ས་མཐའི་ཤོག་ཐུར་འགའ།

ས་མཐའི་ཤོག་ཐུར་འགའ།

[ས་མཐའི་ཤོག་ཐུར་འགའ་བརྡ་འཕྲིན་གྱི་རླུང་འཚུབ་ལ་འདྲེས་དུས། ས་མཐའ་རེད་བསམ་ནས་ཀུ་ཡངས་གཏོང་མི་འདོད་ལ། ཤོག་བུ་སྤུས་དག་རེད་བསམ་ནས་ཉོ་འདོད་དེ་བས་མེད། རྒྱུ་མཚན། ཤོག་ཐོག་གི་ཞེ་མེར་བའི་ཚིག་གྲུབ་དེ་དག་གིས་ངེད་གངས་ཅན་པའི་བུ་རབས་ཚ་རྒྱུད་ཀྱི་ངག་ལ་རྨ་འབྱིན་གྱི་རེད།]

“ཡུལ་འཁྱར་བ་དང་གནས་སྡོད་པའི་གཞིས་བྱས་ཀྱང་ལྷང་ལ་འབུད་ངེས་རེད།་་་་་” འདང་རྒྱགས་ཕྱོགས་ཤིག་གིས་ཚིག་རྐང་འདི་ལྟ་བུ་ཞིག་མིད་སྒོར་འཚང་སོང་། འདི་ནི་ལོ་རབས་བརྒྱད་ཅུའི་ནང་གི་མི་རབས་ཤིག་གི་ཆེས་སྙིང་དུ་གནག་པའི་རེ་བ་སྟེ། ད་ལྟ་ད་དུང་ཡང་། རེ་བ་འདི་ནི་ཉི་གྲོང་གི་མི་རབས་ཤིག་གིས་སེམས་སུ་ཉར་ཞིང་ངག་ཏུ་བཟློ་བཞིན་འདུག

ང་རང་འདུག་སའི་རི་བོ་འདིའི་གཡས་གཡོན་ཐམས་ཅད་ནགས་ཚལ་གྱི་རྫོང་སྟུག་ཅིང་། བྲག་ངོས་སུ་འབབ་པའི་ལང་ཚོའི་རྦབ་ཆུ་ལ་ཉེ་བར་བཅར་མཁན་ཧ་ཅང་མང་ལ། ངོ་ཤ་མཐུག་ཅིང་ཁ་ཤོམ་ཆེ་བའི་སྲིད་དོན་གྱི་སྒྲ་དག་སྔ་དགོང་བར་གསུམ་དུ་ཁྱོད་ཀྱི་རྣ་ལམ་དུ་རྒྱུ་ངེས། ཡིན་ནའང་། ས་འདི་ནི་”ཉི་ཧོང་གི་བཙན་གཡར་ས་ཆ་”ལྟ་བུ་མ་ཡིན་པར་རང་དབང་གི་སྒོ་མོ་ཧ་ཅང་ཆེ། དེ་བས་ཆུང་དུས་ནས་ལོབས་པའི་ཕ་སྐད་ཀྱི་རིན་ཐང་ལས་མར་ཆུར་རྩམ་གསུམ་དང་། ཤ་མར་ཐུལ་གསུམ་ཉོ་ཐུབ། འདི་ནི་སྐད་ཡིག་གིས་མི་ཚེ་ལ་བཞག་པའི་རྒྱག་ཕྱེ་མ་རེད་དམ།

ས་འདི་ན་”མ་ཤེས་པ་རྒན་ལ་དྲིས”ཞེས་པའི་གཏམ་དེའི་མགོ་འཇུག་ལྡོག་པ་ལྟ་བུར། རྒན་རབས་པས་གཞོན་རབས་པར་ཁ་བལྟ་བྱེད་ཅིང་། གཞོན་རབས་པའི་འགྲོ་འདུག་སྤྱོད་གསུམ་རྒན་རབས་པས་སྦྱང་པའི་སྲོལ་ཆུང་ཞིག་དར་ཡོད། ད་རུང་དགུང་ཉི་ཟླའི་དབུ་བསྟོད་ལ་གྲགས་པ་རབ་ཏུ་འབར་བའི་རིན་ཆེན་ཐུགས་རྗེ་ཞིག་གི་རྒྱབ་རི་བཀན་མོ་དེའི་ལམ་སྟོན་གྱི་སྒྲོན་མེ་དག ཁ་ལ་བྱང་བའི་རིགས་རྒྱུད་དེ་ནི་གངས་འདབས་ནས་བཙན་ལ་བྱོལ་པའི་མི་རབས་ཤིག་སྟེ། དུས་རབས་ཤིག་གི་ཕྱེད་ཀ་ས་མཐའ་ནས་བསྐྱལ་བའི་མདོ་དབུས་མཐོ་སྒང་གི་རྣམ་ཤེས་དུམ་བུ་ཞིག་ཡིན་ནའང་། ཁྱོད་ཀྱིས་ཐོས་མྱོང་ཡོད་མོད། རྡོག་རྡོག་ཏུ་བཤད་ན། ཁོ་ཚོ་འདི་ལྟར་ས་མཐར་ལྷག་དོན། མི་རིགས་ཤིག་དང་དེའི་རིག་གཞུང་གི་མཐུག་ས་དག་ལ་རྨ་མི་འབྱིན་ཆེད་རེད། དེ་བས་ངའི་ཀླད་ཆེན་གྱི་ལྷུ་ལག་བར་དུ། “ཡུལ་འཁྱར་བ་དང་གནས་སྡོད་པའི་གཞིས་བྱས་ཀྱང་ལྷང་ལ་འབུད་ངེས་རེད།”1ཅེས་པའི་སྙན་ཚིག་འདི་འཁོར་གྱིན་འདུག

ཤོག་ཐུར་རྒྱུ་སྤུས་ཅན་འགའ་ཡིས་ནམ་རྒྱུན་ང་དང་མཉམ་དུ་ཡོད་པའི་བརྡ་འཕྲིན་གྱི་གསེབ་ནས་ཀླན་ཀ་བཙལ་སྟེ། སུ་ཞིག་ཨ་རིའི་གཟའ་འཇུག་གི་ཁ་སྐད་སློབ་དེབ་ཉོ་རུ་འགྲོ་བམ་ཟེར་ནས་འུར་རྒྱག་མཁན་གྱི་རྣམ་ཤེས་མང་པོ་ཞིག་གངས་འདབས་ཀྱི་ཆུ་འཐུང་མྱོང་མཁན་ཤ་སྟག་རེད་ལ། ཤོག་ཐུར་དེ་དག་གི་ཐོན་ཁུངས་ནི་དེ་བས་ཀྱང་རང་ག་བ་ཞིག་ག་ལ་ཡིན། མི་རིགས་ཤིག་གི་སོན་རྩར་ཁ་ལོ་བཏུལ་ས་སྟེ། གངས་འདབས་ན་ལྷག་པའི་རེ་བ་ཞིག་གི་ཁོག་སྟོད་རེད།

ས་མཐའ་ནི་གངས་འདབས་ཀྱི་རྩ་དོན་ལ་ཁེན་ཞིང་། གངས་འདབས་ཀྱི་རྣམ་ཤེས་ནི་ས་མཐའི་རྐང་ལག་གི་འགུལ་བསྐྱོད་ཁྲོད་ལ་ཟུག་དུས། ཤོག་ཐུར་རྒྱུ་སྤུས་ཅན་དེ་དག་གིས་མི་སེམས་སུ་རྨ་ཁ་བཟོས་པ་ཉུང་འདུག་གམ་་་་
སློབ་དེབ་་་་་སློབ་དེབ་་་་་་ ཨ་རིའི་གཟའ་འཇུག་ལགས། གནས་སྐབས་བདེ་མོ།

2016/08/06ལ།

1འ དི་ནའང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་ཅེས་པ་ལས་དྲངས། རྩོམ་གྱི་དྲ་བྱ

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།