འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ།

འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་
བྱིན་རླབས་ཀྱི་ཆར་རྒྱུན་མྱུར་དུ་འབེབས་བྱེད་བསྟོད་སྤྲིན་གྱི་
སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །

༄༅། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྟོབས་བཅུའི་རྩལ་རྫོགས་རྣམ་འདྲེན་མ་ལུས་པའི། །མཁྱེན་རབ་ཡེ་ཤེས་གཅིག་ཏུ་བསྡུས་པའི་སྐུ། །བླ་མ་ལྷག་པའི་ལྷ་མཆོག་འཇམ་དབྱངས་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།

།གང་སྐུའི་སྣང་བ་ཡིད་ལ་ཤར་ཙམ་གྱིས། །མི་ཤེས་རྨོངས་པའི་མུན་པ་ཀུན་སེལ་བ། །མཆོག་སྦྱིན་རྡོ་རྗེ་བརྟན་པའི་འཁོར་ལོ་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་ཀྱང་ཞིང་རྣམས་ཀུན་ཏུ་རྒྱལ་སྲས་ཐུ་བོའི་ཚུལ། །སྤྲོས་བྲལ་ངང་དུ་བཞུགས་ཀྱང་རབ་འབྱམས་ཞིང་ཀུན་སྣ་ཚོགས་སྤྲུལ་པའི་གར་གྱིས་འགེངས། །སྤངས་རྟོགས་ཡོན་ཏན་རྫོགས་ཀྱང་འགྲོ་ལ་བརྩེ་བས་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་པ། །དཀྱིལ་འཁོར་གཙོ་བོར་བཞུགས་ཀྱང་མི་ཡི་གཟུགས་འཛིན་འཇམ་མགོན་བླ་མར་སྙིང་ནས་འདུད། །ཟླ་མེད་སྟོན་པ་ཐུབ་པའི་དབང་པོ་ཡི། །ས་གསུམ་འགེང་བའི་གསུང་དབྱངས་མཐོན་པོ་ཡིས། །མཁའ་དབྱིངས་གང་བའི་རྒྱལ་སྲས་ཚོགས་རྣམས་ལ། །འཇམ་དཔལ་དབྱངས་ཀྱི་མཚན་བརྗོད་བསྔགས་པ་གསུང༌། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས། །རབ་དང་ཕུལ་དང་རྩེ་མོར་གྱུར་པ་ནི། །རིན་ཆེན་ལྟ་བུའི་གདུལ་བྱའི་ཉམས་ལེན་མཆོག །གསང་ཆེན་བླ་ན་མེད་པའི་རྒྱུད་ཉིད་དོ། །བླ་མེད་རྡོ་རྗེ་ཐེག་པའི་རྒྱུད་ཀུན་གྱི། །གཞི་དང་རྩ་བ་སྙིང་པོར་གྱུར་པ་ནི། །འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི། །མཚན་མཆོག་བརྗོད་པ་འདི་ཉིད་ཡིན་པར་གསུངས། །རྒྱུད་རྣམས་ཀུན་གྱི་བདག་པོ་འདི་ཉིད་ཀྱི། །བརྗོད་བྱ་རྒྱ་ཆེ་གཏིང་དཔག་དཀའ་བས་ན། །ཉམ་ཆུང་བྱིས་པའི་བློ་ཡི་ཡུལ་མིན་གྱི། །སར་གནས་དཔའ་བོ་རྣམས་ཀྱི་སྤྱོད་ཡུལ་ལོ། །དེ་ལྟ་ན་ཡང་ཉམ་ཆུང་སློང་མོ་བས། །འབྱོར་ལྡན་སྦྱིན་པའི་བདག་པོ་མཐོང་བ་ན། །དབང་མེད་བབ་ཅོལ་བསྟོད་ཚིག་སྨྲ་བ་བཞིན། །ལྷག་པའི་ལྷ་མཆོག་འདི་ཡི་ཡོན་ཏན་ལ། །དད་པས་བསྔགས་པ་བརྗོད་པའི་བློ་སྐྱེས་སོ། །སེམས་མེད་ཤིང་བལ་དག་ཀྱང་རླུང་གི་མཐུས། །འདབ་ཆགས་བཞིན་དུ་མཁའ་ལ་ལྡིང་བར་བྱེད། །དབྱུ་གུས་བསྐུལ་ན་རྔ་ཡང་སྒྲ་སྙན་སྒྲོག །རླུང་གིས་བསྐུལ་ན་ལྗོན་པའང་གར་སྟབས་བྱེད། །རྡོ་རྗེས་ཕུག་པའི་བཤུལ་དུ་སྲད་བུའང་རྒྱུ། །དེ་ཕྱིར་བློ་དམན་ཉམ་ཆུང་བདག་ལྟ་ལ། །རྡོ་རྗེའི་ཚིག་འབྱེད་ནུས་པ་མ་མཆིས་ཀྱང༌། །དབང་མེད་གཞན་གྱིས་བསྐུལ་བར་གྱུར་པ་དང༌། །མཁས་པའི་ལུགས་སྲོལ་མཐོང་བས་འདི་བརྗོད་དོ། །

 

དེ་ལ་འདིར་རྒྱུད་ཐམས་ཅད་ཀྱི་བླ་མ་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་གནད་རྣམས་ཚང་བར་སྟོན་པ་བྱིན་རླབས་ཀྱི་གཏེར་ཆེན་པོའཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདིའི་དོན་འཆད་པ་ལ་གསུམ། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་རྒྱུད་འདི་སྟོན་པས་གང་དུ་ཇི་ལྟར་གསུངས་པའི་ཚུལ། རྒྱུད་འདི་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་བའི་ཕྱིར་ཆེ་བ་བརྗོད་པ། རྒྱུད་ཀྱི་ཚིག་དོན་བཤད་པའོ། །དང་པོ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ལས་སྙིགས་མའི་འགྲོ་བ་རྣམས་ལ་ཐུགས་རྗེ་ལྷག་པར་ཆེ་བ་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་ཁམས་གསུམ་གྱི་འགྲོ་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་བ་རྣམས་ཐུགས་རྗེས་མ་བཟོད་པར་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་གྱི་རིང་ལ་ཚོགས་བསགས། ཁྱད་པར་རྩོད་ལྡན་སྙིགས་མའི་འགྲོ་བ་རྒྱལ་བ་གཞན་གྱིས་ཡལ་བར་བོར་བ་རྣམས་ཐུགས་རྗེས་མ་བཟོད་པར་རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་སུ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་བྱོན་ནས་རྒྱལ་བའི་མཛད་པ་སྟོན་པར་ཐུགས་བསྐྱེད་ཅིང་སྨོན་ལམ་ཆེན་པོ་ལྔ་བརྒྱ་མཛད་པ་སོགས་རྟེན་འབྲེལ་སྒོ་དུ་མ་ནས་བསྒྲིག་པར་མཛད། རྟེན་འབྲེལ་མཐའ་དག་འགྲིག་ནས་དུས་ལ་བབས་པ་ན་ཞིང་འདིར་བྱོན་ནས་སེར་སྐྱའི་ཕོ་བྲང་དུ་སྐུ་བལྟམས། དགུང་ལོ་ཉི་ཤུ་རྩ་དགུའི་བར་དུ་གཞོན་ནུའི་རོལ་རྩེད་ཀྱི་སྒོ་ནས་ལྷ་མི་བགྲང་ལས་འདས་པ་ཞིག་སྨིན་གྲོལ་ལ་བཀོད། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ཡང་དང་ཡང་དུ་བསྐུལ་ཏེ་དུས་ལ་བབ་པ་ན་འཁོར་ལོས་བསྒྱུར་བའི་དཔལ་མཆིལ་མའི་ཐལ་བ་བཞིན་དུ་དོར་ཏེ་ཁབ་ནས་མངོན་པར་བྱུང་ནས་ནཻརཛྙ་ནར་ལོ་དྲུག་ཏུ་དཀའ་བ་སྤྱད། དགུང་ལོ་སུམ་ཅུ་རྩ་ལྔ་ལ་བབ་པ་ན་ཏིང་ངེ་འཛིན་ལས་བཞེངས་ཏེ་སྐུའི་སྟོབས་བསྐྱེད་ནས་མ་ག་དྷ་རྡོ་རྗེ་གདན་དུ་བདུད་བྱེ་བ་ཕྲག་དུང་ཕྱུར་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན། དེ་ནས་ཝཱ་ར་ཎཱ་སིར་བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་ཏེ་ལྷ་དང་མི་བགྲང་བ་ལས་འདས་པ་ཞིག་སྨིན་ཅིང་གྲོལ་བར་མཛད། དེ་ནས་ལྷ་དང་མིའི་ཡུལ་སྣ་ཚོགས་པར་ཆོས་ཀྱི་འཁོར་ལོ་རིམ་པར་བསྐོར་ཞིང༌། ལྷག་པར་བྱ་རྒོད་ཕུང་པོའི་རིར་ཕྱོགས་བཅུའི་ཞིང་རབ་འབྱམས་ནས་འདུས་པའི་རྒྱལ་སྲས་ནམ་མཁའི་དབྱིངས་ཡོངས་སུ་གང་བ་དང༌། རིགས་སད་པའི་གདུལ་བྱ་བགྲང་བ་ལས་འདས་པ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་དུས་མཚུངས་པར། རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་འོག་ཏུ་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དང༌། སྟེང་དུ་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་སྤྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དཀྱིལ་འཁོར་དུ་གདན་འཛོམས། སྟོན་པ་ཤཱཀྱ་ཐུབ་པ་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་ཏེ་སེང་གེའི་ཁྲི་ཆེན་པོ་ལ་བཞུགས་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སོགས་རྒྱལ་སྲས་དཔའ་བོ་ནམ་མཁའི་དབྱིངས་ཐམས་ཅད་ཡོངས་སུ་གང་བ་རྣམས་ཀྱིས་གསོལ་བ་བཏབ་པ་ན་དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཏེ། རིན་པོ་ཆེ་ལྟ་བུའི་གདུལ་བྱ་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་ཀྱི་སར་འཁྲིད་པའི་ཉེ་ལམ་བླ་མེད་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཞིང༌། ལྷག་པར་མདོ་རྒྱུད་ཐམས་ཅད་ཀྱི་སྙིང་པོའི་ཡང་སྙིང་བྱིན་རླབས་ཀྱི་གཏེར་ཆེན་པོ་འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་འདི་བཀའ་རྩལ་ཏོ། །དེ་ནས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་མིའི་དབང་པོའི་རྣམ་པར་བྱོན་པ་ཆོས་རྒྱལ་ཟླ་བ་བཟང་པོས་ཤམྦྷ་ལར་སྐལ་བ་དང་ལྡན་པ་བགྲང་བ་ལས་འདས་པ་ལ་མཚན་ཡང་དག་པར་བརྗོད་པ་འདིའི་མན་ངག་རྒྱ་ཆེར་སྩལ་ཏེ་རྒྱལ་སྲས་བགྲང་བ་ལས་འདས་པ་ཞིག་རྡོ་རྗེ་འཛིན་པའི་ས་ལ་འགོད་པར་མཛད། རྒྱལ་སྲས་དཔའ་བོ་གཞན་དག་གིས་ཀྱང་ཨོ་ཌི་ཡ་ན་སོགས་གྲུབ་པའི་གནས་མཆོག་གཞན་དང་གཞན་དག་ཏུ་རྒྱུད་ཀྱི་རྒྱལ་པོ་འདི་རྒྱ་ཆེར་སྤེལ་བར་མཛད་དོ། །ཤམྦྷ་ལར་རྒྱལ་པོ་ཟླ་བ་བཟང་པོ་ནས་རིགས་ལྡན་པདྨ་དཀར་པོའི་བར་དུ་འདིའི་མན་ངག་རིམ་པར་བརྒྱུད་དེ་རྒྱ་ཆེར་སྤེལ་ཞིང་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མི་རྗེའི་རྣམ་པར་བྱོན་པ་རིགས་ལྡན་པདྨ་དཀར་པོས་མཚན་ཡང་དག་པར་བརྗོད་པ་འདི་རྒྱལ་མཚན་གྱི་རྩེ་མོའི་ཡིད་བཞིན་གྱི་ནོར་བུ་ལྟར་རྣམ་པ་ཀུན་ཏུ་མཆོད་ཅིང་བསྔགས་པའི་གནས་སུ་མཛད་དེ། རྒྱུད་རྒྱལ་འདིའི་ངེས་པའི་དོན་གསང་བ་ལས་ཀྱང་ཆེས་གསང་བ་རྣམས་དྲི་མ་མེད་པའི་འོད་ཅེས་བྱ་བར་ཞིབ་ཏུ་འགྲེལ་བར་མཛད་ཅིང་སྐལ་བ་དང་ལྡན་པ་དག་ལ་རྒྱ་ཆེར་སྤེལ་བས་ས་གསུམ་མ་ལུས་ཆོས་འདིའི་འཕྲིན་ལས་ཀྱིས་ཁྱབ་པར་མཛད་དོ། །དེ་ནས་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་གོང་མ་རྣམས་ཀྱིས་རྒྱུད་རྒྱལ་འདི་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་རྒྱ་ཆེར་སྤེལ་ཞིང་ལྷག་པར་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་རྒྱུད་རྒྱལ་འདི་ཉིད་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་ཉིན་རེ་བཞིན་ཐོ་རེངས་ཀྱི་དུས་མཚན་བརྗོད་ཚར་གསུམ་རེ་འཆག་མེད་དང༌། དུས་གཞན་དང་གཞན་དུ་ཆེས་མང་བ་ཞལ་ཏོན་དུ་མཛད་ཅིང༌། རྒྱུད་འདིའི་སྙིང་པོའི་དོན་རྣམས་སྲས་ཀྱི་ཐུ་བོ་རྣམས་ལ་རྒྱ་ཆེར་འདོམས་པར་མཛད་པས་ད་ལྟའི་བར་དུ་བྱིན་རླབས་ཀྱི་རྒྱུད་པ་མ་ཉམས་པར་བཞུགས་སོ། །དེས་ན་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོ་ཉིད་ཀྱིས་དངོས་སུ་གསུངས་ཤིང་སྔོན་བྱོན་དམ་པ་རྣམས་ཀྱི་ཐུགས་དམ་གྱི་མཐིལ་དུ་མཛད་པ་བྱིན་རླབས་ཀྱི་རྒྱུད་པ་མ་ཉམས་པ་འདི་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོ་རྙེད་པར་བྱས་ལ་རྒྱུད་རྒྱལ་འདི་ལ་བག་ཆགས་ཅི་ཐེབས་བྱའོ། །

གཉིས་པ་རྒྱུད་འདི་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པའི་ཕྱིར་ཆེ་བ་བརྗོད་པ་ནི། མཚན་ཡང་དག་པར་བརྗོད་པའི་རྒྱུད་འདི་ནི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་གནད་ཐམས་ཅད་ཚང་བ་གསུང་རབ་ཀུན་གྱི་སྙིང་པོ་བསྡུས་པ་ཡིན་པས་འདི་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་སངས་རྒྱས་མྱུར་དུ་ཐོབ་པའི་ཐབས་མཆོག་ཡིན་ཏེ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་སྟོན་པ་ཐུབ་པའི་དབང་པོ་ལ་རྒྱུད་འདི་གསུང་བར་གསོལ་བ་འདེབས་པའི་ཚེ།

ཁྱབ་བདག་བདག་ལ་སྨན་པ་དང༌། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་མྱུར་དུ་ཐོབ་པའི་ཐབས་གསུང་བར་གསོལ་བ་བཏབ་ཅིང༌། དེའི་ལན་དུ་སྟོན་པ་ཐུབ་པའི་དབང་པོས་ཀྱང༌། སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང༌། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཞེས་སེམས་ཅན་གྱི་དོན་དུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ཆ་ཚང་བ་ཞིག་སྟོན་པར་ཞལ་གྱིས་བཞེས་ཤིང༌། མཇུག་ཏུ་ལེགས་སོ་བརྗོད་པའི་སྐབས་སུའང༌།

རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །ཅེས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་ཐབས་བླ་ན་མེད་པ་ཆ་ཚང་བར་གསུངས་པ་ལ་ལེགས་སོ་བརྗོད་པ་ལྟར་རོ། །དེས་ན་མཚན་ཡང་དག་པར་བརྗོད་པའི་རྒྱུད་འདི་ལ་ཡིད་ཆེས་ཀྱི་དད་པ་བརྟན་པོས་ཐོས་བསམ་སྒོམ་གསུམ་བྱེད་པ་ནི་རང་གི་དལ་བའི་རྟེན་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་གྱུར་པ་དང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཐབས་བླ་ན་མེད་པའང་ཡིན་ནོ། །རྒྱུད་འདི་ལ་ངེས་པ་རྙེད་ན་བླ་མེད་ཀྱི་རྒྱུད་མཐའ་དག་ལ་ངེས་པ་རྙེད་པར་འགྱུར་ལ། རྒྱུད་འདིའི་དོན་མ་ཤེས་ན་བླ་མེད་ཀྱི་ལམ་གྱི་གནད་མི་ཤེས་པ་ནི། དྲི་མེད་འོད་ལས། སེམས་ཅན་རྣམས་ཐེ་ཚོམ་མེད་པར་བྱ་བའི་ཕྱིར་སྔགས་ཀྱི་ཐེག་པ་ཐམས་ཅད་ལས་བསྡུས་ནས། མཚན་ཡང་དག་པར་བརྗོད་པ་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཡང་དག་པར་བསྟན་ཏོ། །མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་ནི་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་འཁོར་བ་སྟེ། ཐམས་ཅད་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་ལམ་དང་བྲལ་བས་སོ། །ཞེས་གསུངས་ཤིང༌། མཚན་ཡང་དག་པར་བརྗོད་པའི་རྒྱུད་འདི་ནི་དཔག་བསམ་གྱི་ཤིང་དང་ཡིད་བཞིན་གྱི་ནོར་བུ་ལྟར་རང་གཞན་སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་འདོད་དོན་མཐའ་དག་སྟེར་བའི་བྱེད་པོར་གསུངས་ཤིང༌། ཐ་ན་རྒྱུད་འདིའི་ཚིག་ཙམ་བཀླགས་པས་ཀྱང་སྡིག་སྒྲིབ་ཚབས་ཆེན་པོ་འདག་པ་དང༌། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་མྱུར་དུ་འཇུག་པ་སོགས་ཕན་ཡོན་མཐའ་ཡས་པ་འབྱུང་བ་འདིའི་ཕན་ཡོན་གྱི་ལེའུར་གསུངས་པ་ལྟར་རོ། །

གསུམ་པ་རྒྱུད་ཀྱི་ཚིག་དོན་བཤད་པ་ལ་བཞི། མཚན་དོན་བཤད་པ། འགྱུར་ཕྱག་བཤད་པ། རྒྱུད་གཞུང་གི་ཚིག་དོན་བཤད་པ། མཇུག་གི་དོན་བཤད་པའོ། །དང་པོ་ནི། རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ནཱ་མ་སཾ་གཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། ཞེས་གསུངས། དོན་ནི། །རྒྱ་གར་ནི་འཕགས་པའི་ཡུལ་ཏེ་སྔོན་སངས་རྒྱས་འཁོར་བ་འཇིག་ནས་སྟོན་པ་ཐུབ་པའི་དབང་པོའི་བར་སྔར་བྱོན་ཟིན་པ་རྣམས་དང༌། རྗེ་བཙུན་བྱམས་པ་ནས་སངས་རྒྱས་མོས་པ་སྣང་མཛད་ལ་ཐུག་གི་བར་བསྐལ་བཟང་འདི་ལ་འབྱོན་པའི་སངས་རྒྱས་སྟོང་པོ་ཐམས་ཅད་གང་དུ་འཚང་རྒྱ་བའི་མཛད་པ་སྟོན་པའི་གནས་འཛམ་བུའི་གླིང་གི་ཡུལ་དབུས་མཉན་ཡོད་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་དྲུག་གནས་པའི་ཡུལ་དེ་ལ་རྒྱ་གར་ཞེས་སྒྲ་འདོད་རྒྱལ་དུ་སྦྱར་བའོ། །དེ་འདྲ་བའི་ཡུལ་རྒྱ་གར་ན་སྐད་རིགས་མི་འདྲ་བ་སཾསྐྲྀ་ཏ་ལྷའི་སྐད། པྲ་ཀྲྀཏ་ཡུལ་མི་རང་བཞིན་པའི་སྐད། ཨཝ་བྷཾ་ཤ་ཟུར་ཆག་གི་སྐད། པི་ཤཱ་ཙི་ཤ་ཟའི་སྐད་དང་བཞི་ཡོད་པ་ལས། ལེགས་སྦྱར་ལྷའི་སྐད་དུ་རྒྱུད་འདིའི་མཚན་ལ། ཨཱརྱ་མཉྫུ་ཤྲིའ་ནཱ་མ་སཾ་གཱིཏི། ཞེས་པ་སྟེ། དེ་བོད་སྐད་དུ་བསྒྱུར་ན། ཨཱརྱ་ནི་འཕགས་པ། མཉྫུ་ཤྲིའ་ནི་འཇམ་དཔལ། ནཱ་མ་སཾ་གཱི་ཏི་ནི་མཚན་ཡང་དག་པ་བརྗོད་པའོ། །འདི་ནི་ལོ་ཆེན་རིན་ཆེན་བཟང་པོས་རྒྱུད་འདི་བསྒྱུར་བའི་ཐོག་མར་སྐད་གཉིས་ཤན་སྦྱར་མཛད་པ་ཡིན་ལ། རྒྱུད་འདིའི་མཚན་ལ་ལོ་ཆེན་གྱིས་བསྒྱུར་བ་བཤད་མ་ཐག་པ་དེ་ལྟར་དང༌། ལོ་ཙཱ་བ་གཞན་གྱིས་བསྒྱུར་བ་ལ་འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་པའང་འབྱུང་སྟེ། དེ་གཉིས་ནི་རྒྱས་བསྡུས་ཡིན་པས་འགལ་བ་མེད་ལ། རྒྱུད་འདི་རང་གི་གཞུང་དུའང་རྒྱུད་སྟོན་པར་གསོལ་བ་བཏབ་པའི་ཞུས་ལན་གྱི་སྐབས་སུ།

ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ། །ཞེས་མཚན་བསྡུས་པ་བྱུང་ཞིང༌། མཇུག་རྫོགས་པའི་སྐབས་སུ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། ཞེས་མཚན་རྒྱས་པ་བྱུང་ངོ༌། །རྒྱུད་ཀྱི་དབུར་སྐད་གཉིས་ཤན་སྦྱར་བྱས་པ་ནི། ཆོས་རྒྱལ་གྱི་བཀས་བཅད་ལྟར་བྱས་པ་ཡིན་ཞིང༌། དེའི་དགོས་པ་ཡང་རྒྱུད་འདི་བོད་དུ་རང་བཟོ་བྱས་པ་མིན་གྱི། །རྒྱ་གར་ཆོས་ཀྱི་འབྱུང་གནས་ནས་པཎྜི་ཏ་མཁས་པ་ལ་གཏུགས་ཏེ་ལོ་ཆེན་སེམས་དཔའ་ཆེན་པོས་དཀའ་བ་དུ་མས་སྤྱན་དྲངས་པ་ཡིན་ནོ་ཞེས་ཆོས་ཁུངས་བཙུན་པར་གོ་བའི་ཆེད་དང༌། བོད་ཀྱི་གདུལ་བྱ་རྣམས་སཾསྐྲྀ་ཏའི་སྐད་ལ་བག་ཆགས་འཇོག་པའི་ཆེད་དང༌། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན་ཏེ་བྱས་པ་གཟོ་བར་བྱ་བའི་ཕྱིར་དུའང་མཛད་དོ། །

གཉིས་པ་འགྱུར་ཕྱག་བཤད་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ལོ་ཆེན་རིན་ཆེན་བཟང་པོས་རྒྱུད་འདི་བསྒྱུར་བ་ལ་གེགས་མེད་པར་མཐར་ཕྱིན་པར་བྱ་བའི་ཆེད་དང༌། རྒྱུད་འདི་བསྒྱུར་བས་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པའི་སྙིང་པོ་འདི་ཆེས་ཆེར་འཕེལ་ཞིང་རྒྱས་ནས་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ཆེད་དུ་ལྷག་པའི་ལྷ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་བཙལ་ཏེ་གསོལ་བ་བཏབ་པའོ། །འདི་ཡང་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་བྱ་བ་གང་བྱེད་ཀྱང་དཀོན་མཆོག་གསུམ་ལ་སྙིང་ནས་གསོལ་བཏབ་སྟེ་བྱས་ན་ཆོས་ལྡན་གྱི་བསམ་པ་མཐའ་དག་འགྲུབ་པར་འགྱུར་རོ་ཞེས་གདམས་ངག་ཆེན་པོ་བྱིན་པའོ། །

གསུམ་པ་རྒྱུད་གཞུང་གི་ཚིག་དོན་བཤད་པ་ལ་གསུམ། ཞུས་ལན་གྱི་སྒོ་ནས་རྒྱུད་རྩོམ་པ་ལ་འཇུག་པའི་ཡན་ལག་བཤད་པ། མཚན་ཡང་དག་པར་བརྗོད་པའི་རྒྱུད་རྒྱས་པར་བཤད་པ། གསང་བདག་འཁོར་བཅས་ཀྱིས་སྟོན་པ་ཐུབ་པའི་དབང་པོས་རྒྱུད་གསུངས་པ་ལ་ལེགས་སོ་དང་རྗེས་སུ་ཡི་རང་བྱས་པའོ། །དང་པོ་ལ་གཉིས། གསང་བདག་འཁོར་བཅས་ཀྱིས་སྟོན་པ་ཐུབ་པའི་དབང་པོ་ལ་མཚན་ཡང་དག་པར་བརྗོད་པའི་རྒྱུད་གསུང་བར་གསོལ་བ་བཏབ་པ་དང༌། སྟོན་པ་ཐུབ་པའི་དབང་པོས་མཚན་ཡང་དག་པར་བརྗོད་པའི་རྒྱུད་གསུང་བར་ཞལ་གྱིས་བཞེས་བའོ། །དང་པོ་ལ་ལྔ། མཚམས་སྦྱར་བ། རྒྱུད་འདི་གསུང་པར་ཞུ་བ་པོ་གསང་བདག་གི་ཡོན་ཏན་བརྗོད་པ། དེའི་གྲོགས་རྣམས་ཀྱི་ཡོན་ཏན་བརྗོད་པ། གསང་བདག་འཁོར་བཅས་ཀྱིས་རྒྱུད་འདི་ཞུ་བའི་ཚེ་སྟོན་པ་ལ་གུས་འདུད་ཇི་ལྟར་མཛད་པ། ཇི་ལྟར་ཞུས་པའི་ཚུལ་ལོ། །དང་པོ་མཚམས་སྦྱར་བ་སྟོན་པ་ལ། དེ་ནས་ཞེས་པ་འདི་གསུངས། །འདིའི་དོན་ལ་དངོས་ཟིན་གྱི་དོན་དང་སྦས་དོན་གཉིས་ལས། དངོས་ཟིན་གྱི་དོན་ནི། མཚན་ཡང་དག་པར་བརྗོད་པའི་རྒྱུད་འདི་སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་དུམ་བུའམ་ཕྲོ་ལུས་ཡིན་པས་སྔ་ཕྱི་མཚམས་སྦྱོར་བའི་ཚིག་ཕྲད་དེ། དེ་ནས་ཞེས་པ་འདིའི་སྐད་དོད་ལ་ཨ་ཐ་ཞེས་པ་ཡོད་ལ། ཨ་ཐ་ཞེས་པ་བཀྲ་ཤིས་པ་དང༌། དབང་དུ་བྱ་བ་དང༌། ཚིག་ཕྲད་སོགས་དོན་དུ་མ་ལ་འཇུག་པ་ལས། འདིར་ཚིག་ཕྲད་ལ་འཇུག་སྟེ། མཚན་ཡང་དག་པར་བརྗོད་པའི་རྒྱུད་འདི་སྒྱུར་འཕྲུལ་དྲ་བའི་རྒྱུད་ཆེན་པོ་ལ་ལེའུ་ཁྲི་དྲུག་སྟོང་ཡོད་པ་ལས་ཁྲི་ལྔ་སྟོང་དགུ་བརྒྱ་དགུ་བཅུ་གོ་དགུ་གསུངས་ཟིན་མ་ཐག་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་དཔའ་བོ་གྲངས་མེད་པ་དང་བཅས་པས་སྟོན་པ་ཐུབ་པའི་དབང་པོ་ལ་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་འདི་གསུང་བར་གསོལ་བ་བཏབ་པ་ཡིན་པས་དེ་ནས་ཞེས་པ་གཞུང་སྔ་ཕྱི་མཚམས་སྦྱོར་བའི་ཚིག་ཕྲད་ཡིན་ཏེ། ལེའུ་སྔ་མ་གསུངས་ཟིན་པའི་དེ་མ་ཐག་ནས་འདི་ཞུས་ཤིང་གསུངས་ཞེས་པའོ། །དེ་དག་ནི་ཐུན་མོང་བ་དངོས་ཟིན་གྱི་ཚིག་དོན་ཡིན་ནོ། །ཐུན་མོང་མིན་པ་སྦས་དོན་ནི། དེ་ནས་ཀྱི་སྐད་དོད་ཨ་ཐ་ཞེས་པ་ཨེ་ཝཾ་གྱི་དོན་ལ་འཇུག་སྟེ། ཨས་ཤེས་རབ་སྟོང་པ་ཉིད་དང༌། ཐས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་སྟོན་པས་སྔགས་བླ་མེད་ཀྱི་སྙིང་པོའི་དོན་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་སྟོན་ལ། དེ་ལ་ཡང་ལམ་དུས་དང་འབྲས་དུས་གཉིས་ཡོད་ཅིང༌། ལཾ་དུས་ལ་ཡང་སྦྱང་གཞི་སྟོན་ཚུལ་དང༌། སྦྱོང་བྱེད་ལམ་རིམ་གཉིས་སྟོན་ཚུལ་དང༌། འབྲས་དུས་ལ་ཡང་ཆོས་སྐུ་དང་གཟུགས་སྐུ་གཉིས་སྟོན་ཚུལ་དང༌། དབྱེར་མེད་ཟུང་འཇུག་སྟོན་ཚུལ་སོགས་ཨེ་ཝཾ་གྱིས་གཞི་ལམ་འབྲས་གསུམ་ལས་བརྩམས་ཏེ་བླ་མེད་ཀྱི་རྒྱུད་སྡེའི་སྙིང་པོའི་དོན་ཚང་བར་སྟོན་པར་སྒྲོན་གསལ་ལས་བཤད་དོ། །དེས་ན་རྒྱུད་འདི་ལ་རྣལ་འབྱོར་དུ་བྱེད་པ་རྣམས་ཀྱིས་རྒྱུད་འདི་འདོན་པའི་ཚེ་ཐོག་མར་མཚམས་སྦྱར་གྱི་ཚིག་འདི་ལ་དྲང་དོན་དང་ངེས་དོན་གྱི་གནད་ཁྱད་པར་ཅན་དེ་ལྟ་བུ་ཡོད་པ་ཤེས་པར་བྱས་ལ་དད་གུས་ཤུགས་དྲག་བསྐྱེད་ནས་འདི་ཁ་ཏོན་དུ་བྱས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཞུགས་ནས་རྒྱུད་དོན་ལ་ངེས་པ་རྙེད་པར་འགྱུར་རོ། །

གཉིས་པ་རྒྱུད་འདི་གསུང་བར་ཞུ་བ་པོ་གསང་བདག་གི་ཡོན་ཏན་བརྗོད་པ་ལ་གཉིས། རྒྱུད་འདི་ཞུ་བ་པོ་གསང་བའི་བདག་པོ་ཡིན་པར་བསྟན་པ་དང༌། དེའི་ཡོན་ཏན་བརྗོད་པའོ། །དང་པོ་སྟོན་པ་ལ། དཔལ་ལྡན་རྡོ་རྗེ་འཆང་ཞེས་གསུངས། །དོན་ནི། རྒྱུད་འདི་ཞུ་བ་པོ་ནི་ཚོགས་གཉིས་ཡོངས་སུ་རྫོགས་པའི་དཔལ་དང་ལྡན་ཞིང་གཉིས་སུ་མེད་པའི་ཡེ་ཤེས་ཐུགས་རྒྱུད་ལ་མངའ་ལ་ཡེ་ཤེས་དེ་ལ་ལྡོག་པས་ཕྱེ་ན་མེ་ལོང་ལྟ་བུའི་ཡེ་ཤེས། མཉམ་ཉིད་ཡེ་ཤེས། སོར་རྟོག་ཡེ་ཤེས། བྱ་གྲུབ་ཡེ་ཤེས། ཆོས་དབྱིངས་ཡེ་ཤེས་ལྔ་ཡོད་ཅིང་དེ་ལྔ་མཚོན་བྱེད་རྡོ་རྗེ་རྩེ་ལྔ་པ་ཕྱག་ཏུ་འཆང་བ་གསང་བའི་བདག་པོ་ནི་རྒྱུད་འདི་ཞུ་བ་པོ་དང་སྡུད་པ་པོ་གཉིས་ཀ་ཡིན་ནོ། །དེ་དག་ནི་ཚིག་གི་དངོས་ཟིན་དྲང་དོན་གྱི་བཤད་པ་ཡིན་ལ། ངེས་དོན་གྱི་དབང་དུ་བྱས་ན། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང༌། །ཞེས་པ་འདིའི་སྐད་དོད་ལ། ཨཐ་ཤྲཱི་བཛྲ་དྷ་ར། ཞེས་པ་ཡོད་ལ། ཨ་ཐའི་ངེས་དོན་བཤད་ཟིན་ཅིང༌། ཤྲིའ་ལ་ཤ་དང་ར་དང་ཨི་རྣམས་ཕྲལ་ཏེ། ངེས་ཚིག་གི་བཤད་པས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་འོད་གསལ་གྱི་ཡེ་ཤེས་འཆར་བ་དང༌། དེ་ལས་ཟུང་འཇུག་གི་སྐུ་འགྲུབ་པ་སོགས་ཀྱི་ངེས་དོན་ཁྱད་པར་ཅན་ཡོད་ཅིང༌། བཛྲ་དྷར་ནི་རྡོ་རྗེ་འཆང་ངམ་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་འཛིན་ཞེས་པ་ལ་སྤྱི་དོན་དང༌། ཡིག་དོན་དང༌། སྦས་དོན་དང༌། མཐར་ཐུག་སྟེ་ཚུལ་བཞིའི་བཤད་པ་འཇུག་པར་སྒྲོན་གསལ་ལས་བཤད་ཅིང༌། དྲི་མེད་འོད་དུའང་དེ་དང་ཆ་འདྲ་བའི་སྦས་དོན་བཤད་དོ། །དེས་ན་མཚན་ཡང་དག་པར་བརྗོད་པའི་ཐོག་མའི་ཚིག་རྐང་དང་པོ་འདི་ལ་ཟབ་ལམ་རིམ་གཉིས་འབྲས་བུ་དང་བཅས་པའི་གནད་ཁྱད་པར་ཅན་དེ་ལྟ་བུའི་ངེས་དོན་ཡོད་པ་ཤེས་པར་བྱས་ལ་རྒྱུད་འདི་ལ་ཡིད་ཆེས་ཀྱི་དད་པ་བསྐྱེད་པར་བྱའོ། །

གཉིས་པ་དེའི་ཡོན་ཏན་བརྗོད་པ་ནི། གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་ཞལ་མངའ་བ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་གསུངས། དོན་ནི། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །ཅེས་པ་གསང་བདག་ཕྱག་ན་རྡོ་རྗེ་འདི་ནི་འཇིག་རྟེན་ན་ཆེ་བར་རློམ་ཞིང་གཞན་གྱིས་འདུལ་དཀའ་བ་དབང་ཕྱུག་དང༌། ཁྱབ་འཇུག་ལ་སོགས་པ་ལྷ་དྲེགས་པ་ཅན་རྣམས་དང༌། ཀླུ་གདུག་པ་ཅན་རྣམས་དང༌། གནོད་སྦྱིན་གདུག་པ་ཅན་རྣམས་དང༌། ལྷ་མ་ཡིན་གདུག་པ་ཅན་རྣམས་ལ་སོགས་པ་སྲིད་ན་དྲེགས་པའི་ང་རོ་སྒྲོག་ཅིང་གདུལ་བྱ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པར་བྱེད་པ་རྣམས་ལ་འཚེ་བར་བྱེད་པ་རྣམས་འདུལ་བར་མཛད་ཅིང༌། གདུག་པ་ཅན་འདུལ་བ་མང་དུ་ཡོད་མོད་ཀྱང་དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཡིན་པ་དང༌། ངེས་པའི་དོན་དུ་ཁམས་གསུམ་གྱི་སེམས་ཅན་རྣམས་ཐོག་མ་མེད་པ་ནས་འཁོར་བར་འཆིང་བྱེད་ཉོན་མོངས་གཡོ་བར་བྱེད་པའི་ལས་རླུང་སེམས་ཅན་སུས་ཀྱང་འདུལ་དཀའ་བ་རྣམས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འདུལ་བར་མཛད་ཅིང་ཐབས་མཁས་ཀྱི་ལམ་དེ་ཉིད་གདུལ་བྱ་ལ་སྟོན་པ་ལ་མངའ་བརྙེས་པའི་མཆོག་ནི་གསང་བདག་ཕྱག་ན་རྡོ་རྗེ་འདི་ཡིན་ཞེས་པའོ། །

དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །ཞེས་པ་དཔལ་ཕྱག་ན་རྡོ་རྗེ་ནི་བདུད་ཀྱི་དཔུང་ལས་རྒྱལ་ཞིང་བདུད་སྡེ་འཇོམས་པ་ལ་བག་ཚ་བ་མི་མངའ་བས་དཔའ་བོ་དང༌། ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུལ་ལས་རྣམ་པར་རྒྱལ་བ་ཡིན་ལ། ངེས་པའི་དོན་དུ་ནི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཉོན་མོངས་བག་ཆགས་དང་བཅས་པ་འཇོམས་པ་ལ་མངའ་བརྙེས་པས་དཔའ་བོ་དང༌། ལུས་ངག་ཡིད་གསུམ་ཕྱིན་ཅི་ལོག་ཏུ་བསྒྱུར་བར་བྱེད་པའི་ཉོན་མོངས་ལས་རླུང་དང་བཅས་པ་ལས་རྣམ་པ་ཀུན་ཏུ་རྒྱལ་བ་ཡིན་ཞེས་པའོ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །ཞེས་པ་ལ། རྡོ་རྗེ་དབང་ཕྱུག་ཅེས་པ་ཕྱག་ན་རྡོ་རྗེ་ནི་རིགས་ལྔའི་ནང་ནས་རྡོ་རྗེའི་རིགས་ལ་དབང་ཕྱུག་གི་དཔལ་བརྙེས་པ་དང༌། རྡོ་རྗེ་ཐེག་པའི་ཆོས་སྟོན་པ་ལ་རྒྱལ་བ་རྣམས་ཀྱི་དབང་བསྐུར་ཞིང་མངའ་བརྙེས་པས་ན་དབང་ཕྱུག་གོ །གསང་བའི་རྒྱལ་ཞེས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བླ་མེད་རྡོ་རྗེ་ཐེག་པ་སྟོན་པ་ལ་མངའ་བརྙེས་ཏེ། དེ་ཡང་ཆོས་ལ་བློ་མ་ཕྱོགས་པའི་སྐྱེ་བོ་རྣམས་དང༌། ཆོས་ལ་བློ་ཕྱོགས་ཀྱང་ཐེག་ཆེན་གྱི་སྣོད་དུ་མི་རུང་བ་རང་གཅིག་པུ་ཐར་པ་འདོད་པ་ཉན་རང་རྣམས་དང༌། ཐེག་ཆེན་ལ་ཞུགས་ཀྱང་བླ་མེད་ཀྱི་ཐབས་མཁས་བློར་མི་ཤོང་བའི་གདུལ་བྱ་རྣམས་ལ་གསང་བར་བྱ་བ་བླ་མེད་རྡོ་རྗེ་ཐེག་པའི་ཆོས་སྟོན་པ་ལ་མངའ་བརྙེས་པས་གསང་བའི་རྒྱལ་པོའམ་གསང་བའི་བདག་པོ་ཞེས་བྱ། ཡང་ན། གནོད་སྦྱིན་རྣམས་ལ་གསང་བ་ཞེས་བརྗོད་ཅིང་ཕྱག་ན་རྡོ་རྗེ་ནི་ལྕང་ལོ་ཅན་གྱི་ཕོ་བྲང་དུ་བཞུགས་ནས་གནོད་སྦྱིན་རྣམས་ཀྱི་རྒྱལ་པོ་མཛད་པས་ན་གསང་བའི་རྒྱལ་ཞེས་བྱའོ། །དཔལ་ཕྱག་ན་རྡོ་རྗེ་གསང་སྔགས་ཀྱི་བདག་པོར་དབང་བསྐུར་བ་ནི། དཔལ་ཕྱག་ན་རྡོ་རྗེ་གསང་སྔགས་དང་རིག་སྔགས་ཐམས་ཅད་ཀྱི་བདག་པོར་རྒྱུད་སྡེ་མཐའ་ཡས་པ་ནས་རྒྱ་ཆེར་བསྔགས་ཤིང༌། ཁྱད་པར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་རྫོགས་པའི་ཚེ་བཅོམ་ལྡན་འདས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ནམ་མཁའི་དབྱིངས་ཡོངས་སུ་གང་བའི་དབུས་སུ་རྡོ་རྗེ་ཆོས་ཞེས་པ་དཔལ་ཕྱག་ན་རྡོ་རྗེ་ལ་འབོད་པར་མཛད་ནས་རིགས་ཀྱི་བུ་ཁྱོད་ཀྱིས་རྒྱུད་འདི་གཟུང་ཞིང་ཕྱོགས་བཅུའི་སྐལ་བ་དང་ལྡན་པ་རྣམས་ལའང་སྤེལ་ཅིག་ཅེས་གསང་སྔགས་ཐམས་ཅད་ཀྱི་བདག་པོར་དབང་བསྐུར་ཅིང་བྱིན་གྱིས་རློབས་པར་མཛད་པ་ལྟར་རོ། །དཔལ་ཕྱག་ན་རྡོ་རྗེ་ལ་གནོད་སྦྱིན་རྣམས་ཀྱི་རྒྱལ་པོ་ཞེས་བརྗོད་པ་ནི། སེང་གེས་རི་དྭགས་ཐམས་ཅད་སྐྲག་པར་བྱས་ནས་ཟིལ་གྱིས་གནོན་པས་ན་སེང་གེ་ལ་རི་དྭགས་ཀྱི་རྒྱལ་པོ་ཞེས་བརྗོད་པ་ལྟར། དཔལ་ཕྱག་ན་རྡོ་རྗེས་ཀྱང་སེམས་ཅན་གྱི་ལུས་སྲོག་ལ་འཚེ་བར་བྱེད་པ་དང༌། དམ་པའི་ཆོས་སྒྲུབ་པ་ལ་བར་ཆད་བྱེད་པའི་གནོན་སྦྱིན་གདུག་པ་ཅན་རྣམས་དྲག་པོའི་སྟོབས་ཀྱིས་ཚར་གཅོད་ཅིང་བླ་མེད་རྡོ་རྗེ་ཐེག་པའི་ཆོས་ཀྱིས་འདུལ་བར་མཛད་པས་ན་གནོད་སྦྱིན་རྣམས་ཀྱི་རྒྱལ་པོའམ། གནོད་སྦྱིན་གྱི་སྡེ་དཔོན་ནམ། གནོད་སྦྱིན་གྱི་བདག་པོ་ཞེས་བརྗོད་དོ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་ཞལ་མངའ་བ། །ཞེས་པ་ནི། དཔལ་ཕྱག་ན་རྡོ་རྗེ་ནི་བླ་མེད་རྡོ་རྗེ་ཐེག་པའི་སྣོད་དུ་རུང་བའི་གདུལ་བྱ་སྐལ་ལྡན་རྣམས་རྗེས་སུ་གཟུང་བར་མཛད་པའི་ཚེ་པདྨ་དཀར་པོ་རྒྱས་པ་འདྲ་བའི་སྤྱན་དང༌། པདྨ་རྒྱས་པ་འདྲ་བའི་ཞལ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང༌། དཔེ་བྱེད་བཟང་པོ་བརྒྱད་ཅུ་མངའ་བའི་རང་གཟུགས་བསྟན་ཏེ་གདུལ་བྱ་སྐལ་ལྡན་རྣམས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་རྒྱུད་བཤད་མན་ངག་བྱིན་ནས་སྨིན་གྲོལ་ལ་འགོད་པར་མཛད་པའོ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་པ་ནི། དཔལ་ཕྱག་ན་རྡོ་རྗེའི་ཐུན་མོང་མ་ཡིན་པའི་སྐུའི་རྣམ་འགྱུར་དང་འཕྲིན་ལས་ཀྱི་ཁྱད་པར་སྟོན་པ་སྟེ། དཔལ་ཕྱག་ན་རྡོ་རྗེ་ནི་སྔོན་ཡུན་རིང་པོ་ནས་སྐུ་གསུམ་བརྙེས་ཟིན་ཀྱང་གདུལ་བྱའི་དོན་དུ་བསྐལ་བཟང་གི་སངས་རྒྱས་སྟོང་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་བསྲུང་བའི་སྲུང་མའི་ཚུལ་མཛད་པ་དང༌། བྱང་ཆུབ་སེམས་དཔའ་གང་དང་གང་ན་ཡོད་པ་དེ་དང་དེར་ཕྱི་བཞིན་འབྲངས་ཏེ་ལག་ན་རྡོ་རྗེ་འཁོར་མང་པོ་དང་བཅས་བར་ཆད་བསྲུང་བར་མཛད་པ་གསང་བ་བསམ་གྱིས་མི་ཁྱབ་པའི་མཛད་པ་ཅན་ཡིན་ལ། ཕྱི་ལྟར་དུ་ཕྱག་ན་རྡོ་རྗེ་རྩེ་ལྔ་པ་བཟུང་སྟེ་ཡང་དང་ཡང་དུ་གནམ་དུ་བཏེག་སྟེ་གསོར་བར་བྱེད་ཅིང༌། ངེས་པའི་དོན་དུ་ནི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་མཐུ་ལས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཡང་དང་ཡང་དུ་བསྐྱེད་དེ་འཁྲིད་པར་མཛད་པས་ན་རྡོ་རྗེ་ཡང་དང་ཡང་དུ་གསོར་བའོ། །

མུ་མཐུད་འགོད་རྒྱུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༡༥༢༠༡༩༡༣༣༦
ཨྱོོན་རྡོ་རྗེ།
གོང་འཁོད་འཇམ་དཔལ་དབྱངས་ཀྱི་ བསྟོད་པ་དེ་ཉིད་ཧ་ཅང་གི་ཡག་པོ་འདུག་ཀྱང་ ང་རང་ལ་ འཇམ་དཔལ་དབྱངས་ཟེར་བའི་ ངེས་ཚིག་ཅིག་ཅིས་ཀྲང་གནང་རོགས་གཅེས།
3 ༢༥༢༠༡༩༠༨༣༦
ཚེ་དབང་དོན་གྲུབ་
ང་རང་ལས་དང་པོ་པ་གཞུང་འདི་ཉིད་བློ་ལ་བཟུང་རྒྱུ་ཡིན་པས་ འགྲེལ་བ་ཡོད་ན་ཕན་ཐོག་བསམ་ལས་འདས་པ་ཡོངས་ཐབས་འདུག་པས་མཐུད་གནང་བར་ཞུ་
2 ༢༧༢༠༡༩༡༡༣༦
བསོད་ནམས་རིན་ཆེན།
འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པ་མུ་མཐུད་མཇུག་འཁྱོང་གནང་བར་ཞུའོ།