ཕ་སྐད་ལགས་། དགོངས་དག་ཞུ་།

༼གཅིག༽

ནམ་རྒྱུན་ཕ་སྐད་ཡང་དག་བཤད་དགོས་པའི་ཨུ་ཚུགས་མཁྲེགས་བཟུང་གི་སྒམ་ཚུགས་ངོམ་ནས་ལབ་གླེང་རབ་དང་རིམ་པ་སྤེལ་བའི་རང་ཉིད་ཀྱིས་ད་ལྟ་ཅི་ཞིག་བཤད་ཀྱིན་པ་ངས་དངོས་གནས་བཤད་དཀའ་ཚོད་རེད། དོན་ངོ་མས་ངན་ཁག་འདི་ཁོར་ཡུག་ཅིག་གམ། ཡུལ་ལུང་ཞིག ཡང་ན་རང་ཉིད་ལ་འགེལ་སྙམ་གྱིན། ངས་ཡང་དང་བསྐྱར་དུ་བསམ་གཞིགས་ཀྱི་མིག་ཟུང་གང་དུ་ཕྱོགས་ཀྱང་སུ་ལ་ལེ་བདའ་བྱེད་དགོས་པའང་ཤེས་མ་སོང་བས། ཕ་སྐད་ལགས། དགོངས་དག་ཞུ།

 

༼གཉིས།༽

རང་ཉིད་ཀྱིས་ཀྱང་ཕ་ཡུལ་མེ་ཏོག་འདྲ་བོ་བསྐྱུར་ཞིང༌། རྒྱུས་མེད་པའི་མི་ཡུལ་ཞིག་གི་རུམ་ཁ་བཙན་གྱིས་བརྒལ་ནས་ཕ་སྐད་ཀྱི་ཆེད་དུ་འདུར་བཞིན་པའི་རང་སྣང་མཐོན་པོས་ཕ་མེས་ཀྱི་སྐད་ཡིག་སྤྱོད་དགོས་པའི་འབོད་བརྡ་བཏང༌། ཕ་སྐད་ལ་དུངས་ཞེན་ཆེ་བའི་སེམས་པ་དེ་ལག་ཏུ་བླངས་ནས་ཕ་སྐད་ཀྱི་ཆེད་དུ་གསོན་དགོས་སྙམ་པའི་འདུ་ཤེས་དྲག་པོའང་ཤུགས་ཀྱིས་བསྒོམས། ངས་སྒྲུབ་ཀྱིན་པ་འདི་དག་ཕ་སྐད་ཀྱི་ཆེད་དུ་གྱུར་ཡོད་བསམས་ནས་དགའ་དད་སྤྲོ་གསུམ་གྱིས་ཀུན་ནས་བརྟས་པའི་སྣང་བ་བན་བུན་དེའང་རང་དབང་གི་མཁའ་དབྱིངས་ལྟ་བུ་ཞིག་ན་ལྷོད་ཀྱིས་རྒྱུ། འོན་ཀྱང༌། ངས་མཉམ་འཇོག་སྟངས་ཤིག་གིས་དགའ་དད་སྤྲོ་གསུམ་གྱི་ངོ་བོ་གནས་གྱུར་ཅིང༌། སྣང་བ་བན་བུན་དེ་ཡང་ན་བུན་ལྟ་བུ་ཞིག་ཏུ་འཐིབས་ཀྱིན་པ་རྟོགས་པས། ཕ་སྐད་ལགས། དགོངས་དག་ཞུ། 

༼གསུམ།༽

ང་རང་གནས་འདིར་འབྱོར་ནས་ཡུན་རིང་པོ་ཞིག་ལོན་མེད་ནའང་ང་ལ་འཕྲད་པའི་དཀའ་ཉོག་གི་ཁྲོད་ནས་ངས་ཅི་ཞིག་ལབ་དགོས་པ་ཡང་ཤེས་ཀྱིན་མི་འདུག གལ་སྲིད། ངས་ད་དུང་མུ་མཐུད་དུ་བདེན་ཞེན་གྱི་ཨུ་ཚུགས་མ་དོར་བར་ཕ་སྐད་རྐྱང་རྐྱང་གིས་སློབ་གསོ་རེ་བྱེད་ཁུལ་བགྱིས་ནའང༌། སློབ་ཕྲུག་དེ་ཚོས་ཅི་ཡིན་ཧ་མི་གོ་བའི་རྣམ་འགྱུར་དང་བཅས། དགེན་ལགས། དེའི་དོན་རྒྱ་སྐད་ཀྱིས་བཤད་ན་ཆོག་གམ་ཟེར་དུས། ང་ཡང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་འགྲོ་ལ། རྒྱ་སྐད་ཆལ་ཆོལ་རེ་བསྲེས་ན་ཅུང་ཟད་ཅིག་ཤེས་སོང་བའི་མགོ་ལྕོག་ལྡེམ་ཚེ་ངས་ཅི་ལྟར་བྱས་ན་འགྲིག་གམ། ཁོ་ཚོ་ལ་གོ་བརྡ་སྤྲོད་རྒྱུ་གཙོའམ་ཕ་སྐད་ཀྱི་བསྲེ་བསླད་སྤང་རྒྱུ་གཙོ། ངས་བསམ་གཞིགས་ཀྱི་མཛུབ་མོ་ནང་དུ་ཅི་ལྟར་བཀུག་ཀྱང་ཀུན་མཐུན་གྱི་ལམ་བུ་རྙེད་མི་སྲིད་པས། ཕ་སྐད་ལགས། དགོངས་དག་ཞུ།

༼བཞི།༽

སློབ་གྲྭ་གྲོལ་བའི་ཤུལ་སྲུང་དུ་ང་དང་སློབ་ཕྲུག་གཅིག་མཉམ་དུ་སྡོད་དགོས་བྱུང༌། ཞོར་དུ་ངས་བདེ་ཆེན་བོད་རིགས་ཀྱི་དམངས་ཁྲོད་བྲོ་གཞས་འགའ་ཞུ་དག་དང་ཕྱོགས་སྒྲིག་བྱེད་པའི་ལས་འགན་ཞིག་ཀྱང་ཕྲག་ཏུ་བླངས། ཉིན་འདི་དག་གི་ཡུན་དུ་ངས་ཡང་བསྐྱར་རང་ཉིད་ལ་སྐྱོན་བརྗོད་ཅིག་གམ། ཡང་ན་ཁོར་ཡུག་ལ་ལེ་བདའ་ཐེངས་ཤིག་བྱེད་དགོས་པའི་དྲན་པ་ཞིག་འདི་ལྟར་རྙེད། ཕར་བཤད་སློབ་བུའི་མི་ཚོར་ཞིང༌། ཚུར་བཤད་ངས་ཀྱང་མི་གོ་དུས། དགེན་ལགས། ཧ་མི་གོ་བས་རྒྱ་སྐད་རྒྱག་རོགས་ཟེར། སྐབས་དེར་ངས་ཀྱང་གཞན་སྐད་ཆལ་ཆོལ་རེས་བསྲེ་བསླད་ཤོད་རྒྱུ་ལས་ཐབས་གཞན་མེད་པས། ཕ་སྐད་ལགས། དགོངས་དག་ཞུ།

༼ལྔ།༽

དེ་རིང་གྲོགས་པོ་ཞིག་གིས་ཁ་པར་ལས་བཤད་དོན། ང་ཚོས་འདིར་ཕ་སྐད་གསོ་སྦྱོང་ལེགས་པོ་བྱེད་སླད་རང་རེའི་གྲྭ་རྐྱང་ཚོའི་ནང་ཁུལ་ལ་སྒྲིག་ལམ་ཞིག་བཞག་ཡོད་ལ། དེའི་ནང་དུ་ཁྱོད་ཀྱང་བཞག་ཡོད། ཁྱོད་ལ་དངོས་སུ་འདྲི་རྒྱུ་མ་བྱུང་བས་དགོངས་དག་ཞུ། ཕལ་ཆེར་ཁྱོད་ཉིད་སྐད་ཡིག་གི་ཕྱོགས་ལ་དུང་བ་ཟབ་པས་ང་ཚོས་ཀྱང་ཁྱོད་རང་དགའ་ངེས་ཅན་ཡིན་སྙམ་པའི་ཡིད་ཆེས་ཆེན་པོ་ཡོད་པས་ང་ཚོའི་གྲལ་དུ་བཞག་པ་ཡིན་ཟེར། གྲོགས་པོ་ཚོའི་བླ་ན་མཐོ་བའི་ཡིད་ཆེས་ཀྱིས་གཉོམ་དྲགས་པའི་སེམས་པ་འདི་ལྷོག་ལྷོག་འཕྱུར་དུ་བཅུག་ནའང༌། དོན་དག་ངོ་མའི་གནས་བབས་འདིར་གཞིགས་ན་ངས་ཅི་ལྟར་ལན་འདེབས་དགོས་སམ། ང་ལ་ཁོར་ཡུག་གིས་གནང་བ་མི་སྦྱིན་པས། ཕ་སྐད་ལགས། དགོངས་དག་ཞུ།

༼དྲུག༽

གྲོགས་པོ་དེས་ཧ་ཅང་གཟབ་ནན་གྱིས་གསལ་ཁ་བཏོད་ནས་གསུང་རྒྱུར། ང་ཚོས་ཀྱང་ཁྱོད་ལ་དེའི་ཕྱོགས་ནས་དྲན་སྐུལ་བྱེད་སླད་གསལ་འདེབས་བྱས་པ་ཡིན། ད་ནས་བཟུང་མུ་མཐུད་དུ་ཕ་སྐད་གཙང་མ་བཤད་པར་ཞུ། རྗེས་ཕྱོགས་ཁ་པར་ལས་ཁ་བརྡ་བྱེད་དུས་བསྲེ་བསླད་ཡོད་མེད་བལྟ་ནི་རེད་ཟེར། རེད་ངས་གོ་སོང༌། ངས་ཀྱང་ཁྱོད་ཚོར་ཡི་རང་བྱེད་ཁོ་ཐག་ཡིན། ཁ་པར་བཞག་ནས་ག་ལེར་བསམ་བློ་ཞིག་འཁོར་དུས་ངས་རྫུན་ལབ་ཡོད་པ་ཤེས་སོང༌། ངས་ཇི་ལྟར་ཡི་རང་བྱེད་དམ། གནས་འདི་ནས་ཕ་སྐད་གཙང་མ་ཞིག་གིས་སུ་ལ་གོ་བརྡ་སྤྲོད། སྐད་བརྡ་མཐུན་ས་ཞིག་ནས་འཚོ་གཞིས་བྱེད་ཐུབ་ཚེ་ཕ་སྐད་གཙང་མ་བཤད་དགོས་པའི་རེ་སྐུལ་མ་བྱས་ནའང༌། ཕ་སྐད་ལ་བག་ཆགས་ཟབ་པའི་བདེན་ཞེན་གྱི་ཨུ་ཚུགས་མཁྲེགས་པོ་ངས་ནམ་ཡང་གཏོང་མི་སྲིད་པའི་ཆོད་སེམས་ཤིག་མཆིས་མོད། ད་ལྟ་ངས་བདེན་ཀྱོག་ཀྱོག་རེ་ལབ་ནས་སུ་ལའང་མགོ་སྐོར་གཏོང་མི་འདོད་པས། ཕ་སྐད་ལགས། དགོངས་དག་ཞུ།

༼བདུན།༽

ཕ་སྐད་ལགས། དགོངས་དག་ཞུ། ང་རང་ཁྱོད་ཀྱི་དོན་དུ་འདུར་ཁུལ་བྱས་བྱས་པའི་ད་ཆ་ངས་མིག་ཟུང་ཤེད་ཀྱིས་བཙུམས་ནས་ཨུ་ཚུགས་ཀྱང་བྱེད་ས་མེད་པར། ཁྱེད་ཉིད་འདི་ལྟར་བསྐྱུར་དགོས་པའང་ཁྱེད་ཀྱི་ཆེད་དུ་ཡིན་ཟེར་ན། སྤུན་གྲོགས་གང་མང་ཞིག་གིས་ཁོང་དགོད་སྙིང་འགས་ལ་ཁད་པ་རེ་བྱེད་ནའང་ཐང་མོད། གདོང་འབག་མཐུག་པོ་རེའི་རྫིག་ཉམས་ཀྱི་ཕག་ཏུ་སྐུང་མི་འདོད་པས་ངས་དྲང་མོ་དྲང་རྐྱང་དུ་ལབ་པ་ཡིན། ཕ་སྐད་ལགས། དགོངས་དག་ཞུ། ང་ལ་གནས་སྐབས་སུ་བགྲོད་ཉག་གཅིག་པོ་འདི་མ་གཏོགས་མེད་པས། ཕ་སྐད་ལགས། དགོངས་དག་ཞུ། ངས་རང་སྐྱོན་ཐོད་ལ་ཁུར་ནས་དགོངས་དག་ཞུ། ནམ་ཡང་དགོངས་དག་ཞུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རྩམ་པའི་རྒྱུ་ཆ་ནི་ནས་ཡིན་ཞིང༌། ནས་ནི་བོད་ཀྱི་འབྲུ་རིགས་གཙོ་བོའང་ཡིན། དེ་ནི་ཆར་ཆུ་སྔོན་མོའི་བདུད་རྩི་འཐུང་ཞིང༌། དྭངས་མོའི་ས་ཡི་སྙིང་བཅུད་གཞིབས་ལ། དྲོ་འཇམ་ཉི་མའི་འོད་ཟེར་གྱིས་བསྐྱངས་པ་དང༌། མཁའ་རླུང་གཙང་མའི་ཁྲོད་འབྲས་བུ་སྨིན་པའི་མཐོ་སྒང་བོད་ཀྱི་འབྲུ་རིགས་ནང་གི་བྱམས་སྐྱོང་ཅན་གྱི་དྲིན་ཅན་ཨ་མ་ལྟ་བུ་རེད། ནས་དེ་དྭངས་གཙང་ཆུ་ཡིས་ལེགས་པར་བཀྲུས་ཤིང་དྲོན་མོའི་ཆུ་ཡིས་སྦངས་རྗེས་ཡོས་ལ་བརྔོས་ཏེ་ཞིབ་མོར་འཐག་དགོས། དེ་ལ་དེང་རབས་གློག་གི་འཐག་ཚུལ་དང་སྲོལ་རྒྱུན་ཆུ་ཡིས་འཐག་ཚུལ་གཉིས་ཡོད་པ་ལས། འདི་ནི་སྲོལ་རྒྱུན་ལྟར་ཆུ་མཆིག་གིས་བཏགས་པའི་ཆུ་གཤེར་རྩམ་པ་ཡིན་སྟབས། རྩམ་པའི་བྲོ་བ་ཞིམ་པོ་དང་མངར་མོ་མི་འགྱུར་བ་དང༌། ལུས་ཟུངས་ལ་ཕན་པའི་འཚོ་བཅུད་བཟང་པོ་མི་ཉམས་པའི་ཁྱད་ཆོས་ལྡན་ཞིང༌། རང་ཉིད་ཀྱི་གསོལ་རྫས་སམ་མཐུན་པའི་གྲོགས་ལ་འབུལ་རྒྱུའི་ལེགས་སྐྱེས་ནོར་བུ་ཞིག་དང་མཚུངས།
གསོ་རིག་མཁས་ཅན་དང་ཚན་རིག་པས་གསུངས་པ་ལྟར་ན། རྩམ་པ་ལ་ལུས་ཟུངས་གསོ་བའི་གྲུབ་ཆ་ཧ་ཅང་མང་བས་ཁྲག་རླུང་དང་བཅུད་ཤོར་སོགས་ནད་གཞི་མང་པོ་བཅོས་པ་དང༌། སྔོན་འགོག་བྱེད་པའི་ནུས་པ་ལྡན་ལ། ལུས་པོ་བདེ་ཐང་དང་ལུས་སྟོབས་གསོ་བྱེད་ལ་ནུས་པ་ཆེན་པོར་ཡོད། རྩམ་པ་ནི་སྤྱོད་བདེ་ཞིང་འཚོ་བཅུད་བཟང་བས་བོད་ཀྱི་ཟས་རིགས་གཙོ་བོ་ཡིན་ཞིང༌། མར་དང་ཆུར་བ། ཀ་ར་སོགས་ཀྱིས་བརྫིས་ཏེ་གསོལ་ན་ཞིམ་མངར་གྱི་བྲོ་བ་ཕུན་སུམ་ཚོགས་པའི་ཞལ་ཟས་ལ་འགྱུར།
ཆུ་མཆིག་འདི་ནི་སི་ཁྲོན་དཀར་མཛེས་རྫོང་གི་བདེ་མཆོག་ཕོ་བྲང་ལས་བྱུང་བའི་གངས་ཆུ་བསིལ་མའི་འདབས་སུ་ཆགས་ཤིང་ཁྲོན་བོད་གཞུང་ལམ་གྱི་འགྲམ་དུ་ཡོད་པས་རྒྱ་ཆེ་སྐུ་མགྲོན་རྣམས་ཀྱིས་མངགས་ཉོ་དགོས་ཚེ། ཚོང་དཔོན་འོ་བཟང་བ་བཀྲ་ཤིས་རྒྱ་མཚོའི་ཁ་པར་འདི་ཐོག་འབྲེལ་བར་བྱེད་ཆོག་པ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།