབ་སྟེ། རྒྱལ་པོ་རིན་པོ་ཆེ། གསེར་སྒོར་རེ་རེ་ལ་རེ་རེ་སྐྱེས་འདུག་ཅེས་གསེར་སྒོར་བཞི་ཕུལ་བས། ཧམ་སེམས་ཅན་གྱི་རྒྱལ་པོ་དེ་ནི་དགའ་སྣང་ཆེན་པོ་བྱུང་བ་དང་སྦྲགས། ཁྱིད་ཀྱིས་གསེར་སྒོར་བཞི་བོ་འདི་ཡང་བསྐྱར་འདེབས་དགོས།ཞེས་བཀའ་གནང༌།
ཕྱིས་ཉིན་ཡང་རྒྱལ་པོ་མདུན་དུ་བཅར་ནས། རང་གི་གསེར་སྒོར་བཞི་བོ་དེའི་ཐོག་ཏུ་བསྣན་ཏེ་འབྲས་བུ་སྨིན་ཁུལ་བགྱིས་ཏེ། གསེར་སྒོར་བརྒྱད་རྒྱལ་བོ་ལ་ཕུལ་ཏེ་རྒྱལ་བོའི་སེམས་དེ་བས་ཀྱང་དགའ་སྣང་གི་ཁེངས་པ་བཟོས། དེ་རྗེས་གུས་གུས་ཞུམ་ཞུམ་གྱིས། རྒྱལ་པོ་རིན་པོ་ཆེ། དེ་རིང་ག་ཚོད་འདེབས་དགོས་ཡོད་ཚང་མ་བཏབ་གནང་ན་མ་གཏོགས་སང་ཉིན་ནས་གསེར་འདེབས་རྒྱུའི་དུས་ཚོད་རྫོགས་ཚར་བ་རེད་ཅེས་ཞུས།
སྐབས་དེར་རྒྱལ་པོས་བསམ་བློ་གཏོང་ལོང་མེད་པར་འདོད་རྔམ་ཆེན་པོས། དེ་འདྲ་ཡིན་ན་དེ་རིང་ངའི་གསེར་གྱི་བང་མཛོད་ནས་ཕྱེད་ཀ་ཏག་ཏག་འདེབས་དགོས། ཞེས་བཀའ་གནང་བར། ཨ་ཁུ་སྟོན་པས། དེ་ན་དེ་རིང་མྀ་སེར་རྣམས་གསེར་སྒོར་འཁྱེར་རོགས་ལ་བོས་ན་འགྲིག་གམ། ཞེས་ཞུས་པར་རྒྱལ་པོས། འགྲིག་གི་རེད། ཅེས་བཀའ་འཁྲོལ་བས་ཨ་ཁུས་མི་སེར་རྣམས་ལ་གསེར་སྒོར་རྣམས་འཁྱེར་དུ་བཅུག
དེ་ནས་རྒྱལ་པོའི་ཕོ་བྲང་ནས་ཐག་རིང་བསླེབས་དུས། ཨ་ཁུ་སྟོན་པས་གསེར་སྒོར་དེ་དག་ཚང་མ་མི་སེར་ཁོང་ཚོར་བགོ་བཤའ་བརྒྱབ་ནས་སྤྲད། ཉིན་དེ་ནས་བཟུང་འབངས་མི་སེར་དེ་རྣམས་ཟས་གོས་མི་འདེང་བའི་དཀའ་ངལ་ལས་སྐྱབས་པ་རེད།
ཕྱིས་ཉིན་ཨ་ཁུ་སྟོན་པས་མགོ་བོ་སྒ྄ུར་སྒུར་ངང་སྐྱོ་གདོང་ཞིག་སྟོན་གྱིན་རྒྱལ་པོའི་གཟིམ་ཆུང་ལོག་ནས། རྒྱལ་པོ་རིན་པོ་ཆེ། དཔེ་ནག་པོ་བསགས་ཚར་འདུག ཁོ་བོས་ཚེས་གྲངས་རྩི་སྟངས་ནོར་འདུག་རྐྱེན་གྱིས་གསེར་སྒོར་ཚང་མ་ས་འོག་ཏུ་འཕྲོ་བརླག་ཕྱིན་འདུག གང་ཡིན་ཟེར་ན་གསེར་འདེབས་རྒྱུའི་དུས་ཚོད་དེ་ཁ་སང་ནས་རྫོགས་ཚར་འདུག ཅེས་ཞུས་པར་སེར་སྣ་ཅན་གྱི་རྒྱལ་པོ་དེ་ཧང་སངས་ཏེ་ལུས་སོ།།

རྒྱལ་པོ་དང་ཨ་ཁུ་སྟོན་པ།
ཉིན་ཞིག་རྒྱལ་པོས་དམག་མི་ལ་བཀའ་ཕབ་སྟེ་ཨ་སྟོན་པ་འདིར་ཁྲིད་ཤོག་ཅེས་མངགས། དུས་ཡུན་རིང་བོ་མ་འགོར་བར་དམག་མིས་ཨ་ཁུ་སྟོན་པ་རྒྱལ་བོའི་མདུན་ལ་ཁྲིད་ནས་བསླེབས་སོང༌། རྒྱལ་པོས་ཨ་ཁུ་སྟོན་པ་ལ་བཤད་རྒྱུར། ཁྱོད་ཀྱིས་ངེས་བར་དུ་ལས་ཀ་གསུམ་བསྒྲུབ་དགོས། དེ་མིན་ན་ཆད་པ་གཅོད་རྒྱུ་ཡིན། དེ་གཉིས་ཀྱི་ནང་ནས་རང་གི་བདམས་ཀ་བྱོས་ཅེས་བཤད་པ།
ཨ་ཁུ་སྟོན་པས། རྒྱལ་བོ་ལགས། ལས་ཀ་གསུམ་དེ་ཅི་ཞིག་ཡིན་ཞེས་དྲིས། རྒྱལ་བོས་ཨ་ཁུ་སྟོན་པ་ལ་བཤད་རྒྱུར། ཁྱོད་ཀྱིས་ཕ་གི་ཞིང་བ་དེར་ལྟོས་དང༌། ཁོས་གླང་བུ་གཉིས་དང་མཉམ་དུ་ཞིང་རྨོ་བཞིན་འདུག ཁྱོད་ཀྱིས་ངེས་པར་དུ་ཁོའི་གླང་གཉིས་རྐུ་དགོས་པ་མ་ཟད། བརྐུས་པ་ཡིན་ཁྱོན་ནས་མ་ཤེས་པ་བྱེད་དགོས། དེ་ནི་ལས་ཀ་དང་བོ་ཡིན་ཞེས་བཤད། ཨ་ཁུ་སྟོན་པས་དེ་ནི་ལས་ཀ་སླ་མོ་ཞིག་རེད་ཟེར་བཞིན་ཞིང་བའི་ཞང་ནང་སོང༌།
ཨ་ཁ་སྟོན་པ་ཞིང་ཁའི་ཉེ་བགྲམ་གྱི་སྡོང་བོ་ཞིག་གི་ཕག་ལ་ཡིབ་ནས་གཞས་སྙན་མོ་ཞིག་གཏོང་གིན་བསྡད། ཞིང་བ་དེས་གཞས་སྙན་མོ་དེ་ཐོས་དུས། གཞས་གཏོང་མཁན་དེ་སུ་ཡིན་ནམ་བསམ་བཞིན་གཞས་པ་དེ་བཙལ་དུ་ནགས་གསེང་ལ་སོང༌། སྐབས་དེར་ཨ་ཁུ་སྟོན་པ་ཞིང་ནང་དུ་བརྒྱུགས་སོང་ནས་གླང་གི་རྭ་རྩེ་དང༌། མཇུག་མ་བཅད་ནས་ཞིང་ནང་ལ་བཙུགས་ཤིང་ཕར་བལྟས་ན་མཐོང་ཐུབ་པ་བྱས་ནས་གླང་གཉིས་དེད་དེ་བྲོས་སོང༌།
ཞིང་བས་གཞས་པ་དེ་མ་རྙེད་པ་དང༌། ཕྱིར་ཞིང་ནང་དུ་ལོག་དུས། གླང་གཉིས་མཐོང་ཡུལ་ན་མེད་པ་དང་གླང་གི་རྭ་ཅོ་དང་མཇུག་མའི་སྣེ་མོ་མཐོང༌། དེ་ནས་ཁོའི་སེམས་ལ། ངའི་གླང་གཉིས་ག་འདྲ་བྱས་ནས་ས་འོག་ཏ་འཛུལ་སོང་ཡིན་ནམ་བསམ་ནས་ཡོད་དུས། ཨ་ཁུ་སྟོན་པས་མཇུག་མའི་སྣེ་ནས་ཡར་འཐེན་ཞེས་སྐད་རྒྱག་བཞིན་ཕྱིར་ཞིང་ནང་ལ་བརྒྱུགས་ཡོང༌།
ཞིང་བ་དེས་དེ་མ་ཐག་མཇུག་མ་ནས་ཡར་འཐེན་པས་མཇུག་མ་ཆད་སོང༌། དེ་ནས་ཨ་ཁུ་སྟོན་པས་ད་རྭ་ཅོ་ནས་འཐེན་ཞེས་བཤད་དེ་ཤིང་ནགས་སུ་འཛུལ་ནང་དུ་སོང་ནས། གླང་དེ་གཉིས་ཁྲིད་ནས་རྒྱལ་བོའི་མདུན་སོང་ནས། གླང་གཉིས་རྐུ་སྟངས་ཀྱི་གོ་རིམ་གྱི་སྒྲུང་དེ་རྒྱལ་བོ་བཤད། རྒྱལ་བོ་ཨ་ཁུ་སྟོན་པའི་སྤྱང་གྲུང་ལ་ཡ་མཚན་པ་རེད། ཡང་རྒྱལ་བོ་ན་རེ། ཡ་ཨ་ཁུ་སྟོན་པ། དེ་ན་ང་ལ་རྟ་དཀར་པོ་ཞིག་ཡོད། ཁྱོད་ཀྱིས་ངེས་པར་དེ་རིང་དགོངས་མོ་དེ་རྐུ་དགོས་ཞེས་བཤད། ཨ་ཁ་སྟོན་པས་ལས་ཀ་འདི་ཧ་ཅང་ཁག་པོ་ཞིག་རེད་དེ། ངས་འགྲུབ་ངེས་པ་བྱེད་ཀྱི་ཡིན་ཞེས་ཞུས། རྒྱལ་བོས་གཡོག་པོ་ཚོར་དོ་ནུབ་རྟ་དཀར་པོ་དེ་གཟབ་གཟབ་བྱས་ནས་བསྲུང་དགོས་ཞེས་བཤད་པ་དང༌། རྟ་རྫི་ལ་མཚན་གང་བོར་རྟ་ཞོན་ནས་འདུག་དགོས་ལ། དུས་ཚོད་སྐར་ཆ་གཅིག་ལའང་རྟ་དང་ཁ་འབྲལ་མི་ཆོག་ཅེས་བཀའ་བཏང༌། ཨ་ཁུ་སྟོན་པ་རྒྱལ་བོའི་ཕོ་བྲང་ནས་ཕྱིར་འགྲོ་དུས། རྒྱལ་བོའི་ཇ་དཔོན་གྱི་ལྭ་བ་འགའ་བརྐུས་ནས་བུད་སོང་བ་རེད། མཚན་གོང་ལ་ཁོས་ལྭ་བ་ཞིག་གྱོན་ནས་ཟ་མ་དང་བཟི་སྨན་བཏབ་པའི་ཆང་ཏོག་ཙམ་ཁྱེར་ཏེ་སྒོ་སྲུང་ཚོའི་མདུན་དུ་སོང༌། སྒོ་སྲུང་བ་དག་གི་ཁོ་ཇ་དཔོན་ཡིན་ཤག་བྱས་ནས་དོ་སྣང་མ་བྱས། ཨ་ཁུ་སྟོན་པས་སྒོ་སྲུང་བ་ཚོར་བཤད་རྒྱུར། དོ་ནུབ་ངེས་པར་དུ་ཨ་ཁུ་སྟོན་པ་འཛིན་དགོས། ང་འདིར་རྒྱལ་བོས་ཆེད་དུ་ཟ་མ་འདི་དང་ཆང་འདི་ཁྱོད་ཚོ་ལ་འབུལ་དུ་མངགས་བྱུང་ཞེས་བཤད། སྒོ་སྲུང་བ་ཚོས་ཆང་མང་བོ་མ་འཐུང་ནའང༌། བཟི་སྨན་ཤུགས་ཆེ་སྟབས་ཚང་མ་གཉིད་ཁུག་སོང༌། རྟ་དཀར་ཞོན་ནས་ཡོད་པའི་རྟ་རྫི་ལའང་གཉིད་དུབ་སྟེ། ཨ་ཁུ་སྟོན་པ་ལ། ཇ་དཔོན་ལགས་བདག་ཤིན་དུ་ངལ་བས། སྐུ་ཉིད་ཀྱིས་རྟ་འདི་ཞོན་ནས་ཅུང་འདུག་རོགས་ཞེས་ཞུས། ཨ་ཁུ་སྟོན་པས་ཡིན་དང་ཡིན་ཞེས། ཚང་མ་གཉིད་ལ་ཡུར་ཏེ་ཁུ་སིམ་མེར་འདུག་པའི་སྐབས་སུ། རྟ་དཀར་ཏེཞོན་ནས་རང་གི་ནང་ལ་ཕྱིན་སོང༌།
ཕྱི་ཉིན་ཞོགས་པར་རྒྱལ་བོས་སྒོ་སྲུང་བ་གཉིད་ནས་ཡོད་པ་དང༌། རྟ་མཐོང་ཡུལ་ན་མེད་པ་ཤེས་ནས་ཁོང་ཁྲོ་རབ་ཏུ་ལངས་བཞིན་པའི་སྐབས། ཨ་ཁུ་སྟོན་པས་རྟ་དཀར་པོ་དེ་ཞོན་ནས་ཕོ་བྲང་གི་སྒོར་འབྱོར་བྱུང་བ་དང༌། རྒྱལ་བོ་ལགས། སྐུ་ཉིད་ཀྱིས་སྤྲད་པའི་ལས་འགན་གཉིས་པ་དེ་ངས་སྒྲུབ་ཚར་ཡོད་ཞེས་ཞུས་ཙ་ན། རྒྱལ་བོ་རེ་ཞིག་ཁ་རྐྱངས་དགོས་བྱུང་བ་རེད། ཡང་རྒྱལ་བོ་ན་རེ། ཨ་ཁུ་སྟོན་པ། ད་ཐེངས་ཁྱོད་ཀྱིས་ངེས་པར་ངའི་བཙུན་མོའི་འཛུམ་མོ་ལས་འཛུབ་དཀྲིས་ལེན་དགོས། མོ་ལ་གཉིད་ཁུག་པའི་སྐབས་སུ་ལེན་མི་ཆོག་ཅེས་བཤད། ཨ་ཁ་སྟོན་པས་ལས་ཀ་འདི་ཧ་ཅང་ཁག་པོ་ཞིག་རེད་དེ། ངས་འགྲུབ་ངེས་པ་བྱེད་ཀྱི་ཡིན་ཞེས་ཞུས། རྒྱལ་བོས་བཙུན་མོའི་བཞུགས་སའི་ཕོ་བྲང་གི་ཕྱི་ནང་ཀུན་ལ་སྐོར་སྲུང་བ་མང་བོ་བཞག་སྟེ་བསྲུང་དུ་བཅུག། རྒྱལ་བོ་རང་ཉིད་ཀྱང་བཙུན་མོའི་ཕོ་བྲང་གི་སྒེའུ་ཁུང་གི་གམ་དུ་བསྡད་སོ་ལྟ་བྱས་ནས་བསྡད།
དེ་ནས་རྒྱལ་བོའི་སེམས་ལ། ད་ཨ་ཁུ་སྟོན་པ་ནང་ལ་ཡོང་མི་ཐུབ་ཁོ་ཐག་བསམ་ནས་ཡོད་དུས། མཚན་གོང་ཙམ་ལ་སྒྲ་ཞིག་གྲགས་བྱུང༌། རྒྱལ་བོ་སྒེའུ་ཁུང་གི་མཁྲིས་ལ་སོང་ནས་ཕྱི་རོལ་བལྟས་དུས། སྐས་རིང་ཞིག་སྒེའུ་ཁུང་གི་མཁྲིས་སུ་བཙུགས་འདུག་པ་དང༌། དེ་ལ་མི་ཞིག་འགོས་ནས་ཡར་ཡོང་གིན་འདུག རྒྱལ་བོས་མི་དེ་ཨ་ཁུ་སྟོན་པ་རེད་བསམ་ནས། སྐས་ལ་འབུད་རྒྱག་ཅིག་བྱས་བས་སྐས་འགྱེལ་ནས་དུམ་པུར་ཆག དེ་ནས་ཨག་སྐད་ཐོས་སོང༌།
རྒྱལ་བོ་ཐུགས་ལ་ཨ་ཁུ་སྟོན་པ་ཡིན་པ་ཁོ་ཐག་ཡིན་བསམ་པ་དང༌། ཁོ་ཤི་ཚར་ཡོད་མེད་ན་བལྟ་དགོས་དགོངས་ཏེ་ཕོ་བྲང་ནས་ཕྱི་ལོག་ཏུ་བུད་སོང༌། དེ་དུས་ཨ་ཁུ་སྟོན་པ་ལམ་སེང་བཙུན་མོའི་གཟིམ་ཁང་དུ་འཛུལ་ནས། རྒྱལ་བོའི་སྐད་གདངས་ཀྱིས། ཁྱོད་རང་ཉལ་དུ་སོང༌། ངས་ཨ་ཁུ་སྟོན་པ་བསད་ཚར་ཡོད། ཡིན་ན་འང་འཛུམ་དཀྲིས་བཏགས་ནས་མ་ཉལ། ཨ་ཁུ་སྟོན་པའི་སྐོར་མཚན་གང་བོར་རྨི་ལམ་ལ་རྨིས་ན་སྐྱིད་ཀི་མ་རེད། འཛུབ་དཀྲིས་ང་ལ་སྤྲོད་དང་ངས་སྒམ་ནང་ལ་འཇོག་ཆོག་ཅེས་བཙུན་མོའི་ལག་ནས་འཛུབ་དཀྲིས་ཏེ་བླངས་ནས་རང་གི་ནང་ལ་བུད་སོང༌། དེ་ནས་རྒྱལ་བོ་ཕྱིར་ཡོང་ནས། བཙུན་མོ་ལ། ཁྱོད་རང་ཉལ་དུ་སོང༌། ངས་ཨ་ཁུ་སྟོན་པ་བསད་ཚར་ཡོད། ཡིན་ཡང་འཛུམ་དཀྲིས་བདག་གཅེས་བྱེད་རོགས། བཙུན་མོ་ཡ་མཚན་སྐྱེས་ཏེ། ངའི་འཛུབ་དཀྲིས་ཁྱོད་ཀྱིས་སྒམ་ནང་དུ་བཅུག་བཞག་པ་མ་ཡིན་ནམ་ཞེས་ལན་བཏབས། རྒྱལ་བོས་སྐད་ཆེན་པོས། ད་ཡང་འཛུབ་དཀྲིས་ཏེ་ཨ་ཁུ་སྟོན་པའི་ལག་ཏུ་ཤོར་འདུག ཁོ་འདི་འདྲའི་སྤྱང་གྲོང་འཛོམས་པ་ལ། ཞེས་བཙུན་མོའི་གདོང་ལ་ཅེར་ནས་ཧད་དེ་རེ་ཞིག་ལུས་པ་རེད།
ཕྱི་ཉིན་ནམ་གསལ་དུས། ཨ་ཁུ་སྟོན་པ་རྒྱལ་བོ་ལ་འཛུབ་དཀྲིས་འབུལ་དུ་ཡོང༌། གུས་ཚུལ་དང་བཅས་འཛུབ་དཀྲིས་བརྐོས་པའི་བརྒྱུད་རིམ་ཆ་ཚང་ཞུས་པ་རེད། དེ་ནས་རྒྱལ་བོ་ཨ་ཁུ་སྟོན་པའི་རིག་པས་གིས་ཡིད་དབང་འཕྲོག་པ་དང༌། ཁོ་ལ་རྔན་པ་མང་བོ་གནང་ནས་མཐོང་ཆེན་བྱས་པ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༤༢༠༡༨༡༥༠༢
བློ་བཟང་སྐལ་ལྡན།
གོང་གི་སྒྲུང་ གསེར་ཆུ་བྱུག་པའི་ཆུ་རྡོ་ ཞེས་པ་དེ་ཀློག་སྐབས་ཅི་ཞིག་ལབ་རྒྱུའི་དོན་མི་གོ་བ་མ་ཟད། སྒྲུང་གི་ཁྱད་ཆོས་ཀྱང་མི་ལྡན་པ་ཞིག་ཏུ་མཐོང།



བརྗོད་གཞི་གཞན་ཁག་ལ་གཟིགས།