དགེ་རྒན་ཞིག་གི་གཏམ་བཤད།

དགེ་རྒན་ཞིག་གི་གཏམ་བཤད།

རྩེ་ཁོག་དགེ་རྒན་ཞིག་གིས་སློབ་ཆུང་མཐར་ཕྱིན་མཛད་སྒོའི་སྟེང་སྤེལ་བའི་གཏམ་བཤད་ཅིག

མཐར་ཕྱིན་ཞུ་ཚིག
སྙིང་ཉེ་བའི་སློབ་གྲོགས་ཚོ། ཕྱི་དྲོ་བདེ་ལེགས།


ལོ་རེ་རེའི་དེ་རིང་གི་དུས་ཚོད་ནི་ང་ཚོ་དགེ་སློབ་ཚང་མས་ཧ་ཅང་བརྗེད་དཀའ་བ་ཞིག་ཡིན་ལ། དགའ་སྐྱོ་ཟུང་དུ་འབྲེལ་བའི་དུས་ཚོད་ཁྱད་པར་བ་ཞིག་ཀྱང་རེད། དེ་ཡང་ཡིན་ཏེ། དེ་རིང་འདིར་ཡོད་ཀྱི་སློབ་གྲོགས་རྣམས་ཀྱིས་ལོ་ངོ་དྲུག་རིང་གི་དཀའ་བ་དང་དུ་བླངས་ཤིང་ངལ་བ་གདོང་གིས་བསུས་ཏེ་རྒྱལ་ཁའི་ངང་སློབ་མཐར་ཕྱིན་པ་དང་། མཛེས་སྡུག་རྨི་ལམ་ལྟ་བུའི་བྱིས་དུས་ལའང་གྱེས་ཕྱག་ཕུལ་བ་རེད། སྙིང་ཉེ་བའི་ཁྱོད་ཚོ། དེ་རིང་ནས་བཟུང་མི་ཚེའི་ལམ་བུ་གསར་བ་ཞིག་ཏུ་ཞུགས་ཏེ་རང་རང་གི་མི་ཚེའི་འདུན་མ་གང་ཞིག་མངོན་འགྱུར་ལ་མུ་མཐུད་འབད་པ་བྱ་དགོས་པས། བདག་གིས་འདིར་ཐེངས་འདིའི་མཐར་ཕྱིན་འཛིན་གྲྭའི་དགེ་གྲོགས་རྣམ་པའི་ཚབ་བྱས་ཏེ་ཁྱོད་ཅག་སློབ་གྲོགས་ཚོ་ལ་ལྷག་བསམ་རྣམ་པར་དག་པའི་རྟེན་འབྲེལ་ཞུས་པ་ཡིན།
ཁྱོད་ཚོ་ནི་ངེད་ཅག་དགེ་རྒན་རྣམས་ཀྱིས་བཟའ་ཚང་དང་འཁོར་བ་བཞག་སྟེ་འདས་པའི་ལོ་ངོ་དྲུག་ལ་རང་གི་ལང་ཚོ་ལ་བརྗེས་པའི་སློབ་བུ་དག་ཡིན་པས། དེ་རིང་གི་མཐར་ཕྱིན་གྱི་ཉི་མ་འདིར་ང་ཚོའི་སེམས་སུ་ཡང་བརྗོད་མི་ཚར་བའི་སྙིང་གཏམ་ཡོད་ལ། རེ་བ་དང་སྨོན་འདུན་ཡང་ཡོད་མོད། དེ་དག་རེ་རེ་བཞིན་བརྗོད་པའི་གོ་སྐབས་དང་དུས་ཚོད་མི་འདུག་པས། བདག་གིས་འདིར་བསྡུ་མ་ཚིག་ག་གསུམ་གྱིས་ཕྱོགས་ཡོང་གི་ཁྱིམ་བདག་རྣམ་པ་དང་། སློབ་བུ་ཡོངས་ལ་ཁ་བརྡ་ཞིག་བྱ་རྒྱུ་ཡིན། མི་ལ་ལས་དགེ་རྒན་ནི་མིའི་རིགས་རྣམ་ཤེས་ཀྱི་བཟོ་སྐྲུན་པ་ཡིན་ཟེར་ལ། ཡང་ཁ་ཅིག་གིས་བཤད་ན་དགེ་རྒན་གྱིས་རང་ལུས་འདོམ་པ་གང་བོ་སློབ་བུ་དང་སློབ་གསོའི་ཆེད་དུ་ཕུལ་བས་ཞག་སྒྲོན་གྱི་དཔེ་རུ་འོས་སྐད། ཡིན་ཡང་བདག་གིས་སྐད་ཆ་དེ་དག་གི་དགོས་ཆེད་དང་སྙིང་དོན་ལ་འདང་ཞིབ་མོ་ཞིག་བརྒྱབ་མ་མྱོང་ལ་རྒྱག་ཀྱང་མི་འདོད། གང་ལྟར་དེ་རིང་བདག་གིས་བཤད་འདོད་པ་ནི་འདི་འདྲའི་གཅམ་བུའི་ཚིག་དང་ཐ་སྙད་སྐམ་པོ་དག་མ་ཡིན་པར་ང་ཚོ་དགེ་སློབ་དག་གི་འཚོ་བ་དངོས་དེ་ཡིན། འདས་ཟིན་པའི་ལོ་ཟླའི་ནང་དུ་ཁྱོད་ཀྱིས་དགེ་རྒན་གྱི་ཐུགས་བློ་དང་མི་འཚམ་པའི་སྐྱོན་ཆ་སྟེ་འཁོན་རྡུང་རེས་བྱེད་པ་དང་། སློབ་གྲོགས་གཞན་ལ་མཚང་འབྲུ་བ། ཡང་ན་གྱང་ལྡེབས་ཀྱི་པར་རིས་བཀོག་པ། སྒོ་དང་སྒེའུ་ཁུང་གཅོག་པ་སོགས་བྱས་དུས་ངས་ཁྱོད་ལ་གཤེ་གཤེ་གཏོང་བ་དང་། ཚབས་ཆེ་ན་ཕྱག་ལག་འགུལ་བའི་དུས་ཀྱང་ཧ་ཅང་མང་མོད། འོན་ཀྱང་ནམ་རྒྱུན་གཤེ་གཤེ་གཏོང་བ་དང་བཀྲབ་ཐེངས་རེར་ཡུད་ཙམ་འགོར་རྗེས་སེམས་གཏིང་ནས་འགྱོད་པ་སྐྱེས་ཏེ་ཡུན་རིང་ལ་སེམས་ཁམས་མ་སྐྱིད་པའི་དུས་ཀྱང་ཡོད་ལ། རང་གིས་རང་ལ་དྲི་བ་ཚ་ནན་ཏུ་གཏོང་དུས་བྱིས་པ་བསམ་མེད་ཅིག་གི་བྱ་བྱེད་ལ་དེ་འདྲའི་ཁྲོ་བ་སྐྱེ་དོན་མི་འདུག་སྟེ། མི་ཞིག་ནར་སོན་པའི་གོ་རིམ་ཁྲོད་ནས་ནོར་འཁྲུལ་འབྱུང་ངེས་ལ་འབྱུང་འོས་པ་ཞིག་ཀྱང་རེད་སྙམ། ནམ་རྒྱུན་ཁྱོད་ཚོས་བདག་གི་ཕ་ཡུལ་གང་ཡིན་འདྲི་ཐེངས་རེར་ང་རྒྱལ་དང་བཅས་དང་བཤད་ན་འདོད་ཀྱང་བཤད་མ་ཕོད་ལ། དེའི་རྒྱུ་མཚན་ནི་འཛིན་གྲྭའི་ནང་དུ་བདག་དང་ཕ་ཡུལ་གཅིག་པའི་སློབ་གྲོགས་ཀྱང་ཡོད་པས། གལ་ཏེ་ཁྱོད་ཚོའི་སེམས་ནས་ཁོ་ཚོར་ཡིད་སྨོན་སྐྱེ་བའམ་ཡང་ན་དགེ་རྒན་ལ་ཕྱོགས་རེས་ཡོད་ངེས་སྙམ་ཨེ་འགྲོ་བསམ་སྟེ་བཤད་མ་སྤོབས་པ་ཡིན། དེ་བཞིན་དུ་རང་རེའི་འཛིན་གྲྭའི་ནང་དུ་བདག་གི་གཉེན་ཉེའང་ཡོད་མོད། འོན་ཀྱང་ད་བར་དུ་ངས་ཁོ་ཚོ་ལ་དགའ་དུང་དུང་གི་སྐད་ཆ་ཚིག་གཅིག་བཤད་མ་མྱོང་ལ་ཁོ་ཚང་གི་འཚོ་བའི་གནས་ཚུལ་ཙམ་ཡང་འདྲི་མ་མྱོང་། འདི་དག་ཚང་མའང་ཁྱོད་ཚོར་འདང་བརྒྱབ་པ་ལས་ཤ་ཉེ་ལ་བརྩེ་བ་མེད་པ་ག་ལ་སྲིད། བདག་གིས་འདི་ལྟར་བརྗོད་སྐབས་ཁྱོད་ཚོ་ཡ་མཚར་ཡང་སྲིད་ལ། ད་གཟོད་བདག་གི་གཉེན་ཉེ་དེ་སུ་ཡིན་ལ་རྩད་གཅོད་སྲིད་ལ། ཡང་བསྐྱར་བདག་གི་ཕ་ཡུལ་གང་ཡིན་འདྲི་ཡང་སྲིད། ཐེངས་ཤིག་ཁྱོད་ཚོའི་བདག་གི་སྐད་ཆ་བརྗེད་དེ་སྒྲིག་ལམ་དང་གཙང་སྦྲ་ལ་དེ་འདྲའི་དོ་སྣང་མི་བྱེད་སྐབས། ངས་ཁྱོད་ཚོར་ཚོད་བགམ་སྟེ་སྐྲག་ཕུད་ཆེད་དེ་རིང་ནས་བཟུང་ང་ཁྱོད་ཚོའི་འཛིན་བདག་མི་བྱེད་པ་དང་ཡི་གེ་ཡང་ཁྲིད་མི་ཐུབ་ཅེས་སྐྱོ་སྣང་དང་བཅས་བཤད་པར། ཁྱོད་ཚོ་ངུས་ཏེ་མིག་ཟུང་དམར་པོར་གྱུར་བ་དང་། ང་ལ་འཐམ་སྟེ་ཞུ་བ་འབུལ་སྐབས་ང་རང་ནོངས་འགྱོད་གཏིང་ནས་སྐྱེས་ཤིང་ཡ་ཆུང་རལ་གྲིས་གཤགས་པ་ལྟར་གཟེར་ལམ་མེར་སོང་ལ། དུས་དེ་ནས་བཟུང་ཁྱོད་ཚོ་ནི་ཡ་རབས་ཚུལ་ལྡན་གྱི་མི་རབས་ཤིག་ཡིན་པར་ཡིད་ཆེས་རྙེད་ལ། ཁྱོད་ཚོ་ལྟ་བུའི་སློབ་བུ་ནི་རང་གི་གཟི་བརྗིད་དུ་རློམ་མྱོང་། གཏམ་རྒྱུད་འདི་དག་ནི་ང་རང་ཁོ་ནར་གཏོགས་པ་ཞིག་མ་ཡིན་ཏེ། འདིར་བཞུགས་ཀྱི་རང་རེའི་དགེ་རྒན་ཀུན་ལ་ཡོད་པའི་གསང་བ་ཡང་གསང་ཞིག་ཡིན་ལ། བདག་གི་དགེ་གྲོགས་ཀུན་ལ་ཧ་ཅང་ཆ་རྒྱུས་ཡོད་པའི་དཔེ་གསོན་པོ་དག་ཡིན། བདག་གིས་གོ་ཐོས་ལྟར་ན། ཁྱོད་ཅག་བྱིས་པ་ཚོའི་འཚོ་བའི་ཆེད་དུ་སློབ་གཙོ་ཟླ་བ་ཡི་རྨི་ལམ་ཡང་ཡང་འཁྲུགས་མྱོང་བ་ཀུན་གྱིས་རྟོགས་ཤིང་། དགེ་རྒན་དོན་གྲུབ་ཀྱི་མཁལ་མ་ནད་ཀྱིས་བཟུང་ཡང་བྱིས་པ་ཚོ་སྐྱུར་མ་ཐུབ་པ་དེ་དོན་དངོས་ཡིན། དགེ་རྒན་ཚེ་འཛིན་ལ་དགོང་སྦྱོང་ཡོད་པས་བྱིས་སྐྱོང་ཁང་གི་བུ་མོ་ཆུང་ཆུང་དེ་གཞན་ལ་བཅོལ་དགོས་བྱུང་བའང་བདེན་ལ། ཁྱོད་ཚོ་བྱིས་པ་དག་གི་སྟབས་ཀྱིས་དགེ་རྒན་ལྷ་མོ་རང་གི་ཚ་མོའི་གཉེན་སྟོན་ལ་འགྲོ་མ་ཐུབ་པའི་འགྱོད་སེམས་དེ་སུས་ཀྱང་མི་རྟོགས་ལ། བྱིས་པ་ཚོའི་ཆེད་དུ་དགེ་རྒན་བཀྲ་ཤིས་སྡེ་བའི་འདུ་འཛོམས་ལ་ཞུགས་མ་ཐུབ་པའི་ནོངས་འགྱོད་དེ་ནམ་ཞིག་ལ་སངས་ཐུབ། བྱིས་པ་འདི་ཚོའི་རྐྱེན་གྱིས་དགེ་རྒན་པ་སངས་ཚང་གི་བཟའ་མི་ལྷན་འཛོམས་བྱུང་མ་ཐུབ་པའང་ཁོ་ཐག་ཡིན་ལ། འཛིན་གྲྭའི་བདེ་འཇགས་ལ་སེམས་ཁུར་བྱས་ཏེ་འཛིན་བདག་བདེ་སྐྱིད་གཉིད་མ་ཁུགས་པའང་ག་ལ་རྫུན། དེ་ཡང་ལོས་ཡིན་ཏེ། དགེ་རྒན་བདེ་དབྱངས་སྨན་ཁང་དུ་བསྡད་པ་ཐོས་ཚེ་སློབ་བུ་ཚོས་ཁ་པར་འཕྲོག་རེས་བྱས་ཏེ་ཁམས་བདེ་ཞུ་མྱོང་བ་དང་། དགེ་རྒན་སྐལ་བཟང་ལ་འོ་མ་དམ་བུ་གང་རེ་ལུང་གསུམ་གྱི་མདའ་ནས་ཁྱེར་ཡོང་མཁན་ཡང་ཁོང་གི་སློབ་བུ་ཚོ་ཡིན་ལ། སྔ་རྗེས་འཕྲོག་རྩོད་ཀྱིས་རྒན་མཚོ་མོ་ལ་རྐུབ་སྟེགས་འབུལ་མཁན་ཡང་ཁོ་ཚོ་མ་ཡིན་ནམ། དངོས་གནས་བདེན་ཏེ། ང་ཚོ་དགེ་རྒན་དག་གིས་འདི་ལྟར་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་བློ་སེམས་རྣལ་དུ་ཕབ་སྟེ་ཁྱོད་ཚོའི་ཕ་མ་དག་གི་ཚབ་ཏུ་ཁྱོད་ཅག་བྱིས་པ་དག་ཁ་ཞེ་གཉིས་མེད་ཀྱིས་གཉོར་སྐྱོང་དང་གསོ་སྐྱོང་གནང་བ་ཡིན་ལ།
སློབ་བུ་དག་གི་སེམས་སུ་དགའ་དུངས་དང་དད་གུས། དྲིན་གྱིས་བརྟས་ཡོད་པ་ང་ཚོས་ཀྱང་ཚོར་བྱུང་ལ། ང་ཚོ་དགེ་རྒན་དག་གིས་འདི་ལྟར་ཁྱོད་ཚོའི་སེམས་ཁམས་ཀྱི་བདེ་སྡུག་ལ་བསམ་བློ་ཚ་ནན་ཏུ་གཏོང་བཞིན་ཡོད་པ་ཁྱོད་ཚོས་ཤེས་ཡོད་དམ། དེ་རིང་འདིར་བཞུགས་ཀྱི་དགེ་རྒན་ཁྲོད་ན་ཁྱོད་ལ་ཀ་ཁ་བསླབས་མཁན་གྱི་དགེ་རྒན་དག་ཡོད་དེ། སྐབས་དེའི་ཁྱོད་ཚོ་ནི་དངོས་གནས་བྱིས་པ་ཀླད་ལོག་ཤ་སྟག་སྟེ། དགེ་རྒན་གྱིས་ཞ་སྨྱུག་ལག་ཏུ་བཞག་ན་ཁ་རུ་འཇུག་པ་དང་། ལས་བྱ་ཕྲིས་ཟེར་བ་ཐོས་ཚེ་ངུ་དངངས་བྱས་ཏེ་འབྲི་དེབ་མི་རྙེད་ཟེར་ལ།ཡང་ན་ཞ་སྨྱུག་ལ་ཁ་མི་འདུག་ཟེར་ནས་དངངས་སྐྲག་སྐྱེ་འོང་། སྐབས་འགར་སློབ་ཁྲིད་མགོ་རྩོམ་དུས་ངའི་མགོ་ན་ཞིང་སོ་གཟེར་འདུག་ཟེར་ལ། ཡང་མཚམས་རེར་ཞྭ་ཡོད་ན་ལྭ་བ་གར་བཞག་མི་ཤེས་པར་དགེ་རྒན་བཙལ་ཡོང་ལ། སྨྱུག་སྒམ་དང་དཔེ་དེབ་ཀྱང་བོར་འགྲོ ད་ལྟའི་ཁྱོད་ཚོ་ནི་དེ་ལས་ལྡོག་སྟེ་ཚུར་དགེ་རྒན་ལ་སེམས་ཁུར་བྱེད་རྒྱུའང་ཤེས་འདུག་སྐད། འདི་ལྟར་ལོ་ཐོག་ལ་ཟླ་བརྩེགས་ཏེ་སློབ་མཐར་ཕྱིན་པར་ད་ལྟ་ཕྱིར་འདང་ཞིག་བརྒྱབ་ཚེ་མིག་ལ་མཆི་མ་མི་འཁོར་བའི་ངེས་པའང་ག་ལ་ཡོད། དེ་མིན་ཁྱོད་ཚོ་ལོ་རིམ་གཉིས་གསུམ་བཞི་ལྔའི་སྐབས་ཀྱི་དགེ་རྒན་དག་ཀྱང་འདུག་པས། དེ་རིང་ཁྱོད་ཚོ་རང་གི་དྲིན་ཆེན་གྱི་དགེ་རྒན་དང་མ་ཡུམ་སློབ་གྲྭ་ལ་ཁ་གྱེས་དགོས་པས་ཁོང་ཚོའི་ཕྱག་ལ་འཇུས་ཏེ་གྱེས་ཕྱག་འབུལ་རོགས།སྙིང་ཉེ་བའི་སློབ་གྲོགས་ཚོ། ཁྱོད་ཚོས་དགེ་རྒན་དག་གི་བསླབ་བྱ་དང་སྙིང་གཏམ་སེམས་ལ་བཟུང་སྟེ་མ་འོངས་པའི་སློབ་སྦྱོང་དང་མི་ཚེའི་ལམ་བུའི་སྟེང་སློབ་སྦྱོང་ལ་ལྡབ་འགྱུར་གྱིས་འབད་བརྩོན་བྱེད་པ་དང་། སྒེར་གཞུང་གང་རུང་གི་བྱ་འགུལ་འདྲ་མིན་སྣ་ཚོགས་ལ་ཧུར་བརྩོན་གྱིས་ཞུགས་ཏེ་གཟུར་དུ་ཟ་བའི་འབྲས་བུ་ཞིག་ལེན་པ་དང་། དྲིན་ཕ་ལ་ཁ་ལེན་ཚིག་བརྩི་ཡོད་པ། ཆེ་བཀུར་ཆུང་བྱམས་ཤེས་ཤིང་མི་གཤིས་དར་ལས་འཇམ་པའི་ཡ་རབས་ཚུལ་ལྡན་གྱི་མི་བཟང་པོ་ཞིག་བྱ་རྒྱུ་ནི་ངེད་དགེ་རྒན་རྣམས་ཀྱི་རེ་བ་ཡིན་ལ་ཁྱོད་ཚོའི་ཕ་མ་དག་གི་རེ་བའང་ཡིན་ངེས། རྗེས་ཕྱོགས་ཀྱི་སློབ་སྦྱོང་དང་བྱ་བའི་ཁོམ་གླགས་བར་ནས་ཁྱེད་ཚོས་མ་ཡུམ་སློབ་གྲྭ་དང་རང་གི་དགེ་རྒན་ལ་ཡང་ཡང་བལྟ་རུ་ཡོང་བར་དགའ་བསུ་དང་རེ་བ་སྙིང་ནས་ཞུས་པ་ཡིན།
དེ་རིང་འདིར་ཕེབས་ཀྱི་རྒྱ་ཆེ་བའི་ཁྱིམ་བདག་རྣམ་པ། སྔོན་ཆད་རང་གི་སྙིང་ཉེ་བའི་བུ་ཆུང་ལ་དགེ་རྒན་སུ་ཡིས་བཀའ་བཀྱོན་དང་གཤེ་གཤེ་གནང་མྱོང་ན། ད་ནི་རྒྱུན་ལྡན་ཤིག་ཏུ་བལྟ་དགོས་པའི་དུས་ལ་སླེབས་ཡོད་དེ།རྒྱུ་མཚན་ནི་ང་ཚོ་དགེ་རྒན་དག་གིས་དཀའ་ལེ་སྐུ་ཚེགས་གང་མང་མྱངས་མཐར་ཁྱོད་ཀྱི་སྙིང་དང་འདྲ་བའི་བྱིས་པ་དག་བདེ་ཐང་དང་སྐྱོན་བྲལ་བའི་ངང་སློབ་མཐར་ཕྱིན་དུ་བཅུག་པ་ཡིན། འོན་ཀྱང་འུ་ཅག་གིས་སློབ་སྦྱོང་ཁོ་ནའི་ཕྱོགས་ནས་བསམ་བློ་བཏང་སྟེ་བཤད་ན། གནས་སྐབས་སུ་མཛུབ་མོ་ལྔ་བོར་རིང་ཐུང་ཞེས་པའི་དཔེ་ལྟར་མི་ཞིག་གི་ཤེས་རབ་དང་འབད་བརྩོན། བློ་ནུས་སྨིན་མ་སྨིན་གྱི་ཁྱད་པར་གྱིས་བར་ཁྱད་ཅུང་ཙམ་མེད་པ་མི་སྲིད་མོད། ཡིནཡང་ཁྱེད་ཀྱིས་བུ་ཕྲུག་དང་དགེ་རྒན་ལ་འཁང་ར་བྱེད་མ་སྔ་དང་། ཉི་མ་སྤྲིན་རིམ་ནས་འབུད་པའི་དུས་ཀྱང་ཤིན་ཏུ་མང་བ་སྟེ། བྱིས་པའི་མ་འོངས་པའི་འཇོན་ནུས་དང་མདུན་ལམ་ནི་སུས་ཀྱང་ཚོད་དཔག་བྱེད་དཀའ་བ་ཞིག་རེད། དེ་བས་ཐུགས་སེམས་ལྷོད་ལྷོད་གནང་སྟེ་རང་གི་བྱིས་པ་དག་གི་དབང་བོའི་སྐྱེ་འཕེལ་དང་བསྟུན་ཏེ་ཡང་དག་པའི་སློབ་གསོ་གནང་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེ་བ་རེད། གནས་སྐབས་སུ་ཁྱོད་ཚོའི་བུ་བུ་མོ་རེ་གཉིས་སློབ་སྦྱོང་ལ་ཞན་ཙམ་དུ་སྣང་ཡང་། དེ་འདྲའི་འཚུབ་ཆ་ལངས་དགོས་པ་མི་འདུག་སྟེ། ཁྱོད་ཚོའི་བུ་དང་བུ་མོ་གང་གི་ཡ་རབས་གཤིས་བཟང་ལ་ང་ཚོ་དགེ་རྒན་དག་གིས་བསྟོད་བསྔགས་དང་ཡི་རང་བྱེད་བཞིན་ཡོད་ལ། འདི་འདྲའི་མི་གཤིས་བཟང་པོ་ནི་ད་ལྟའི་དུས་ཚོད་འདིར་གསེར་ལས་ཀྱང་རིན་ཐང་ཆེ་བར་ངོས་འཛིན་བྱེད་ཀྱིན་ཡོད།
ང་ཚོ་བོད་བྱམས་ལྡན་ཕྲེང་འཛིན་པའི་རྒྱུད་པ་འུ་ཅག་གིས་མི་རབས་ནས་མི་རབས་བར་དགེ་རྒན་ནི་རང་གི་བྱིས་པའི་ཁོག་ཏུ་གསེར་ལྡུག་མཁན་ཡིན་པ་དང་། དྲིན་ཕ་མའི་ཚབ་ཏུ་བྱིས་པ་གསོ་སྐྱོང་གནང་མཁན་ཞིག་ཏུ་ངོས་འཛིན་གནང་སྟེ་དགེ་རྒན་དག་མགོ་བོའི་ཞྭ་ལྟར་བཀུར་བའི་མི་རིགས་འདིའི་ཡ་རབས་ལུགས་སྲོལ་བཟང་པོ་རྒྱུན་འཛིན་གྱིས། དེ་འདྲའི་ལྷག་བསམ་དང་སེམས་རྒྱ་ཡིས་ང་ཚོ་དགེ་རྒན་དག་དང་སློབ་གྲྭ་ལ་ད་བར་དུ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་དང་།མ་འོངས་པའི་སློབ་གསོའི་ལམ་བུ་ལ་ཡང་འདི་འདྲའི་ལྷག་བསམ་དཀར་པོ་དང་ཐུགས་བསམ་རྣལ་དུ་བཞེས་པར་བདག་གིས་ས་གནས་འདི་དང་རྒྱ་ཆེའི་དགེ་རྒན་དག་གི་ཚབ་བྱས་ཏེ་རེ་བ་ཡང་ཡང་ཞུས་པ་ཡིན།
བཀའ་དྲིན་ཆེ།
བསོད་ནམས་རྡོ་རྗེ་ནས།

༢༠༡༦ལོའི་ཟླ༧པའི་ཚེས༡༠ཉིན།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།